རྒྱ་གཞུང་གི་དམ་དྲག་འོག་བོད་ནང་གི་གནས་བབ་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང༌། གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་སོགས་ལ་བརྟེན། བོད་ནང་བསྐྱར་དུ་གྱེན་ལངས་བྱ་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་སྟབས། འཚེ་མེད་ཞི་བའི་སློབ་སྟོན་པ་སྐུ་ཞབས་ཨེ་བྷིར་གྷན་ཌི་ལགས་དང༌། ཁོང་གི་བཟའ་ཟླ་ལྕམ་སྐུ་རོ་བྷི་ཨེ་བྷིར་གྷན་ཌི་ལགས་གཉིས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཚེ་མེད་ཞི་བའི་ཟབ་སྤྱོང་སྤྲོད་ཀྱིན་པའི་གོ་སྐབས་དང་བསྟུན་ཏེ། ཕྱི་ཚེས་ ༡༧ ཉིན་འདི་གའི་གསར་འགོད་པ་ཤེས་རབ་དགའ་ཚལ་སློབ་གླིང་དུ་འཚེ་མེད་ཞི་བའི་ལས་འགུལ་སྐོར་ལ་བཅར་འདྲིར་སྐྱོད་སྐབས། ལྕམ་སྐུ་རོ་བྷི་ཨེ་བྷིར་གྷན་ཌི་ལགས་ཀྱིས། ངེད་གཉིས་ལོ་ན་རྒས་སྟབས་འཆོལ་གཏམ་རེ་བཤད་སྲིད་པ་རེད། དེ་འདྲ་བཤད་པ་ཡིན་ན་སྐུ་ཉིད་ཀྱིས་མཚམས་འཛིན་གནང་རོགས། སྤྱིར་མི་སུ་ཡིན་རུང་ཁོའི་བཤད་སྤྱོད་ནང་དགེ་སྐྱོན་གཉིས་ཀ་ཡོང་སྲིད་པ་རེད། དེ་ལ་འཚེ་མེད་ཞི་བའི་གདོང་ལེན་བྱས་ན། ཉམ་ང་དགོས་པ་དང་ཞེད་དགོས་པ་ཡོད་པ་མ་རེད། བཅས་རྩེད་མཚར་དང་བཅས་བཅར་འདྲི་དང་ལེན་བྱས་བྱུང༌།
དྲི་བ། ཐོག་མར་ཁྱེད་རྣམ་པ་གཉིས་ཀྱིས་སོ་སོ་ངོ་སྤྲོད་མདོ་བསྡུས་རེ་གནང་རོགས།
ལན། ལྕམ་སྐུ་རོ་བྷི་ཨེ་བྷིར་གྷན་ཌི་ལགས་ཀྱིས། ངེད་བཟའ་ཟླ་གཉིས་ནི་ཨ་རིའི་མི་སེར་དང་ཇེའུ་མི་རིགས་ཡིན། ངའི་མིང་ལ་རོ་བྷི་ཨེ་བྷིར་གྷན་ཌི་དང་ད་ལོ་རང་ལོ་ ༦༨ ཡིན། ངའི་ཁྱོ་ཀའི་མིང་ལ་ཨེ་བྷིར་གྷན་ཌི་ཟེར་ཞིང་ད་ལོ་རང་ལོ་ ༨༠ རེད། ཁོང་ཇེའུ་མི་རིགས་ཀྱི་བླ་མ་དང་སློབ་གྲྭ་ཞིག་གི་འཚེ་མེད་ཞི་བའི་སློབ་སྟོན་པ་རེད། ང་རང་སེམས་ཁམས་རིག་པའི་རིགས་གཅིག་རྐང་འཛིན་པ་ཡིན། སྔོན་མ་དྲུག་ཅུ་རེ་གྲངས་ནང་སྐྱེས་བུ་དམ་པ་མར་ཊིན་ལུ་ཐུར་ཁིན་གྱིས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་སྐབས། ངེད་བཟའ་ཟླ་གཉིས་མཉམ་ཞུགས་བྱས་ཏེ། མཐོང་ཐོས་ཉམས་མྱོང་གང་འཚམ་ཡོད་སྟབས། འཚེ་མེད་ཞི་བའི་ལས་འགུལ་ལ་ཡིད་ཆེས་ཆེན་པོ་ཡོད། ངེད་གཉིས་གཅིག་འཚེ་མེད་ཞི་བའི་དགེ་རྒན་དང་གཅིག་སེམས་ཁམས་རིག་པའི་ཆེད་མཁས་པ་ཡིན་སྟབས། ལས་དོན་ཐོག་ཕན་ཚུན་གཞོགས་འདེགས་ཀྱི་ནུས་པ་འདོན་ཐུབ་ཀྱིན་འདུག
དྲི་བ། ཁྱེད་རྣམ་པ་གཉིས་ཐོག་མར་བོད་དོན་ལ་དོ་སྣང་ཇི་ལྟར་བྱུང་བ་དང༌། བོད་མི་ཚོར་འཚེ་མེད་ཞི་བའི་ཟབ་སྦྱོང་སྤྲོད་དགོས་པའི་འདུན་པ་ཇི་ལྟར་སྐྱེས་པ་ཡིན་ནམ།
ལན། སྐུ་ཞབས་ཨེ་བྷིར་གྷན་ཌི་ལགས་ཀྱིས། སྤྱི་ལོ་ ༡༩༩༥ ལོར་ངེད་གཉིས་རྒན་ཡོལ་ཐོན་རྗེས། འཛམ་གླིང་གི་ས་ཆ་མང་པོར་ལྟ་སྐོར་དུ་ཕྱིན་པ་ཡིན། བལ་ཡུལ་དུ་འབྱོར་སྐབས་མི་མང་པོས་བོད་ནང་དུ་འགྲོ་དགོས་པའི་རྟིང་སྐུལ་བྱས་བྱུང༌། སྐབས་དེར་ལས་ཁུངས་ཤིག་གི་རྒྱབ་སྐྱོར་འོག་ལྷ་ས་དང་གཞིས་རྩེ། རྒྱང་རྩེ་བཅས་སུ་འཁྱུག་ཙམ་སྐྱོད་རྒྱུ་བྱུང་སོང༌། དུས་ཡུན་ཐུང་ཐུང་རིང་བོད་ནང་གི་གནས་ཚུལ་བཟང་ངན་མང་པོ་མཐོང་སྟེ་སེམས་པ་མ་སྐྱིད་པ་བྱུང་སོང༌། བོད་རིགས་གཞོན་སྐྱེས་མང་པོ་ཞིག་ཁོང་ཁྲོ་ཚ་བོ་དང་ང་རྒྱལ་ཆེན་པོ་ཞིག་ཏུ་མཐོང་སོང༌། གནས་སྟངས་འདི་དག་སེམས་ཁམས་རིག་པ་དང་འདས་པའི་ལས་ཀའི་ཉམས་མྱོང་ལས་བཤད་ན། མི་གཞན་གྱི་གནོན་ཤུགས་དང་སུན་གཙེར། ཡིད་ཆེས་བརླགས་པ་ལས་བྱུང་བ་ཞིག་རེད། ༧གོང་ས་ཏཱ་ལའི་བླ་མས་དུས་རྒྱུན་འཚེ་མེད་ཞི་བའི་ལམ་སྟོན་མང་པོ་གནང་ཡོད་ཀྱང༌། བོད་ནང་ནུས་པ་དེ་ཙམ་སླེབ་ཐུབ་ཀྱིན་མེད་པ་ལྟ་བུར་མཐོང་སོང༌།
དྲི་བ། ཁྱེད་རྣམ་པ་གཉིས་ཐོག་མར་འཚེ་མེད་ཞི་བར་དགའ་མོས་དང་ཡིད་ཆེས་ཇི་ལྟར་བྱུང་བ་དང༌། མི་གཞན་འཚེ་མེད་ཞི་བའི་ཐོག་རྟིང་སྐུལ་བྱ་རྒྱུའི་འདུན་པ་ཇི་ལྟར་སྐྱེས་སོང་ངམ།
ལན། སྐུ་ཞབས་ཨེ་བྷིར་གྷན་ཌི་ལགས་ཀྱིས། སྤྱིར་ང་རང་ཆུང་དུས་ནས་འཚེ་མེད་ཞི་བ་དང་འཛམ་གླིང་ཞི་བདེ་སོགས་ལ་དོ་སྣང་ཆེན་པོ་ཡོད། ཇེའུ་ཆོས་ལུགས་ནང་འཚེ་མེད་ཞི་བ་དང་བདེན་པར་སྐུལ་ལྕགས་མང་པོ་བྱས་ཡོད། ལྷག་པར་དུ་ང་རང་སློབ་ཆེན་སྐབས། རྡུན་ཕྲན་མཚོན་ཆ་དང་འབར་རྫས། དྲག་རྒོལ་ལ་དགག་རྒྱག་གི་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུར་དགའ་མོས་ཡོད། ཨ་རི་དང་ཝེ་ཐུ་ནཱམ་དམག་འཁྲུག་སྐབས། བདག་ཉིད་ཆེན་པོ་མར་ཊིར་ལུ་ཐུར་ཁིན་དང་མཉམ་དུ་བཙོན་ཁང་ནས་བསྡད་པ་ཡིན། ཞེས་དང༌། ལྕམ་སྐུ་རོ་བྷི་ཨེ་བྷིར་གྷན་ཌི་ལགས་ཀྱིས་དྲིས་ལན་ལ་ཁ་སྣོན་བྱས་དོན། མར་ཊིར་ལུ་ཐུར་ཁིན་གྱི་ཞི་བའི་ལས་འགུལ་སྐབས། ཨེ་བྷིར་གྷན་ཌི་ང་ཚོའི་གྲོང་ཁྱེར་ནང་བཀའ་སློབ་གནང་བར་སླེབས་སོང༌། ཁོང་གི་དཀའ་སློབ་དེས་ང་རང་ཡིད་འཕྲོག་པ་ཞིག་བྱུང་སོང༌། དེ་ནས་བཟུང་ངས་ཁོང་དང་སྐད་ཆ་བཤད་རྒྱུའི་གོ་སྐབས་བཙལ་ཏེ། མཉམ་དུ་ཇ་འཐུང་བ་དང་འཆམ་འཆམ་དུ་འགྲོ་བ་སོགས་བྱས་ཤིང༌། རིམ་གྱིས་ངེད་གཉིས་གཟའ་ཚང་ཆགས་པ་རེད་ཟེར།
དྲི་བ། འཚེ་མེད་ཞི་བའི་ཟབ་སྦྱོང་ཐོག་མར་ཇི་ལྟར་མགོ་འཛུགས་བྱས་ཡོད་པ་དང༌། བྱ་འགུལ་འདིར་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ལམ་སྟོན་འདྲ་ཡོད་དམ།
ལན། ལྕམ་སྐུ་རོ་བྷི་ཨེ་བྷིར་གྷན་ཌི་ལགས་ཀྱིས། བོད་ནང་གི་གནས་སྟངས་དེ་དག་མཐོང་སྟེ། ཕྱིར་རྒྱ་གར་ནང་ལོག་མ་ཐག འཚེ་མེད་ཞི་བའི་སློབ་དཔོན་སྐུ་ཞབས་རྗེན་ཞཱབ་ལ་འབྲེལ་བ་བྱས་ཏེ། བོད་ནང་ལ་དེ་འདྲའི་ལམ་སྟོན་མཁོ་གལ་ཆེ་ཚུལ་བཤད་པར་ཁོང་གིས་ཀྱང་མོས་མཐུན་གནང་བྱུང༌། ༡༩༩༨ ལོར་༧གོང་ས་ཏཱ་ལའི་བླ་མར་མཇལ་ཁ་རག་སྟེ་གནས་ཚུལ་རྣམས་སྙན་སྒྲོན་ཞུས་པ་ཡིན། སྐབས་དེར་༧གོང་ས་ཏཱ་ལའི་བླ་མའི་ཐུགས་ཧ་ཅང་མཉེས་པོ་གནང་བྱུང༌། དེའི་རྗེས་སྐུ་ཞབས་རྗེན་ཞཱབ་ལགས་ཀྱིས་བོད་གཞུང་གི་གཞུང་ཞབས་དག་ལ་ཟབ་སྦྱོང་ཁག་ ༣ གནང་ཡོད། སྐབས་དེ་ནས་བཟུང་བཙན་བྱོལ་བོད་པའི་ཚོགས་པ་སྒྲིག་འཛུགས་དང༌། གཞིས་ཆགས་ཁག་དང་སློབ་གྲྭ་སོགས་སུ་འཚེ་མེད་ཞི་བའི་ཟབ་སྦྱོང་ཐེངས་མང་སྤྲད་པ་ཡིན། ཞེས་དང༌། སྐུ་ཞབས་ཨེ་བྷིར་གྷན་ཌི་ལགས་ཀྱིས་ཀྱིས་དྲིས་ལན་ལ་ཁ་སྣོན་བྱས་དོན། ད་ལྟ་གསལ་བོར་དྲན་སོས་པ་ཞིག་ལ། ང་རང་༧གོང་ས་ཏཱ་ལའི་བླ་མར་མཇལ་སྐབས། རྗེའུ་བོའི་དུས་ཆེན་ཤིག་ཏུ་ཁེལ་འདུག་ལ། བོད་པའི་དགའ་ལྡན་ལྔ་མཆོད་ལའང་འཁེལ་འདུག སྐབས་དེར་ང་ཚོས་མཆོད་མེ་སྒྲོན་ཏེ་འཛམ་གླིང་ཡོངས་འཚེ་མེད་ཞི་བདེར་སྐྱོད་རྒྱུར་སྨོན་ལམ་བརྒྱབས་པ་ཡིན་ཟེར།
དྲི་བ། ནང་ཆོས་ནང་འཚེ་མེད་ཞི་བ་ཟེར་བ་དེ་ལུས་ངག་ཡིད་གསུམ་འཚེ་བ་མེད་པ་ཞིག་ལ་ཟེར་གྱིན་ཡོད་སྟབས། མང་ཚོགས་ཀྱིས་ཉམས་ལེན་བྱ་དཀའ་བ་ཆགས་ཡོད། སྐུ་ཉིད་ཀྱིས་འཚེ་མེད་ཞི་བའི་ལས་འགུལ་ཟེར་བ་དེ་ཚད་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་དམ།
ལན། ལྕམ་སྐུ་རོ་བྷི་ཨེ་བྷིར་གྷན་ཌི་ལགས་ཀྱིས། ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་གསུང་གིན་ཡོད་པ་དེ་ཧ་ཅང་ཚད་མཐོ་བོ་རེད། ཁོང་ཅག་གིས་གསུངས་པའི་ཚད་གཞི་དེ་ལས་མར་འབབ་དགོས། ང་ཚོས་འཚེ་མེད་ཞི་བ་ཟེར་བ་དེ་དངོས་ཡོད་ལག་ལེན་ནམ་བྱ་འགུལ་གྱི་ངོ་བོའམ་རྣམ་པ་ཞིག་ལ་ཟེར་གྱིན་ཡོད་ལ། དེ་ཡང་སེམས་ཀྱིས་སྒོམ་རྒྱུ་དང་ཁ་ནས་འདོན་རྒྱུ་ལྟ་བུ་མ་ཡིན་པར་འཚེ་བ་མེད་པའི་ཐོག་ནས་དགོས་འདུན་གྱི་ཕྱོགས་སུ་གོམ་པ་རེ་རེ་བཞིན་སྤོ་སྟངས་ཤིག་ལ་ཟེར་གྱིན་ཡོད། སྲིད་དོན་གྱི་དགོས་མཁོ་སྒྲུབ་བྱེད་ཀྱི་ལག་ཆར་བེད་སྤྱོད་གཏོང་དགོས། ངེད་གཉིས་ཀྱི་འཚེ་མེད་ཞི་བའི་ཟབ་སྦྱོང་སྤྲོད་སྟངས་དེ་ཟམ་གདོང་རིན་པོ་ཆེས་མཁྱེན་གི་རེད། ཟམ་གདོང་རིན་པོ་ཆེ་དང་ང་ཚོའི་བཀའ་མོལ་སྐབས། མཚམས་རེར་བསམ་ཚུལ་མི་མཐུན་པ་ཡོང་གིན་འདུག་མོད། ཁོང་གིས་ངེད་གཉིས་ཀྱི་ལངས་ཕྱོགས་ལ་མོས་མཐུན་དང་རྒྱབ་སྐྱོར་གནང་གིན་འདུག མི་ལ་སྐྱོན་ཕྲན་བུ་ཡང་མི་འབྱུང་ཟེར་ན་ཁག་པོ་རེད་དེ། གནོད་སྐྱོན་ཆེན་པོ་མེད་པར་ཕན་ཚུན་གཉིས་ཀར་ཕན་པའི་འཐབ་རྩོད་ཀྱི་འགུལ་སྐྱོད་ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
དྲི་བ། འཚེ་མེད་ཞི་བའི་ལས་འགུལ་སྤེལ་བར་ཆ་རྐྱེན་གང་དག་ཚང་དགོས་པ་དང༌། ལྷག་པར་དུ་བོད་ནང་ལ་མཚོན་ན་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཐབས་འདྲ་ཡོད་དམ།
ལན། སྐུ་ཞབས་ཨེ་བྷིར་གྷན་ཌི་ལགས་ཀྱིས། འཚེ་མེད་ཞི་བའི་ལས་འགུལ་དེ། ཚོགས་པ་དང་མི་མང་པོ་མཉམ་རུབ་ཀྱིས་སྤེལ་ཆོག་ལ། མི་སྒེར་བ་རེ་རེས་སྤེལ་ཡང་ཆོག འཆར་གཞིེ་ཨང་དང་པོ་ཡིན། ཉུང་མཐར་ཟླ་བ་གསུམ་བཞིའི་གོང་ནས་འཆར་གཞི་སྒྲིག་དགོས། བཟང་ཕྱོགས་དང་ངན་ཕྱོགས་གཉིས་ཀར་གྲ་སྒྲིག་ཨང་གསར་དགོས། གལ་སྲིད་འཆར་གཞི་ལམ་ལྷོང་མ་བྱུང་ན། དེ་ལ་གདོང་ལེན་བྱེད་ཕྱོགས་ཀྱང་སྔོན་ལ་གྲ་སྒྲིག་དགོས། སྐུ་ཞབས་རྗེན་ཞཱབ་ལགས་ལ་འཚེ་མེད་ཞི་བའི་སྐོར་གྱི་གསུང་རྩོམ་དག་ལས། སྲིད་དབང་སྒེར་འཛིན་ལམ་ལུགས་ནས་དམངས་གཙོར་སྒྱུར་ཐབས་དང༌། འཚེ་མེད་ཞི་བའི་ལྟ་གྲུབ་དང་ཉམས་ལེན། ཞེས་པའི་དེབ་གཉིས་བོད་སྒྱུར་བྱས་འདུག དེ་དག་བོད་ཕྱི་ནང་གཉིས་སུ་མ་ཟད། རྒྱ་མི་རིགས་ལའང་འཚེ་མེད་ཞི་བའི་གོ་རྟོགས་རྙེད་ན་འཚོ་གནས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་ལ། མི་སྒེར་སོ་སོའི་དགོས་འདུན་རྩོད་ལེན་ལ་ནུས་པ་ཆེན་པོ་ཡོད། འཛམ་གླིང་གི་སྐྱེས་བུ་ཚང་མ་འཚེ་མེད་ཞི་བའི་ལམ་དུ་སྐྱོད་ཐུབ་ན། འཛམ་གླིང་ཞི་བདེ་དང་མཐུན་སྒྲིལ་མཉམ་གནས་ཡོང་གི་རེད།
དྲི་བ། འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་གང་དག་གིས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཏེ་མངོན་འདོད་གྲུབ་ཡོད་པ་དང༌། འཚེ་མེད་ཞི་བའི་ལས་འགུལ་སྤེལ་སྟངས་གང་འདྲ་ཡིན་ནམ།
ལན། ལྕམ་སྐུ་རོ་བྷི་ཨེ་བྷིར་གྷན་ཌི་ལགས་ཀྱིས། སེར་བྷི་ཡ་ལུང་པའི་འཚེ་མེད་ཞི་བའི་ལས་འགུལ་སྐབས། མགོ་ཁྲིད་མཁན་སློབ་ཕྲུག་དགའ་ཡིན། དབྱིན་གཞུང་གིས་རྒྱ་གར་མི་སེར་ལ་ཚྭ་ཁྲལ་ལེན་སྐབས། གྷན་ངྷི་མཆོག་གི་སྣེ་ཁྲིད་འོག ཞི་བའི་གོམ་བགྲོད་བྱས་ཏེ་ཚྭ་ལེན་དུ་ཕྱིན་པ་རེད། ལྷོ་ཕྱོགས་རྒྱ་མཚོའི་ཁ་ནས་གྷན་ངྷི་ཡིས་ཚྭ་སྤར་མོ་གང་ཡར་བཏེགས་ཏེ། ཐེངས་འདིའི་གོམ་བགྲོད་དེ་ཧ་ཅང་རླབས་ཆེན་རེད། དབྱིན་གཞུང་ལ་ཚྭ་ཁྲལ་སྤྲོད་པའི་ལམ་སྲོལ་གཏོར་བ་ཡིན། ཞེས་གསུངས་ཡོད། ཨ་ལེ་བྷ་མའི་ནང་དུ་སྤྱི་སྤྱོད་རླངས་འཁོར་མདུན་དང་སྒེའུ་ཁུང་ཟུར་ནས་ཤ་མདོག་ནག་པོའི་མི་རིགས་སྡོད་མི་ཆོག་པའི་སྐབས ༡༩༥༥ ལོར་ཟ་ཁང་དུ་ལས་ཀ་བྱེད་མཁན་བུད་མེད་ཅིག་གིས་སྣེ་ཁྲིད་དེ། ལོ་གཅིག་ཧྲིལ་བོར་མི་རིགས་ནག་པོ་ཡོངས་རྫོགས་རླངས་འཁོར་ལ་བསྡད་མེད། ཅེས་དང༌། སྐུ་ཞབས་ཨེ་བྷིར་གྷན་ཌི་ལགས་ཀྱིས་དྲིས་ལན་ལ་ཁ་སྣོན་བྱས་དོན། ཧཕེ་ལི་པེན་དུ་མི་སེར་གྱིས་གྱེན་ལངས་བྱས་སྐབས། ངོ་རྒོལ་བ་ཚོས་གྱོན་ཆས་སེར་པོ་གྱོན་ཞིང༌། ཁོང་ཁྲོའི་རྣམ་འགྱུར་མེད་པར་གཞུང་དམག་དང་ཉེན་རྟོག་པར་ཐུག་སྐབས། བཀྲ་ཤིས་བདེ་ལེགས་དང༌། སྔ་དགུང་གི་འཚམས་འདྲི་ཞུས་པ། མེ་ཏོག་ཕུལ་བ་དང་སྐོམ་ཆུ་སོགས་སྤྲད་དེ། འུ་ཅག་གི་ལུང་པར་རང་དབང་བསུ་དགོས། འུ་ཅག་གི་མི་རབས་རྗེས་མར་བདེ་སྐྱིད་བསྐྲུན་དགོས། ཞེས་བརྗོད་དེ་གཞུང་དམག་དང་ཉེན་རྟོག་པ་སེམས་འགུལ་ཐེབས་སུ་བཅུག་ཡོད། ཨ་རིའི་ཆབ་སྲིད་ཀྱི་ཕོ་འགྱུར་སྔ་ཕྱི་དང༌། དཔལ་འབྱོར་ཡར་རྒྱས། མི་རིགས་འདྲ་མཉམ་དུ་གནས་བ་ཡོངས་འཚེ་མེད་ཞི་བའི་ལས་འགུལ་ལ་བརྟེན་ནས་བྱུང་བ་རེད། བྷ་རག་ཨོ་བྷ་མ་དེ་རིང་ཨ་རིའི་སྲིད་འཛིན་ཆགས་དོན་ཡང་འཚེ་མེད་ཞི་བའི་ནུས་སྟོབས་རེད། དེ་བཞིན་འཇར་མན་ནང་གི་ནཱ་རྫེ་དང༌། ཨེ་ཤ་ཡའི་དམར་ཤོག་པ། ཧཕེ་ལི་པེན་གྱི་སྲིད་དབང་སྒེར་འཛིན། སེར་བྷི་ཡ་ནང་གི་དྲག་དམག་ཡོངས་རྫོགས་འཚེ་མེད་ཞི་བའི་ལས་འགུལ་ཁོ་ནས་ཕམ་བར་བརྒྱབས་ཡོད།
དྲི་བ། ཁྱེད་རྣམ་པ་གཉིས་ཀྱིས་སྔ་ལོར་བོད་ཡུལ་མདོ་དབུས་ཁམས་གསུམ་ནང་བྱུང་བའི་གྱེན་ལངས་དེ་འཚེ་མེད་ཞི་བའི་ལས་འགུལ་ལ་ངོན་འཛིན་བྱེད་ཀྱིན་ཡོད་དམ། དྲག་པོའི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
ལན། ལྕམ་སྐུ་རོ་བྷི་ཨེ་བྷིར་གྷན་ཌི་ལགས་ཀྱིས། བོད་ནང་གྱེན་ལངས་དེ་འཚེ་མེད་ཞུ་བ་ངོ་མ་རེད། འོན་ཀྱང༌། མེར་བསྲེགས་དང་བཅག་གཏོར་རེ་ཟུང་བྱུང་བ་དེ་དག འཚེ་མེད་ཞི་བའི་ལས་འགུལ་ནང་རྒྱུན་དུ་མཐོང་རྒྱུ་ཡོད་པ་ཞིག་རེད། བོད་མི་ཚོས་ཡུན་རིང་ལ་མནར་སྡུག་མྱངས་པ་དང༌། བཙན་གནོན་ཁུར་བའི་ན་ཟུག་མ་ནོན་པར་ཕྱིར་བཏོན་པ་རེད། ལས་འགུལ་སྤེལ་མཁན་གྱིས་འཚེ་མེད་ཞི་བའི་ལས་འགུལ་ཁོ་ན་སྤེལ་ཡང༌། ཁ་བཏད་ཚོགས་པས་དེ་ལ་དྲག་པོའི་གདོང་ལེན་བྱས་བའི་རྙོག་འཛིང་ཁྲོད། ཕྱིའི་མཐོང་སྣང་ལ་དྲག་པོའི་ལས་འགུལ་གྱི་རྣམ་པར་འགྱུར་བ་ཡོང་གིན་ཡོད། བོད་ནང་ལ་ད་དུང་དེ་འདྲའི་གནས་ཚུལ་འབྱུང་སྲིད་པའི་ཉེན་ཁ་ཆེན་པོ་འདུག འདི་ནས་འབོད་སྐུལ་ཞུ་འདོད་པ་ཞིག་ལ། མར་མེ་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་བྱས་པ་འདི་རྒྱུན་ལྡན་ལྟ་བུར་གྱུར་ཏེ། ཕྱོགས་གཉིས་ཀར་དོ་སྣང་མེད་ལ། དེ་ཙམ་གྱི་ནུས་པའང་ཐོན་ཐུབ་ཀྱིན་མེད། འཆར་ཅན་རྒྱུན་ལྡན་གྱི་ལས་འགུལ་སྤེལ་རྒྱུ་མང་དྲགས་ན། གཞོན་སྐྱེས་ཚོས་རྐྱལ་སྟོང་རྒྱག་ས་དང་རྒན་པ་ཚོས་དབང་ཤུགས་བཀོལ་ས། གཡོ་ཅན་ཚོས་གོ་སྐབས་འཚོལ་ས་ལྟ་བུ་ཆགས་ཉེན་ཆེ། དེ་བས་ཐབས་ལམ་གསར་བ་བཙལ་ཏེ། ལས་འགུལ་གསར་བ་སྤེལ་དགོས།
དྲི་བ། མི་རིགས་ནག་པོའི་འདྲ་མཉམ་འཐབ་རྩོད་དང་རྒྱ་གར་རང་བཙན་འཐབ་རྩོད་སོགས་ད་ལྟའི་བོད་པའི་གནས་བབ་དང་བསྡུར་ཐབས་མེད་ལ། བོད་ནང་དུ་ལས་འགུལ་གོ་སྒྲིག་དང་མཉམ་རུབ། སྣེ་ཁྲིད་སོགས་ཀྱི་གོ་སྐབས་མེད་སྟབས། གནས་སྟངས་དེ་འདྲའི་འོག་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཐབས་ཡོད་དམ།
ལན། སྐུ་ཞབས་ཨེ་བྷིར་གྷན་ཌི་ལགས་ཀྱིས། ད་ལོ་བོད་ཕྱི་ནང་གཉིས་སུ་ལོ་སར་མི་གཏོང་རྒྱུ་དེ་འཚེ་མེད་ཞི་བའི་ལས་འགུལ་གལ་ཆེན་ཞིག་རེད། འདི་རིགས་རྒྱ་གཞུང་གིས་ཁྲིམས་ཐོག་ལ་བསྐྱལ་ཐབས་ཡོད་པ་མ་རེད། འདས་པའི་ལོ་རྒྱུས་ལ་བལྟས་ན། སྔོན་མ་ནོར་ཝེ་ནང་ནཱ་རྫེ་ཡིས་དབང་སྒྱུར་བྱས་སྐབས། དམག་མི་དང་ཉེན་རྟོག་པ། གསང་ཉུལ་བ་ཧ་ཅང་མང་པོ་བཀྲམས་ཡོད་ཀྱང༌། དགེ་རྒན་ཁྲི་གཅིག་གིས་གསང་བའི་ཐོག་ནས་ལས་འགུལ་ནུས་ཤུགས་ཅན་སྤེལ་ཡོད། དེ་བཞིན། བོད་ཧྲིལ་བོར་ཁྱབ་ཐུབ་པའི་ལས་འགུལ་དཀའ་ཡང༌། ས་གནས་བྱེ་བྲག་པ་དང་ལུང་པ་ཆུང་ཆུང༌། ཐ་ན་ཁྲོམ་ར་དང་མི་དམངས་འཛོམས་ས་བཅས་སུ་ལས་འགུལ་སྤེལ་དགོས། ནོར་ཝེ་ནང་གི་ངོ་རྒོལ་བ་ཚོས་སྟོད་ཐུང་གི་གོང་བའི་ཁར་ཤོག་བུ་རེ་བཏགས་ཏེ། ལངས་ཕྱོགས་གཅིག་པ་ཡིན་པའི་མཚོན་རྟགས་བསྟན་ཡོད། མེ་འཁོར་དང་རླངས་འཁོར་འབབ་ཚིགས་སུ་མི་གཞན་ལ་ཐ་མག་སྤྲོད་པ་དང༌། ཐ་མག་ལ་མེ་སྒྲོན་ཁུལ་སོགས་ཀྱི་ལམ་ནས་ཡིག་ཆ་བཀྲམས་ཡོད།
དྲི་བ། ལོ་ངོ་ལྔ་བཅུའི་རིང་འཚེ་མེད་ཞི་བའི་ལམ་ནས་བོད་དོན་སེལ་མེད་པ་དང༌། བོད་ནང་འཚེ་མེད་ཞི་བའི་ལམ་སྟོན་བྱ་མཁན་མེད་པ། ལྷག་པར་དུ་རྒྱ་ནག་གི་བྱེད་སྤྱོད་ལ་དུས་རྒྱུན་གདོང་ཐུག་རྒྱག་གིན་ཡོད་སྟབས། ད་ལྟ་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་མང་དག་ཅིག་ལ་དྲག་པོའི་འདུ་ཤེས་སྐྱེས་ཀྱིན་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། ལྕམ་སྐུ་རོ་བྷི་ཨེ་བྷིར་གྷན་ཌི་ལགས་ཀྱིས། ང་ཚོས་ཀྱང་ཉེན་ཁ་དེ་མཐོང་གིན་འདུག་ལ། ཁག་ཡོད་པ་མ་རེད། ཁོང་ཁྲོའི་དབང་གིས་སེམས་རྣལ་དུ་མ་བབ་པའི་བསམ་བློའི་འཁྱེར་ཕྱོགས་རེད། རྒྱུ་མཚན་དེའི་དབང་གིས་ང་ཚོས་འཚེ་མེད་ཞི་བའི་ཟབ་སྦྱོང་སྤྲོད་ཀྱིན་ཡོད། ལོ་ལྔ་བཅུར་འཚེ་མེད་ཞི་བའི་ཐོག་བོད་དོན་ལ་གྲུབ་འབྲས་མེད་པར་མ་དགོངས། འཛམ་གླིང་རྒྱལ་ཁབ་ཁག་ཏུ་ཆབ་སྲིད་དང་ཆོས་ལུགས། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་སོགས་ཀྱི་མངོན་འདོད་མ་འགྲུབ་པར་ལུང་པ་གཞན་ན་སྐྱབས་བཅོལ་དུ་བསྡད་ཡོད་པ་མང་པོ་ཡོད། དེ་དག་དང་ད་ལྟའི་བཙན་བྱོལ་བོད་གཞུང་དམངས་ཀྱི་གནས་བབ་བསྡུར་དང༌། བཙན་བྱོལ་བོད་པ་གར་ཡོད་ཀྱི་རྒྱ་གར་ཡུལ་མི་དང་བོད་པ་སྐྱབས་བཅོལ་བ་གཉིས་བསྡུར་དང༌། བོད་པ་དང་རྒྱ་ནག་གི་གྲངས་ཉུང་མི་རིགས་གཞན་དག་བསྡུར་དང༌། རྒྱལ་སྤྱིའི་གསར་ལམ་ཁག་གི་བོད་དོན་གྱི་ཆེ་མཐོང་ལ་ལྟོས་དང༌། འདི་དག་འཚེ་མེད་ཞི་བའི་ཐབས་ལམ་ཐོག་སྐྱོད་ཐུབ་པའི་གྲུབ་འབྲས་རེད། གལ་ཏེ་དྲག་པའི་ལམ་དུ་ཞུགས་པ་ཡིན་ན་རང་ཤི་བརྒྱབས་པ་དང་གཅིག་མཚུངས་རེད།
དྲི་བ། བདག་ཉིད་ཆེན་པོ་གྷན་ངྷི་མཆོག་དང་ཟམ་གདོང་རིན་པོ་ཆེ་ཡིས་འཚེ་མེད་ཞི་བ་དང་བདེན་པའི་ཨུ་ཚུགས་བཅས་གཉིས་བསྟན་ཡོད། བདེན་པའི་ཨུ་ཚུགས་དང་འཚེ་མེད་ཞི་བའི་བར་ཁྱད་པར་ཡོད་དམ།
ལན། སྐུ་ཞབས་ཨེ་བྷིར་གྷན་ཌི་ལགས་ཀྱིས། ཟམ་གདོང་རིན་པོ་ཆེ་བརྒྱ་ཆའི་བརྒྱ་ཐམ་པ་བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གི་བདེན་པའི་ཨུ་ཚུགས་ཐོག་ཤར་སྐྱོད་བྱེད་ཀྱིན་ཡོད། ང་ཚོའི་འཚེ་མེད་ཞི་བའི་ལས་འགུལ་དང་ཁྱད་པར་གང་འཚམ་ཡོད། ཟས་བཅད་ངོ་རྒོལ་ལྟ་བུར་མཚོན་ན། འཚེ་མེད་ཞི་བ་ཡང་དག་ཅིག་ལ་ངོས་འཛིན་བྱེད་ཀྱིན་མེད། ངོ་རྒོལ་གྱི་མཚོན་བྱེད་ཙམ་ལ། ཉིན་གྲངས་ངེས་ཅན་གྱིས་ཟས་བཅད་ངོ་རྒོལ་བྱས་ན། འཚེ་མེད་ཞི་བའི་ལས་འགུལ་རེད། དེ་བཞིན་རང་ལུས་མེར་བསྲེགས་གཏོང་བ་དང་རྐང་ལག་ནས་ཁྲག་འདོན་པ་སོགས་ཀྱང༌། སོ་སོ་རང་ལ་འཚེ་བ་བྱེད་ཀྱིན་ཡོད་ཀྱང༌། གཞན་ལ་གནོད་པ་མེད་ལ་བདེན་དོན་རྩོད་ཀྱིན་ཡོད་སྟབས། འཚེ་མེད་ཞི་བའི་ལས་འགུལ་རེད། ང་ཚོས་དེ་ལ་གུས་བཀུར་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད།
དྲི་བ། ཁྱེད་རྣམ་གཉིས་ལ་ད་ལྟའི་གནས་བབ་འདིའི་འོག་ནས། འཚེ་མེད་ཞི་བའི་ལམ་མཁོ་ནར་བརྟེན་ཏེ། བོད་དོན་བདེན་མཐའ་སེལ་ཐུབ་པར་གདེང་ཚོད་ཅི་ཙམ་ཡོད་དམ།
ང་ལ་ཡིད་ཆེས་ཡོད། ཚུར་ཕྱོགས་བརྟན་རླིང་གིས་ངང་སྒུག་ཅི་ཙམ་ཐུབ་ན། ཕར་ཕྱོགས་འགྱུར་བ་ཆེན་པོ་ཞིག་འགྲོ་བའི་ཡོན་ཏན་ཡིན། གྲུབ་འབྲས་དང་བཟང་ཕྱོགས་ཀྱི་འགྱུར་བ་མངོན་གསལ་དོད་པོ་མིན་ཡང༌། འཚེ་མེད་ཞི་བའི་ལས་འགུལ་འདི་དངོས་ཡོད་ལག་ལེན་ལ་འཁེལ་ཐུབ་པ། རྣམ་དཔྱོད་དང་ལྡན་པར་འཆར་འགོད་ལེགས་པོ་ཡོད་པའི་ཐོག་ནས་ལས་འགུལ་རྒྱུན་སྲིང་ཐུབ་ན། བོད་པའི་གནད་དོན་འདི་འཚེ་མེད་ཞི་བའི་ཐོག་ནས་སེལ་ཐུབ་པར་ང་ལ་ཡིད་ཆེས་བརྒྱ་ཆའི་བརྒྱ་ཡོད་ལ། འཛམ་གླིང་མི་དམངས་ལའང་འཚེ་མེད་ཞི་བའི་ཐོག་ནས་བོད་དོན་སེལ་རྒྱུ་ཉེ་སར་སླེབས་འདུག་བསམ་པའི་ཉི་མ་ཞིག་ཏན་ཏན་འཆར་གི་རེད།
སྟག་སྨྱོན་ལགས།་
རང་ཉིད་ཀྱི་ལྟོ་ཕོར་ན་རང་ཉིད་ཀྱི་སྐྱག་པ་བཏང་ན་མི་བཟང་ལ།་དེ་བས་བཀའ་ཁྲི་ཟམ་གདོང་བླ་མ་ནི་མིང་དོན་མཚུངས་པའི་མཁས་དབང་ཞིག་དང་།་སྤྱི་ཚོགས་ནང་ཁ་ཡོད་ལག་ཡོད་ཀྱི་ཕན་རླབས་ཆེ་བའི་ཆོས་སྲིད་ཟུང་ལྡན་གྱི་སྐྱེས་ཆེ་ན་ཞིག་ལ་དོན་མེད་ཁ་ངན་ཚིག་ངན་ལབ་ན་མི་བཟང་།་་་
རྩོམ་སྒྲིག་པ་ལགས་སུ་ཞུ་དོན།
ངོས་ནས་ཟིན་བྲིས་དེབ་སྐྱེལ་ཞུས་ཟིན་པ་དེ་ལྟར་ཡང་རང་ཉིད་ཀྱི་ཟིན་བྲིས་སྟེང་ནས་བསམ་ཚུལ་འབྲི་མི་ཐུབ་པ་མ་ཟད།་རང་ཉིད་ཀྱི་ཟིན་བྲིས་སྒོ་ཕྱེ་མ་ི་ཐུབ་པས་ཇི་ལྟར་བྱས་ན་བཟང་ངམ།་་་་་་་་་་lobsangrabga@ymail.com དེ་ནི་གུས་པའི་ཡིག་གཏོང་ཁ་བྱང་ཡིན་པས་ལམ་སྟོན་གནང་རོགས།
ཧ་ཅང་གི་ཡག་འདུག་
སྟག་སྨྱོན་ལགས།
དགོངས་ཚུལ་གསུངས་པ་ཡག་པོ་རེད།
ཟམ་གདོང་བླ་མར་ག་དུས་ཡིན་ན་ཡང་དྲ་ཐོག་ནས་ཟུར་ཟ་རེ་འཕེན་ན་དེ་ནི་ཇི་ཙམ་ཕན་མིན་ཁོ་བོས་མི་ཤེས། དེ་ལས་རང་ཉིད་ཐབས་ལམ་དང་ལམ་སྟོན་གང་བཟང་གང་ལེགས་ཡིན་སྙམ་པ་ཁོང་ཉིད་ལ་དགོངས་པའི་དཔྱད་གཞིར་ཕུལ་ན་མི་ལེགས་སམ།དེ་ལྟར་ཨེ་རེད། དྲ་གྲོགས་ལགས།
ང་ཚོས་སེམས་ཁྲལ་བྱེད་ས་དེ་བོད་ནང་དུ་གནས་པའི་གཞིས་ལུས་མི་མང་རེད།
དེང་བོད་དེ་ནི་བཙོན་ར་ཆེན་པོ་ཞིག་ཡིན་ལ་བོད་མི་རྣམས་ནི་ཉེས་མེད་ཀྱི་བཙོན་པ་ཁྱུ་གཅིག་རེད། བོད་ནང་དེང་སྐབས་ཉིན་འཁྱོལ་ཡང་མཚན་མི་འཁྱོལ།
མཚན་འཁྱོལ་ཡང་ཉིན་མི་འཁྱོལ་བའི་གནས་སུ་ལྷུང་ཡོད།
དཔེར་ན།
དེང་སྐབས་ང་ངའི་ཕ་མ་སྤུན་མཆེད་ཚོར་གླེང་མོལ་བྱ་འདུན་ཧ་ཅང་ཆེ་ཡང་།
ནང་མིས་དེ་སྔོན་ནས་ང་ཚོར་ནམ་ཡང་ཁ་པར་མ་གཏོང་རོགས་ཟེར།
འདིས་ཅི་ཞིག་སྟོན་གྱི་འདུག་གམ།
འདི་ནི་སྤྱི་ཚོགས་ཀྱི་ཟུར་ཞིག་རེད།
མྱུར་དུ་བོད་ནང་གི་བོད་མི་དག་གི་ཚེ་སྲོག་ལ་འགན་ལེན་ཐུབ་པའི་ལམ་སྟོན་གང་ཐུབ་ཐུབ་ཞིག་ཡིག་ངག་གང་ཐོག་ནས་བོད་ནང་དུ་སླེབས་ཐུབ་པ་བྱོས་དེ་བོད་ནང་གི་བོད་མི་གཅིག་གི་ཚེ་སྲོག་ཡང་རྒྱ་ནག་འདོད་རྔམ་འགྲུབ་ཆེད་དུ་མི་འགྲོ་བ་བྱེད་དགོས་ཀྱི་འདུག དམིགས་གསལ་གྱིས་བོད་གཞུང་གིས་མིང་ཐོག་ནས་བོད་ནང་དུ་འབྲེལ་བ་མྱུར་དུ་བྱེད་དགོས་ཀྱི་འདུག སྒེར་དང་གཞུང་སུ་དང་བོད་མི་དག་ལ་འབྲེལ་བ་གང་བྱེད་ཐུབ་པ་དེ་དག་བྱེད་དགོས་པའི་དུས་ཛ་དྲག་དུ་སླེབས་འདུག་པ་དངོས་ནས་བོད་བཙན་བྱོལ་གཞུང་གི་ལས་བྱེད་ཀྱི་མིང་ཐོག་མཁན་དག་ལ་དམིགས་གསལ་གྱིས་འགན་ཞིག་འཁྲི་ཡོད་པ་རེད་ཟེར་ནས་འབོད་སྐུལ་ཞུ་རྒྱུ་ཡིན།
བཀའ་སྤྱི་གཉིས་ཀྱིས་འཚེ་མེད་ཞི་བ་གཞི་ལ་བཞག་པའི་བོད་ནང་བོད་དོན་སྒྲུབ་སྟངས་ལ་ཕན་པའི་ད་ལྟའི་ཆབ་སྲིད་ལམ་སྟོན་ཞིག་ངེས་པར་དུ་དགོས་འདུག་ཀྱང་། རེ་བ་མེད་པ་མཐོང་གི་འདུག ལྷག་པར་དུ་ཟམ་གདོང་རིན་པོ་ཆེ་བོད་མི་ནང་ཁུལ་ལ་དབུ་མཁྲེགས་པོ་ག་ཚོད་ཡིན་པ་སེམས་ལ་ཤར་ན་རང་བཞིན་གྱིས་ཐང་ཆད་ཡོང་གི་འདུག ཁོ་རང་གིས་དྲན་པ་དེ་ཁོ་ན་ལས་མ་མི་གཞན་གྱི་སྐྱིད་སྡུག་དང་བསམ་ཚུལ་མཐའ་གཅིག་ཏུ་རྡོལ་རོལ་གཏོང་བ་ཟམ་གདོང་རིན་པོ་ཆེའི་ཁྱད་ཆོས་གཙོ་བོ་དེ་རེད། དེའི་ཕྱིར་བསམ་ཚུལ་ཡག་པོ་རེ་དྲན་པ་དང་བཤད་སའི་མི་དེ་དྲན་ཡོང་དུས་རང་བཞིན་གྱི་རེ་བ་བརླག་ཡོང་གི་འདུག
ཟམ་གདོང་རིན་པོ་ཆེས་གནས་ཚུལ་ཚང་མ་ཁ་བདེ་བོ་དེའི་ལན་དྲག་པོ་བརྒྱབ་ནས་བཅོམ་བཞག་གི་རེད། རྒྱ་མིས་གནས་ཚུལ་ཚང་མ་དྲག་པའོ་དམག་བརྒྱབ་ནས་བཅོམ་བཞག་གི་རེད། བོད་མི་ཚོར་ཐོབ་པ་ན་ཟུག་ཁོ་ན་ལས་མེད་དོ།
འཚེ་མེད་ཞི་བའི་སློབ་སྟོན་ནི་དེང་གི་དུས་ཧ་ཅང་གལ་ཆེན་ཡིན་སྟབས་དེའི་ལུགས་་ཀྱི་སློབ་སྟོན་དངོས་གནས་དེ་བོད་ནང་དུ་སླེབས་པ་བྱེད་དགོས།
བོད་གཞུང་གིས་ད་ལྟའི་བོད་ནང་གི་གནས་སྟངས་དང་དག་དག་འཚམ་པའི་ད་ལྟའི་ཆབ་སྲིད་ལམ་སྟོན་ཞིག་འཐུས་སྒོ་ཚང་བ་ཞིག་བཟོ་དགོས་པ་མཐོང་། དེ་ཡང་ད་ལྟ་རང་ལ་བོད་ནང་དུ་ལག་ལེན་བསྟར་ཐུབ་པའི་ལས་འགུལ་གྱི་རིགས་གསལ་འདོན་དང་ལམ་སྟོན་གནང་དགོས་པ་རེད། མ་འོངས་ཆབ་སྲིད་ལམ་སྟོན་ད་དུང་སྒམ་ནང་བཅུག་བཞག་ན་འགྲིག་གི་རེད། སྤྱི་འཐུས་ལ་བློ་རྩལ་འདོན་རྒྱུ་ཡོད་ན་འདིའི་ཐོག་ལ་འདོན་དགོས་པ་ལས། རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱེད་སྟངས་ཀྱི་ཐོག་ལ་དེ་ཙམ་འབད་བརྩོན་མ་བྱས་ཀྱ་མ་འགྲིག ལྷག་པར་བོད་ནང་ལ་འཚམ་པའི་འཚེ་མེད་ཞི་བའི་ལས་འགུལ་རིགས་ལམ་སྟོན་གནང་དགོས་པ་རེད། འོན་ཀྱང་བོད་གཞུང་གིས་འཚེ་མེད་ཞི་བ་ཟེར་ནས་ཚིག་རྡོག་རྡོག་གཅིག་ལས་དོན་དངོས་ཀྱི་ཐོག་ནས་བོད་ནང་གི་བོད་མི་ཚོར་ཕན་པའི་འཚེ་མེད་ཞི་བའི་ལས་རིགས་གང་ཡོད་རྩ་བ་ནས་བསམ་བློ་གཏོང་གི་ཡོད་པ་མ་རེད། ཟམ་གདོང་རིན་པོ་ཆེས་ཁོ་རང་ག་ཚོད་མཁས་པ་ཡིན་པ་ངོམ་སོ་བྱེད་ཆེད། ཆེས་གུ་དོག་གི་འཙོ་ཐབས་ཙམ་ལ་བརྟེན་པའའི་བོད་མི་ཚོའི་ཐོག་ལ་ཐེབས་དཀའ་བའི་གནོན་ཤུགས་རིམ་པ་མང་ཐེབས་ཡོད་རེད། དེ་ནས་སོ་ནམ་ཞིང་ལས་ཤེས་ཡོན་སྲིད་ཇུས་སོགས་གླེང་ནས་བསྡད་པ་རེད།
ངོ་ནས་ཡིན་ན་བོད་ནང་གི་གནས་སྟངས་དང་མཚམས་པའི་འཚེ་མེད་ཞི་བའི་ལས་འགུལ་གྱི་རྣམ་གྲངས་དང་། སྤེལ་སྟངས་ཀྱི་གོ་རིམ་སོགས་ལ་ཞིབ་གསལ་དང་རིམ་པ་མང་པོ་ཡོད་པ་བཟོ་དགོས་པ་མཐོང་། འོན་ཀྱང་རང་ཉིད་ཀྱི་སྐུ་ཡོན་ངོམ་རྒྱུ་ཨང་དང་པོ་འཇོག་མཁན་གྱི་བཀའ་ཁྲིས་དེ་འདྲ་དྲན་མེད་པ་རེད།