བོད་ཀྱི་
ཨུ་ཐུག་དང་ཐབས་ཟད།
བོད་མིའི་ཁྲོམ་སྐོར་རིགས་གཉིས།
བོད་ཕྱི་ནང་གཉིས་ན་ཁྲོམ་སྐོར་རིགས་གཉིས་ཡོད་ལ། གཅིག་ནི་རྒྱ་ནག་གི་མཚོན་འོག་ནས་ལངས་བཞིན་པའི་ངོ་རྒོལ་ཁྲོམ་སྐོར་ཡིན། ཅིག་ཤོས་ནི་དེ་དག་གི་ཆེད་དུ་གདུང་སེམས་མཉམ་སྐྱེད་བྱེད་པའི་མར་མེ་ཁྲོམ་སྐོར་ཡིན།
བདུན་ཕྲག་འདིའི་ནང་དུ་གཞིས་བྱེས་བོད་མི་ཚོས་རང་རང་གི་ས་ནས་གོང་གི་ཁྲོམ་སྐོར་དེ་གཉིས་བྱས། ཡིན་ཡང༌། ལས་འགུལ་འདི་གཉིས་ལ་ཁྱད་པར་ཆེ་བ་ནི་ལས་འགུལ་གྱི་ཛ་དྲག་རང་བཞིན་གཅིག་པུ་མིན་པར། ངོ་བོ་དང་སྒྲུབ་བྱའི་ཐད་ནས་ཡིན། དཔེར་ན། ཕར་ཕྱོགས་ནས་ཨུ་ཐུག་སྟེ་ལས་འགུལ་དེ་སྤེལ་ཞིང༌། ཚུར་ཕྱོགས་ནས་ཐབས་ཟད་ནས་དེ་ལྟར་དུ་སྤེལ། འདིའི་ཁྱད་པར་ནི་ང་ལས་ཀྱང་གངས་སྐྱིད་ཀྱི་ལས་བྱེད་ཅིག་ལ་སྟབས་བདེ་མོ་རེ་བཤད་རྒྱུ་འདུག རྒྱ་ནག་གཞུང་གིས་སྡོད་མ་བཅུག་ནས་བོད་ནང་གི་ངོ་རྒོལ་འདི་དག་འབྱུང་གི་ཡོད་པ་རེད། ཡིན་ཡང་ང་ཚོས་གནས་སྟངས་ཀྱི་འོག་ནས་འདི་ལས་ལྷག་པ་ཞིག་ག་རེ་བྱེད་ཐུབ་གི་རེད་ཟེར། འདི་ནི་ད་སྐབས་བོད་མིའི་བར་དུ་ཚབས་ཆེ་བའི་ཁག་འཁུར་གྱི་གནད་དོན་ཞིག་ཏུ་འགྱུར་ཉེན་ཆེ།
ཕྱི་ཚེས་ ༡༦ ཉིན་བོད་མི་བཞི་བརྒྱ་ལྷག་གིས་ལི་ཐང་རྫོང་ཐོག་ཏུ་སྐད་འབོད་ཁྲོམ་སྐོར་བྱས་པ་དང༌། དེའི་ཁྲོད་ནས་མི་ ༢༠ ད་ལྟ་བཙོན་དུ་ཚུད་ཡོད་ལ། མང་པོ་ཞིག་ག་ལེར་བཙུར་ནས་འཇུ་ངེས་པ་ཡིན། ཕྱི་ཚེས་ ༡༧ གྱི་དགོང་མོ་ངྷ་སའི་བོད་མི་ ༤༠༠ ལྷག་གིས་ལི་ཐང་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་བཞུགས་སྒར་ནས་མར་མེ་ཁྲོམ་སྐོར་བྱས། ང་ཚོས་ཤེས་གསལ་ལྟར། གཞིས་ལུས་བོད་མི་རྣམས་ཀྱིས་༧གོང་ས་མཆོག་དང་བྱེས་ཀྱི་བོད་མི་རྣམས་ཕྱིར་རང་གི་ཕ་ཡུལ་དུ་བསུ་ཆེད་རྒྱ་ནག་ལ་དགོས་འདུན་འདོན་པ་དང༌། རྒྱ་ནག་གཞུང་ལ་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་དེ་གླེང་གི་ཡོད་ལ། ཚུར་ཕྱོགས་ཀྱི་བོད་མི་ཚོས་ཁོང་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཐབས་ཙམ་བྱེད་ཀྱིན་ཡོད། ད་དུང་མི་འདྲ་ཆེ་ས་ཞིག་ནི་གཞིས་ལུས་བོད་མི་ཚོས་༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོར་རྒྱ་ནག་གི་ཁྲིམས་འོག་ནས་ཁག་འཁུར་བྱེད་ཀྱིན་ཡོད་ལ། བྱེས་ཀྱི་བོད་མི་ཚོས་རྒྱལ་སྤྱིའི་ཁྲིམས་ཀྱི་འོག་ནས་གཞིས་ལུས་སྤུན་ཟླ་ཚོར་ཁག་འཁུར་བྱེད་ཐུབ་གི་མེད།
ང་ཚོས་འདས་པའི་མི་ལོ་ ༢༠ རིང་བཙན་བྱོལ་གྱི་ཤེས་ཡོན་འཐུས་ཤོར་ལ་ཕྱིན་པའི་ཁར། རྒྱལ་སྤྱིའི་འབྲེལ་ལམ་ཡང་ཧ་ལས་པའི་འཐུས་ཤོར་ལ་ཕྱིན་ཏེ། དགུ་བཅུ་གོ་གྲངས་ནང་གི་རྒྱལ་སྤྱིའི་བོད་དོན་དོ་སྣང་གི་མཐོ་རླབས་དེ་བར་སྐབས་ཤིག་ནས་ཉམ་ཆག་ལ་ཕྱིན་ཚུལ་ཤེས་ཡོན་པ་རེ་ཟུང་གིས་ཤུགས་ཆེར་གླེང་གི་ཡོད། ད་སྐབས་ང་ཚོར་བོད་དོན་ལས་འགུལ་གྱི་རྣམ་གྲངས་ཀྱང་རྫོགས་ལ་ཉེ་ཞིང༌། ཐ་ན་རྒྱ་ནག་གི་ཡིག་ཆར་ལན་འདེབས་མེད་པའི་ལེ་ལོའི་རྣམ་པ་དང༌། གཞིས་ལུས་བོད་མིའི་ལས་འགུལ་དག་ལ་ཁ་ཚ་དུས་གཏུགས་ཀྱི་རྒྱབ་སྐྱོར་དང་ཁག་འཁུར་ཡང་བྱེད་ཐུབ་གི་མེད་པས། ང་ཚོས་ངེས་པར་དུ་རྣམ་པ་དང་བྱེད་ཐབས་གསར་པ་འཚོལ་བ་དང༌། དུས་སྐབས་གསར་བ་ཞིག་གི་འཐབ་རྩོད་ལ་གྲ་སྒྲིག་བྱེད་དགོས་པར་འདོད་དོ།།
བོད་དེ་ཉིད་དམག་སར་གྱུར་ཟིན་ལ།
བོད་མི་རྣམས་ནི་རྙི་ལ་ཐེབས་པའི་རི་དྭགས་ལྟར་དུ་གནས་ཡོད་པས།
ང་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་རྒྱ་ནག་གཞུང་ལ་ཡ་ང་སྙིང་རྗེ་མེད་པ་དེ་ས་རིས་ཐང་གསལ་རེད།
ད་ང་ཚོས་འདི་ལྟར་བཙན་བྱོལ་ནང་དུ་ལས་འགུལ་ཙག་ཙིག་རེ་སྤེལ་ཏེ་ད་དུང་མི་ལོ་ཧྲིལ་པོ་ལྔ་བཅུ་ཙམ་མི་ཡུལ་དུ་མི་གྱར་ཀ་མེད་ཆགས་སྲིད།
དོན་འགྲུབ་དགོས་ན་བཀྲ་ཤིས་དགོས། བཀྲ་ཤིས་དགོས་ན་མཐུན་སྒྲིལ་དགོས། མཐུན་སྒྲིལ་དགོས་ན་ཡིད་ཆེས་དགོས།། ཡིད་ཆེས་དགོས་ན་རྒྱུས་ལོན་དགོས། རྒྱུས་ལོན་དགོས་ན་འབྲེལ་བ་དགོས། འབྲེལ་བ་དགོས་ན་བརྩི་བཀུར་དགོས། དེ་བས་བོད་མི་ནང་ཁུལ་ཕན་ཚུན་གཞེས་བྱེས་དང་གསར་རྙིང་སོགས་ཀྱི་དབྱེ་བ་མི་ཕྱེས་བར་བོད་མི་ཡིན་པས་འདྲ་མཉམ་གྱི་འདུ་ཤེས་འོག་ནས་དད་པ་དམ་ཚིག་གཙང་མ་བྱེད་དོ།།