མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

    དུས་རབས་ཉེར་གཅིག་པ་འཆར་ལ་ཉེ་བའི་སྐབས་འདིར་འཛམ་གླིང་གི་ས་ཕྱོགས་གང་སར་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད། དེང་སྐབས་སྤྱིར་བཏང་གི་རྩོད་རྙོག་གསར་པ་ཡོང་གི་ཡོད་ན་ཡང༌། རྩོད་རྙོག་གི་གནད་དོན་མང་པོ་ཞིག་ཞི་མོལ་དང་མཛའ་མཐུན་གྱི་འབྲེལ་བའི་ཐོག་ནས་སེལ་རྒྱུའི་བསམ་བློ་གཏོང་གི་ཡོད། ངོས་ཀྱི་མཐོང་ཚུལ་ལྟར་ན། རྫོགས་ལ་ཉེ་བའི་དུས་རབས་ཉི་ཤུ་པ་འདིའི་ནང་འགྲོ་བ་མིའི་སྤྱི་ཚོགས་ཀྱིས་ཉམས་མྱོང་དུ་མ་བསགས་པ་ལ་བརྟེན་ནས་སློབ་གསོ་ཐོབ་ཡོད། ཕྱོགས་གཅིག་ནས་དུས་རབས་འདི་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་བརྗོད་ཆོག་པ་ཡིན། འོན་ཀྱང་ཉམས་མྱོང་གི་སློབ་གསོའི་ནང་སྤྱི་ཚོགས་འཚར་ལོངས་བྱུང་ཡོད་པས་ལྷག་བསམ་དང་སེམས་ཤུགས་ལ་བརྟེན་ནས་འབད་བརྩོན་བྱས་ན་དུས་རབས་རྗེས་མ་དེ་དཀའ་རྙོག་རྣམས་ཞི་མོལ་དང༌། འཚེ་བ་མེད་པའི་ཐབས་ལམ་ནས་སེལ་ཐུབ་པའི་དུས་རབས་ཤིག་བཟོ་ཐུབ་པའི་རེ་བ་ཡོད།

    དེ་རིང་གསུམ་བཅུའི་དུས་དྲན་ཐེངས་ ༣༩ པ་འདིའི་ཐོག་ད་ཕན་དཀའ་ངལ་ཚད་མེད་འཕྲད་པར་ཁོག་ཡངས་བཟོད་བསྲན་ཆེན་པོས་ལྷག་བསམ་སྙིང་སྟོབས་བརྟན་པོར་གནས་པའི་བོད་མི་མང་ལ་བསྔགས་བརྗོད་དང༌། འཚམས་འདྲི་ཡོད། དེང་དུས་བོད་ཀྱི་གནས་སྟངས་དང༌། བོད་དོན་སྐོར་གྲུབ་འབྲས་ལྡན་པའི་གོམ་བགྲོད་མ་ཐུབ་པར་བརྟེན་བོད་མི་མང་པོ་འདོད་བློ་མ་ཁེངས་པའི་བསམ་ཚུལ་ཤུགས་ཆེར་འགྲོ་བཞིན་པའི་ཐོག་འགའ་ཞིག་འཚེ་མེད་ཞི་བའི་ལམ་ལ་རེ་ཐག་ཆད་ནས་ཐབས་ལམ་གཞན་དག་འཚོལ་རྒྱུའི་ཉེན་ཁ་མཐོང་བས་དེར་བློ་གཡེང་ཡོད། ཁྱེད་ཚོའི་བསམ་ཚུལ་ངོས་ནས་ཤེས་རྟོགས་གསལ་པོ་ཡོད་ཀྱང༌། ང་ཚོའི་འཐབ་རྩོད་ཀྱི་ལམ་ཕྱོགས་འཚེ་མེད་ཞི་ལམ་ཁོ་ནར་བརྟེན་རྒྱུ་དོན་གལ་ཆེན་པོ་ཡིན་པ་ཡང་བསྐྱར་ནན་བརྗོད་བྱ་རྒྱུ་ཡིན། ང་ཚོས་ད་ཕན་འཚེ་མེད་ཞི་བའི་ལམ་བརྒྱུད་འབད་བརྩོན་བྱས་པ་འདིར་རྒྱལ་སྤྱིའི་ཐོག་ནས་བསྔགས་བརྗོད་དང༌། རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་ཅིང༌། འཚེ་མེད་ཞི་བའི་ཐབས་ལམ་འདི་དོན་ཕན་ཆེ་ཤོས་དང༌། འགྲུབ་ཐག་ཉེ་ཤོས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་དེ་ལྟར་མུ་མཐུད་ལག་ལེན་བསྟར་ཐུབ་པ་ཡིན་ན། འཛམ་གླིང་འདིར་འཚེ་བ་མེད་པའི་ཞི་བདེའི་ཆབ་སྲིད་ཀྱི་ལྟ་སྤྱོད་གོང་འཕེལ་ཡོང་རྒྱུར་ང་ཚོས་དཔེ་སྟོན་ཞལ་འདེབས་འབུལ་ཐུབ་ངེས་ཡིན།

    འཛམ་གླིང་ཁྱོན་ཡོངས་ལ་འགྱུར་བ་ཆེན་པོ་འགྲོ་བ་འདིས་རྒྱ་ནག་ལའང་ཤུགས་རྐྱེན་ཐེབས་ཡོད་པ་དང༌། ཏེང་ཞའོ་ཕིང་གིས་བསྒྱུར་བཅོས་ཀྱི་ལམ་ལུགས་གསར་གཏོད་བྱས་པ་དེས་རྒྱ་ནག་གི་དཔལ་འབྱོར་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་ཐོག་ལ་ཡང་འགྱུར་བ་ཕྱིན་ཡོད། ད་ལྟའི་རྒྱ་ནག་གི་ཆབ་སྲིད་སྐྱོང་སྟངས་དེ་སྔོན་དང་བསྡུར་ན། ལྟ་བའི་ཆ་ནས་གུ་ཡངས་སུ་ཕྱིན་པ་དང༌། སྤྱོད་པའི་ཆ་ནས་ཀྱང་མང་ཚོགས་ལ་དེ་ཙམ་བཙནཤེད་སྐུལ་འདེད་མི་བྱེད་པ། སྤྱི་དམངས་ལ་དམ་དྲག་ཆུང་དུ་ཕྱིན་པ། དབུས་གཞུང་ནས་མངའ་སྡེ་ཁག་ལ་དཔལ་འབྱོར་འདུ་འགོད་ལ་སོགས་པའི་ཁེ་དབང་གང་འཚམས་སྤྲད་པ་སོགས་དེང་སང་རྒྱ་ནག་གི་འགོ་ཁྲིད་ཚོའི་རྒྱལ་འབྲེལ་སྲིད་བྱུས་ཕྲན་བུ་གུ་ཡངས་སུ་ཕྱིན་ཡོད་པ་ནི་རྒྱ་ནག་རྒྱལ་སྤྱིའི་བཤད་སྟེགས་ཁག་ལ་ཞུགས་རྒྱུ་མང་དུ་སོང་བ་དང༌། རྒྱལ་སྤྱིའི་ཚོགས་མི་ཁག་དང་མཉམ་སྦྲེལ་གྱི་ལས་ཀ་བྱེད་ཤུགས་ཆེ་རུ་སོང་བ་དེ་ནས་གསལ་པོ་མཚོན་གྱི་ཡོད།

    དེ་བཞིན་བསྔགས་བརྗོད་འོས་པའི་འགྱུར་བ་གཞན་ཞིག་ནི། སྔ་ལོ་ཧོང་ཀོང་དེ་དཀའ་རྙོག་གང་ཡང་མེད་པར་རྒྱ་ནག་གི་མངའ་ཁོངས་སུ་ཕྱིར་ལོག་རྩིས་ལེན་བྱས་པ་དང༌། དེ་རྗེས་ཀྱང་ཧོང་ཀོང་གི་གནད་དོན་ཐོག་གུ་ཡངས་ཀྱི་སྲིད་བྱུས་ཤིག་ལག་བསྟར་བྱས་ཡོད། ཉེ་དུས་པེ་ཅིང་ནས་གསལ་བསྒྲགས་བྱས་དོན་ལྟར་ན། ཐེ་ཝན་དང་ཞི་མོལ་འགོ་འཛུགས་བསྐྱར་དུ་བྱེད་རྩིས་ཡོད་པ་དེས་ཀྱང་སྲིད་བྱུས་ལྷུག་ཏུ་ཕྱིན་པ་གསལ་པོར་མངོན། དེང་སྐབས་ཀྱི་རྒྱ་ནག་དེ་ལོ་བཅོ་ལྔ་ཉི་ཤུའི་གོང་གི་གནས་སྟངས་ལས་ཡར་རྒྱས་ཕྱིན་ཡོད་པ་ནི་བསྔགས་བརྗོད་བྱེད་འོས་པ་དང༌། ལོ་རྒྱུས་ཐོག་འཁོད་འོས་པའི་འགྱུར་བ་ཞིག་ཡིན། འོན་ཀྱང་ད་དུང་རྒྱ་ནག་ནང་ཚབས་ཆེའི་འགྲོ་བ་མིའི་ཐོབ་ཐང་སྐོར་དང༌། དེ་མིན་དཀའ་ངལ་གཞན་དག་མང་པོ་ཡོད་མུས་ལ་བརྟེན་རྒྱ་ནག་གི་དབུ་ཁྲིད་གསར་པ་ཚོས་བློ་སྤོབས་དང༌། མཐོང་རྒྱ། སྙིང་སྟོབས་ཆེར་བསྐྱེད་བཅས་ཀྱི་ཐོག་ནས་ད་དུང་རྒྱ་ནག་མི་མང་ལ་རང་དབང་ཆེ་ཙམ་སྤྲོད་པའི་རེ་བ་ཡོད། འགྲོ་བ་མིའི་ལོ་རྒྱུས་ཐོག་བལྟས་ཚེ་ཕྱི་རོལ་དངོས་པོའི་ཆ་རྐྱེན་ཡར་རྒྱས་ཇི་ལྟར་སོང་ན་ཡང་མིའི་འདོད་པ་ཡོངས་སུ་ཁེངས་མི་ཐུབ་པ་དེ་ཧ་ཅང་གསལ་པོ་མཐོང་ཐུབ།

    བློ་ཕམ་བྱེད་དགོས་པའི་གནས་ཚུལ་ཞིག་ལ། རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་དེ་ལྟར་འགྲོ་གི་ཡོད་ན་ཡང༌། དེ་ལས་ཡོངས་སུ་ལྡོག་སྟེ་བོད་ནང་གི་གནས་སྟངས་ནི་ལོ་ཤས་ནང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཉེ་བའི་དུས་སུ་བོད་ནང་ལག་ལེན་བསྟར་བའི་སྲིད་བྱུས་དེ་དག་ནི། བོད་མི་རིགས་ཀྱི་རིག་གཞུང་ཆེད་མངགས་རྩ་མེད་བཟོ་བའི་སྲིད་བྱུས་ལྟ་བུ་ཞིག་ཏུ་གྱུར་ཡོད། བོད་མི་ཚོའི་ཆོས་དད་དང༌། རྒྱལ་ཞེན་གྱི་བསམ་བློ་གནོན་ཆེད་རྡུང་རྡེག་ཚ་ནན་གཏོང་བ་ཟེར་བའི་ངོ་ཚ་བྲལ་བའི་སྲིད་བྱུས་ལོ་རེ་བཞིན་ཤུགས་ཇེ་ཆེར་བཏང་བ་དང༌། དྲག་གནོན་གྱི་ལས་འགུལ་དེ་དགཐོག་མར་དགོན་སྡེ་ཁག་གི་ནང་དང༌། ད་ཆ་མང་ཚོགས་ཀྱི་ཐོག་ལ་ལག་བསྟར་བྱེད་བཞིན་ཡོད། དེར་བརྟེན་དེང་སྐབས་བོད་ནང་འཇིགས་སྐུལ་དང༌། བཙན་ཤེད། དངངས་སྐྲག་བཅས་ཀྱི་གནས་སྟངས་འགའ་ཤས་ནི་དེ་སྔའི་རིག་གནས་གསར་བརྗེའི་དུས་སྐབས་བསྐྱར་ལོག་བྱས་པ་ལྟ་བུའི་གནས་སུ་གྱར་ཡོད།

    བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཁྱབ་བརྡལ་བཏང་བ་འདི་ནི་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་གནས་ཚུལ་ཞིག་ཡིན་པ་སྟེ། བོད་མི་ཚོའི་སོ་སོའི་མི་རིགས་དང༌། རང་གཞན་ཀུན་ལ་ཕན་པའི་རང་བཞིན་ལྡན་པའི་རིག་གཞུང་གཅེས་ཉར་བྱེད་པའི་བྱ་སྤྱོད་འགོག་ཐབས་སུ་དམིགས་ཏེ་གནོན་རྡུང་བྱེད་ཀྱི་ཡོད་པ་རེད། དེ་ནི་དབང་འཛིན་པ་ཚོས་མི་རིགས་དང༌། རིག་གཞུང་དབྱེ་འབྱེད་ཀྱི་ལམ་ལུགས་ལག་ལེན་བསྟར་བའི་ངན་འབྲས་དང་འབྲེལ་བ་གཏིང་ཟབ་ཡོད་པའི་གནད་དོན་ཞིག་ཡིན། དེར་བརྟེན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་བ་ལ། ཕྱིའི་དཔལ་འབྱོར་ཡར་རྒྱས་ཕྲན་བུ་ཡོད་པས་མི་ཕན་པར་བོད་ཀྱི་གཞི་རྩའི་དཀའ་ངལ་རྣམས་སེལ་ཐབས་བྱེད་དགོས།

    བོད་ནང་བློ་ཕམ་གྱི་གནས་ཚུལ་དེ་དག་གིས་བོད་མི་རྣམས་ལ་ཕན་ཐོགས་མེད་པ་སྨོས་ཅི། རྒྱ་ནག་གཞུང་ལའང་ཕན་ཐོགས་མེད་པ་ཤིན་ཏུ་གསལ་པོ་ཡིན། དེ་ལྟར་མུ་མཐུད་གནས་པ་ཡིན་ན་བོད་མིའི་སྡུག་བསྔལ་སེལ་མི་ཐུབ་ལ། རྒྱ་ནག་གི་འགོ་ཁྲིད་ཚོས་གལ་ཆེར་བརྩི་བའི་བརྟན་ལྷིང་དང༌། གཅིག་གྱུར་ལའང་གནོད་སྐྱོན་ཡོང་ངེས་དང༌། རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱལ་སྤྱིའི་ཐོག་རྒྱ་ནག་རང་ཉིད་ཀྱི་སྙན་གྲགས་ཐད་བསམ་བློ་ཤུགས་ཆེ་གཏོང་གི་ཡོད་པ་བཞིན། བོད་ཀྱི་དཀའ་རྙོག་འདི་དག་གཙང་སེལ་བྱེད་མ་ཐུབ་ན་རྒྱ་ནག་གི་སྙན་གྲགས་ལ་གནོད་སྐྱོན་མུ་མཐུད་ཡོང་རྒྱུ་ཡིན། བོད་ཀྱི་དཀའ་རྙོག་འདི་སེལ་ཐུབ་པ་བྱུང་ན་ཧོང་ཀོང་དང༌། ཐེ་ཝན་གཏོགས་པའི་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་མཐོང་དང་ཡིད་ཆེས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོང་ངེས་ཡིན།

    ཕན་ཚུན་གཉིས་མོས་ཡོང་ཐབས་སུ་ངོས་ནས་རང་བཙན་རྩོད་ཀྱི་མེད་པའི་བསམ་ཚུལ་གསལ་པོ་ཡིན། ངོས་ནས་དེ་སྔ་ཐེངས་མང་བརྗོད་པ་ལྟར་ངས་འབད་བརྩོན་བྱེད་དོན་ནི་བོད་མི་རིགས་དང༌། དེའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག གོམས་སྲོལ་བཅས་རང་གཞན་ལ་ཕན་ཐོགས་ཡོད་པ་རྣམས་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་གཏོང་ཐུབ་པའི་ཆེད་དུ་དོན་དམ་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་དགོས་པ་འདི་ཡིན། དེ་ཡོང་བ་ལ་བོད་མི་ཚོར་སྤྱི་ཚོགས་དང༌། དཔལ་འབྱོར། རིག་གཞུང་སོགས་འཕེལ་རྒྱས་གཏོང་བའི་ནང་གི་སྲིད་དབང་ཆ་ཚང་བ་ཞིག་མེད་ཐབས་མེད་པ་ནི་འདས་པའི་ལོ་བཅུ་ཕྲག་འགའ་ཤས་ཀྱི་ཉམས་མྱོང་ནས་གསལ་པོར་བསྟན་ཡོད། ངོས་ནས་རྒྱ་ནག་གི་འགོ་ཁྲིད་ཚོས་དེ་དག་ལ་གཞི་རྩའི་དགག་བྱ་ཡོད་པར་ངོས་འཛིན་བྱེད་ཀྱི་མེད། གང་ཡིན་ཟེར་ན། རྒྱ་ནག་གི་འགོ་ཁྲིད་རིམ་པས། རྒྱ་མི་བོད་དུ་ཡོང་བའི་རྒྱུ་མཚན་གཙོ་བོ་བོད་མིར་བདེ་སྐྱིདབསྐྲུན་རྒྱུ་དང༌། བོད་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན་ཞེས་བརྗོད་ཀྱི་ཡོད་པར་བརྟེན་རྒྱ་ནག་གི་འགོ་ཁྲིད་ཚོས་ང་ཚོ་དང་ཞི་བའི་གྲོས་མོལ་གྱི་ལས་དོན་འགོ་འཛུགས་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད། གལ་ཆེར་བརྩི་བའི་རྩ་དོན་བརྟན་ལྷིང་དང༌། གཅིག་གྱུར་ཞེས་པའི་དགོས་འདུན་ཡང་དེའི་ཐོག་ནས་བསྒྲུབ་ཐུབ་པ་ཡོང་རྒྱུ་ཡིན། ངོས་ནས་དེ་རིང་གི་གོ་སྐབས་འདི་བཟུང་སྟེ་རྒྱ་ནག་གཞུང་གི་དབུ་ཁྲིད་རྣམ་པ་ཚོར་ངོས་ཀྱིས་བཏོན་པའི་གྲོས་འཆར་ཁག་ལ་དོན་དམ་གྱི་དགོངས་བཞེས་གནང་རོགས་ཞེས་ཡང་བསྐྱར་འབོད་སྐུལ་ཞུ་རྒྱུ་ཡིན། གྲོས་མོལ་ལ་བརྟེན་ནས་བོད་ཀྱི་གནད་དོན་འདི་དྲང་བདེན་དང༌། བློ་རིག་དངས་གསལ་གྱི་སྒོ་ནས་སེལ་རྒྱུར་འདོད་མོས་ཡོད་ཚེ་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་བཟང་པོ་ཞིག་རྙེད་ངེས་ཡིན་པར་ད་དུང་ཡིད་ཆེས་བྱེད་བཞིན་ཡོད།

    ང་ཚོས་དངོས་ཐོག་བདེན་འཚོལ་དང༌། བློ་བརྟན་བབ་བརླིང་གི་སྒོ་ནས་ད་ལྟ་ཕན་གྱི་གནས་སྟངས་ལ་ཞིབ་འཇུག་གིས་ཉམས་མྱོང་ནས་བསླབ་བྱ་བླངས་ཏེ་བློ་གྲོས་དང་སྙིང་སྟོབས་ལ་བརྟེན་ནས་ཕུགས་རྒྱང་རིང་པོའི་ཁེ་ཕན་སྒྲུབ་དགོས་པའི་དུས་ལ་སླེབས་ཡོད། གྲོས་མོལ་བྱེད་པའི་རྩ་དོན་ནི། བོད་རྒྱའི་དབར་མཛའ་མཐུན་གཉིས་ཕན་དང༌། བརྟན་ལྷིང་གཅིག་གྱུར། རང་དབང་དང༌། མང་གཙོ། རང་སྐྱོང་བཅས་ཀྱི་ཐོག་ནས་བོད་མི་རིགས་དང༌། དེའི་རིག་གཞུང༌། ཁོར་ཡུག་བཅས་སྐྱོན་མེད་འཛིན་སྐྱོང་བྱེད་ཐབས་སྐོར་ཡིན། རྒྱ་ནག་གཞུང་གིས་རྩ་དོན་དེ་དག་སྣང་ཆུང་མངོན་མེད་དུ་བཏང་སྟེ་ང་ཚོས་བོད་ཀྱི་སྤྱི་ཚོགས་རྙིང་པ་སླར་གསོ་དང༌། ཏཱ་ལའི་བླ་མའི་ཐོབ་ཐང་རྩོད་གླེང་བྱེད་ལུགས་བརྗོད་བཞིན་ཡོད། ཏཱ་ལའི་བླ་མས་གཞུང་འཛིན་བྱེད་པའི་སྲོལ་ལུགས་གནས་དང་མི་གནས་བོད་མི་མང་ཚོགས་ནས་ཐག་གཅོད་བྱེད་རྒྱུ་ ༡༩༦༩ ལོར་གསལ་བསྒྲགས་ཟིན་པ་དང༌། ངོས་རང་སྒེར་གྱི་གནས་ཚུལ་ནི་ ༡༩༩༢ ལོར་གསལ་བསྒྲགས་ཇི་ལྟར་བགྱིས་པ་བཞིན་གཞིས་བྱེས་མཉམ་འཛོམས་བྱུང་མཚམས་ངོས་ནས་ཆབ་སྲིད་འགོ་འཁྲིད་ཀྱི་མིང་ཁུར་འགན་ལེན་མི་བྱེད་པ་ཡོངས་བསྒྲགས་ཐག་གཅོད་ཟིན་པ་ཡིན། སྤྱི་ཚོགས་རྙིང་པ་བསྐྱར་གསོ་ཟེར་བ་ནི་གཞིས་བྱེས་བོད་མི་སྤྱི་བོ་གནམ་བསྟན་སུ་ཞིག་གི་རྨི་ལམ་དུ་ཡང་མེད་པ་ཞིག་ཡིན་རུང༌། རྒྱ་ནག་གཞུང་གིས་འདི་སྐོར་གཞི་མེད་བསྙོན་འཛུགས་འཁྱོག་བཤད་བྱེད་པ་འདི་ལ་བློ་ཕམ་ཡོད། གནས་ཚུལ་འདི་རིགས་མཛའ་མཐུན་གྲོས་མོལ་ཡོང་རྒྱུར་ཕན་མེད་གནོད་རྐྱེན་འབྱུང་གཞིར་བརྟེན་སླད་འདི་རིགས་མི་ཡོང་བའི་རེ་བ་ཡོད།

    རྒྱལ་ཁབ་ཁག་གི་སྲིད་གཞུང་དང༌། གྲོས་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ། མི་སྒེར་བཅས་མང་པོ་ཞིག་ནས་བོད་ནང་གི་ཛ་དྲག་གནས་ཚུལ་ལ་བློ་འཚབ་ཆེན་པོ་གནང་སྟེ་རྒྱ་ནག་གཞུང་ལ་བོད་དོན་དཀའ་རྙོག་ཞི་བའི་གྲོས་མོལ་ལ་བརྟེན་ནས་སེལ་ཐབས་བྱེད་དགོས་པའི་སྐུལ་ལྕག་གནང་བར་ངོས་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཨ་རིའི་གཞུང་ནས་བོད་རྒྱ་ཕྱོགས་གཉིས་བར་གྲོས་མོལ་ཡོང་ཐབས་སུ་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་སྟེ་ཕན་ཚུན་འབྲེལ་མཐུད་ཡོང་རྒྱུའི་མིག་དཔེ་གསར་གཏོད་གནང་བ་དང༌། ཡོ་རོབ་གྲོས་ཚོགས་དང༌། ཨོ་སོ་ཊ་ལི་ཡའི་གྲོས་ཚོགས་གཉིས་ནས་ཀྱང་གོང་མཚུངས་འབྲེལ་མཐུད་སྐུ་ཚབ་བསྐོ་གཞག་བྱེད་དགོས་པའི་འབོད་སྐུལ་གནང་ཡོད། རྒྱལ་སྤྱིའི་ཁྲིམས་དོན་ལྷན་ཚོགས་ནས་ན་ནིང་ལོ་མཇུག་ཏུ་བོད་སྐོར་འགྲོ་བ་མིའི་ཐོབ་ཐང་དང༌། ཁྲིམས་ཀྱི་འགྲོ་ལུགས་ཞེས་པའི་སྙན་དེབ་ཅིག་བཏོན་ཡོད། དེ་དག་ནི་དུས་ལ་བབས་པ་དང༌། སེམས་འགུལ་ཐེབས་པའི་གནས་ཚུལ་ཞིག་ཡིན། དེས་མ་ཚད་རྒྱ་ནག་ནང་དང༌། ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་མང་པོས་ཀྱང་བོད་མི་མང་གི་སྡུག་བསྔལ་དང༌། གཞི་རྩའི་ཐོབ་ཐང་ལ་གདུང་སེམས་མཉམ་བསྐྱེད་དང༌། ངོས་ཀྱི་དབུ་མའི་ལམ་གྱི་གྲོས་འཆར་ལ་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་ཡོད་པ་འདི་དག་ང་ཚོ་བོད་མི་རྣམས་སེམས་ཤུགས་གོང་དུ་འཕེལ་བ་དང༌། སེམས་འགུལ་ཐེབས་པའི་དམིགས་བསལ་སྐུལ་ལྕག་ཆེན་པོ་ཞིག་ཡིན།

    འདི་ལོ་རྒྱ་གར་རང་དབང་རང་བཙན་བྱུང་ནས་མི་ལོ་ལྔ་བཅུ་སོང་བའི་དུས་དྲན་བྱེད་པའི་སྐབས་འདིར། ངས་བོད་མི་མང་གི་ཚབ་བྱས་ཏེ་རྒྱ་གར་གཞུང་དང༌། མི་མང་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག བོད་མི་བཙན་བྱོལ་བ་ཕལ་ཆེ་བའི་ཕ་ཡུལ་གཉིས་པར་གྱུར་པའི་བཀའ་དྲིན་ཚད་མེད་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་ནི་ང་ཚོ་བོད་མི་བཙན་བྱོལ་བའི་གནས་ཡུལ་བརྟན་པོ་ཞིག་ཡིན་པས་མ་ཚད། ཡུལ་འདིའི་གནའ་དུས་ཀྱི་གྲུབ་མཐའ་འཚེ་མེད་ཞི་བའི་ལྟ་བ་དང༌། གཏིང་ཟབ་པའི་མང་གཙོའི་ལམ་ལུགས་དེ་དག་གིས་ང་ཚོར་བློ་སྐྱེད་དང༌། ལམ་སྟོན་བཟང་པོ་ཐོབ་ཡོད། རྒྱ་གར་གཞུང་ལ་བོད་དོན་དཀའ་རྙོག་ཞི་བདེའི་ལམ་ནས་སེལ་བའི་ཆེད་དུ་དོན་ཕན་ལྡན་པའི་འགན་ཁུར་བཞེས་རྒྱུའི་འོས་བབས་ཡོད། ངོས་ཀྱི་དབུ་མའི་ལམ་ཕྱོགས་འདི་དག་རྒྱ་གར་གཞུང་གིས་བོད་དང་རྒྱ་ནག་ལ་འཛིན་པའི་གཞི་རྩའི་སྲིད་བྱུས་དང་མཐུན་གྱི་ཡོད་པས། རྒྱ་གར་གཞུང་ནས་བོད་རྒྱའི་བར་ཞི་མོལ་ཡོང་བའི་ཐབས་ཤེས་གནང་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད། བོད་ནང་ཞི་བདེ་དང༌། ལྷིང་འཇགས་མ་བྱུང་ཚེ་རྒྱ་དཀར་ནག་གཉིས་བར་ཡིད་ཆེས་བློས་འགེལ་ཐུབ་པའི་འབྲེལ་བ་གཏིང་ཟབ་ཅིག་ཡོང་རྒྱུ་ཧ་ཅང་དཀའ་བ་ཡིན།

    ང་ཚོའི་འཐབ་རྩོད་ཀྱི་ལམ་ཕྱོགས་འགྱོད་པ་མེད་པ་ཞིག་ཡོང་ཐབས་སུ་ངོས་ནས་མང་མོས་འོས་བསྡུ་བྱ་རྒྱུའི་བསམ་འཆར་བཏོན་པ་དེ་སྐོར་ན་ནིང་བཙན་བྱོལ་དུ་ཡོད་པའི་བོད་མི་དང༌། དེ་བཞིན་བོད་ནང་གི་མི་མང་གི་བསམ་འཆར་གང་ཐུབ་བསྡུ་ལེན་བྱས་པ་དང༌། ཁོང་ཚོའི་བསམ་འཆར་ཇི་ལྟར་བྱུང་བའི་ནང་ནས་མང་མོས་གཞི་རྩར་བཞག་སྟེ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཐོག་ནས་གྲོས་ཆོད་བཞག་པ་དེའི་ནང་མང་མོས་འོས་བསྡུའི་ཐོག་ནས་ཐག་གཅོད་བྱ་རྒྱུ་ཕྱིར་འཐེན་ཡོང་བ་དང༌། ངོས་ནས་གང་དགེའི་ཐག་གཅོད་བྱེད་དགོས་ཞེས་འཁོད་འདུག མི་མང་ནས་ངོས་ལ་རེ་བ་དང༌། ཡིད་ཆེས་བློས་འགེལ་དེ་ལྟ་བུ་བྱས་པ་ལ་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན།

    བོད་དོན་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་འདི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང༌། ལག་ལེན་འཁེལ་ཐུབ་པ་ཞིག་ཡིན་པར་ངོས་ནས་ངོས་འཛིན་བྱེད་ཀྱི་ཡོད། ལམ་ཕྱོགས་འདིའི་ཐོག་ནས་བོད་མི་རིགས་ལ་མེད་དུ་མི་རུང་བའི་ཐོབ་ཐང་ཁག་ཡོང་བ་དང༌། རྒྱ་ནག་གིས་གལ་ཆེར་ལྟ་བའི་གཅིག་གྱུར་དང་བརྟན་ལྷིང་ལའང་ཕན་ཐོགས་ཡོང་ངེས་ཡིན་པར་བརྟེན། ངོས་ནས་ལམ་ཕྱོགས་འདིའི་ཐོག་ནས་མུ་མཐུད་རྒྱ་ནག་གི་འགོ་ཁྲིད་ཚོར་འབྲེལ་མཐུད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། ང་ཚོའི་རང་དབང་གི་དོན་དུ་རང་སྲོག་བློས་གཏོང་བྱེད་མཁན་གྱི་བོད་མི་དཔའ་བོ་ཕོ་མོ་རྣམས་ལ་གུས་འདུད་དང༌། བོད་མིའི་སྡུག་བསྔལ་གང་མྱུར་སེལ་ཐུབ་པ་དང༌། འགྲོ་བ་ཀུན་ལ་བདེ་སྐྱིད་ཡོང་བའི་སྨོན་ལམ་བཅས།།   །།

འབྲེལ་ཡོད་གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་ཅིག་བཏོན། བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས། ༢༠༢༥།༦།༡༧
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་བཏོན།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཨ་ཕ་གསེར་གྱི་ཕོར་བའི་རྐང་སྤོལ་འགྲན་ཚོགས་སྒང་ཏོག་ཏུ་འཚོག་མུས་ཡིན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌེན་སི་མི་ཐི་མཆོག་ཨོ་གླིང་གི་ཕྱི་སྲིད་ལས་ཁུངས་ཀྱི་ཚོང་དོན་གྱི་བློན་ཆེན་གཞོན་པར་བསྐོས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༦
Mobile App

བཀའ་སྤྱི་གཉིས་ཀྱིས་འཚམས་འདྲི་གནང་། 

༢༠༢༥/༠༦/༡༦
༧གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།  ༢༠༢༥།༠༦།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།

༢༠༢༥/༠༦/༡༦
Advertisement for App

། ཨྱོན་སྨིན་གྲོལ་གླིང་དུ་སྔ་འགྱུར་བཀའ་མའི་དབང་གི་ཆོས་བརྡ་གསལ་བསྒྲགས།

༢༠༢༥/༠༦/༡༦
The bridge over the Indrayani river collapsed in Pune's Kundmala area on Sunday afternoon, officials say.
Mobile App

རྒྱ་གར་ནུབ་ཕྱོགས་སུ་ཟམ་པ་འགྱེལ་ནས་མི་གཉིས་རྐྱེན་འདས་སུ་ཕྱིན།

༢༠༢༥/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese