མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པ་འཚོལ་དུ་འགྲོ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་གནས་སྐབས་ལ་བཀའ་བློན་ཁྲི་པ་བསྐྱར་དུ་གདམ་ཆེད། བཅའ་ཁྲིམས་བསྐྱར་བཅོས་གཏོང་རྒྱུའི་རེ་བ་ཡོད་པ་མ་རེད། གལ་སྲིད་བསྐྱར་བཅོས་བྱས་པ་ཡིན་ན། དམངས་གཙོའི་ལམ་སྲོལ་དང་མཐུན་པ་ཞིག་ཆགས་ཀྱིན་ཡོད་པ་མ་རེད། གང་ཡིན་ཟེར་ན། གང་ཟག་ལ་བལྟས་ཏེ། ཁྲིམས་ལ་འགྱུར་བ་བཏང་བ་རེད། བཅའ་ཁྲིམས་འགྱུར་བ་གཏོང་ན་གང་ཟག་གི་དྲི་བ་མེད་པའི་སྐབས་ཤིག་ལ་གཏོང་དགོས་པ་རེད། ཅེས་བཀའ་ཁྲི་མཆོག་གིས་གསུངས་ཡོད།

 

བོད་ཀྱི་བུད་མེད་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་དང། ཕ་ཡུལ་དྲ་ཚིགས་དང་བསྟན་ནོར་བརྡ་འཕྲིན་གཉིས་ཀྱི་ཐད་གཏོང་མཐུན་འགྱུར་འོག དེ་རིང་ཕྱི་དྲོ་ཆུ་ཚོད་ ༤ སྟེང་བོད་གཞུང་ཟློས་གར་ཚོགས་ཁང་ནང་། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ཀྱིས་སྐྱ་སེར་མི་དམངས་དང་ལྷན་དུ། འབྱུང་འགྱུར་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་སྐོར་ལ་བགྲོ་གླེང་དང་། ཚོགས་ཞུགས་པ་དང་ཕྱི་རྒྱལ་ཁག་ནས་དྲ་བ་བརྒྱུད་དྲི་བ་བཏང་བ་ཁག་ལ་ལན་འདེབས་བཅས་གནང་སོང་། དེ་བཞིན་༧གོང་ས་མཆོག་གིས་དམངས་གཙོའི་ལམ་སྲོལ་ལྟར། བཀའ་བློན་ཁྲི་པ་འོས་འདེམས་ཀྱི་ལས་རིམ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་དང་། ཆོས་སྲིད་ཟུང་འགྲལ་ལ་གོ་པ་ལེན་ཕྱོགས་བཅས་ཀྱི་ཐད་བཀའ་སློབ་གནང་བའི་གློག་བརྙན་གཟིགས་འབུལ་བཅས་བྱས་སོང་།

 

སྐབས་དེར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་གནང་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་༼བཀའ་བློན་ཁྲི་པའི་འོས་ཤོག་དང་དེར་འཁྲི་བའི་གཞོན་སྐྱེས་ཚོའི་ལས་འགན༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། ང་ཚོའི་དམངས་གཙོའི་འཕེལ་རིམ་དེ་ལེའུ་གསུམ་ལ་དབྱེ་དགོས་པ་རེད། རིམ་པ་དང་པོ་སྤྱི་ལོ་ ༡༩༦༠ ནས་ ༡༩༩༠ བར་དང༌། རིམ་པ་གཉིས་པ་ ༡༩༩༡ ནས་ ༢༠༠༡ བར། རིམ་པ་གསུམ་པ་ ༢༠༠༡ ནས་མུ་མཐུད་བཞིན་པ་འདི་རེད། ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་དེ། དམངས་གཙོའི་འཕེལ་རིམ་ཐོག་ལ་གནད་འགག་ཆེ་ཤོས་ཤིག་ཆགས་ཡོད། བཙན་བྱོལ་སྤྱི་ཚོགས་ཀྱི་མི་རབས་ཤིག་ལ་འགྱུར་བ་འགྲོ་བཞིན་ཡོད། ང་རང་ལ་མཚོན་ནའང་རྒྱ་གར་ནས་སྐྱེས་པའི་ཕྲུ་གུ་ཞིག་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་འགན་འཁུར་བསྡད་པའི་གནས་སྟངས་ཆགས་ཡོད། ད་ནི་ལོ་གཞོན་ཚོས་བོད་ཀྱི་རྩ་དོན་ལ་འགན་འཁུར་རྒྱུའི་དུས་ལ་བབ་ཡོད། དམངས་གཙོའི་འཕེལ་རིམ་ཐོག་ལ། ཐོག་མའི་ལོ་ ༣༠ རིང་ང་ཚོས་འགྱུར་བ་ཆེན་པོ་གཏོང་ཐུབ་མེད། ༧གོང་ས་མཆོག་གི་དགོངས་དོན་བཞིན་འགྲུབ་ཡོད་པ་མ་རེད། ང་ཚོས་བསམ་བློ་བཏང་སྟེ་འགྱུར་བ་བཏང་བ་གཅིག་ཀྱང་མེད། ད་ལྟའང་༧གོང་ས་མཆོག་གིས་མ་འོངས་པའི་བཀའ་བློན་ཁྲི་པ་དེ་གཞོན་སྐྱེས་ཤིག་དང༌། བྱུང་ན་བུད་མེད་ཅིག་ཡག་པོ་འདུག་གསུངས་ཡོད། མི་དམངས་ཚོས་ཀྱང་༧གོང་ས་མཆོག་གི་དགོངས་པ་གཞི་ལ་བཞག་སྟེ། འོས་བསྡུའི་སྐབས་བསམ་བློ་གཏོང་དགོས་པ་རེད། ཅེས་གསུངས་བྱུང་།

 

ཁོས་བཀའ་བློན་ཁྲི་པ་གང་འདྲ་ཞིག་དགོས་མིན་ཐད་སྒེར་གྱི་ལྟ་ཚུལ་གསུངས་དོན། བཀའ་བློན་ཁྲི་པར་གཞོན་སྐྱེས་ཤིག་སླེབས་དགོས་པ་གང་ཞིག་ལ། གཞུང་ཞིག་གི་འགན་འཁུར་དགོས་སྟབས། ང་རང་གི་བསམ་ཚུལ་ལྟར་ན། ཆ་རྐྱེན་དང་པོ་དེ་མ་འོངས་པའི་བཀའ་བློན་ཁྲི་པ་དེ་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་འགྲོ་མཁན་ཞིག་དང་། དེ་ཐོག་ལ་ད་ལྟའི་བཀའ་ཤག་གི་སྲིད་བྱུས་རྒྱུན་བསྐྱང་ཐུབ་མཐུན་མཁན་ཞིག་བྱུང་ན་ཕན་ཐོགས་གི་རེད་བསམ་ཡོད། བཀའ་བློན་ཁྲི་པ་དེ་ལ་ཤེས་འཇོན་གཉིས་ལྡན་ཡིན་དགོས། ཤེས་ཡོན་གཅིག་པུ་ལས་འཇོན་ཐང་མེད་ན་འགྲིག་གིན་མེད་ལ། འཇོན་ཐང་གཅིག་པུ་ལས་ཤེས་ཡོན་མེད་ནའང་འགྲིག་གིན་མེད། བོད་པའི་བདེན་མཐའ་སེལ་ཆེད་འཕྲལ་ཕུགས་གཉིས་ཀར་བསམ་བློ་གཏོང་ཐུབ་མཁན། འཕྲལ་དུ་ད་ལྟའི་བཙན་བྱོལ་གྱི་གནས་སྟངས་རིང་བོད་མིའི་བདེ་སྡུག་ལ་ལྟ་ཐུབ་པ་དང། ཕུགས་ལ་བོད་དོན་བདེ་མཐའ་སེལ་བའི་བློ་བཀོད་རྒྱ་ཆེན་པོ་དང་གུ་ཡངས་པོ་ཡོད་པ། དེའི་ཐོག་ལ། དངོས་ཡོད་གནས་སྟངས་གཞིར་བཞག་སྟེ། དེང་གི་རྒྱལ་སྤྱིའི་འགྱུར་འགྲོས་དང་རྒྱ་ནག་གི་འགྱུར་འགྲོས། བོད་ནང་གི་འགྱུར་འགྲོས་བཅས་ཀྱི་དངོས་ཡོད་གནས་སྟངས་གཞིར་བཞག་སྟེ། སོ་སོའི་རྣམ་དཔྱོད་འདོན་ཐུབ་མཁན་གྱི་གང་ཟག་ཅིག་དགོས་པ་རེད། ཅེས་གསུངས་བྱུང་།

 

ཚོགས་གཙོས་མུ་མཐུད་དུ་དམངས་གཙོའི་སྤྱི་ཚོགས་ཤིག་ཡིན་ན། དམངས་གཙོར་འགན་འཁུར་དགོས་ཚུལ་གསུངས་དོན། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་འོས་ཤོག་ལྡུག་མཁན་ཧ་ཅང་ཉུང་ཉུང་རེད། ལྷག་པར་དུ་གཞོན་སྐྱེས་ཚོས་འོས་བསྡུའི་ཆ་ཤས་ལེན་སྟངས་སྐྱོ་བོ་རེད། བོད་ནང་ལ་གདམ་བྱ་འདམ་བྱེད་ཀྱི་དབང་ཆ་མེད། བཙན་བྱོལ་རང་དབང་ལུང་པ་ནས་འགན་འཁུར་དགོས། ལྷག་པར་དུ་ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཆགས་ཡོད་སྟབས། ཆབ་སྲིད་ལ་དོ་སྣང་བྱ་དགོས། བདམས་ཟིན་པའི་སྤྱི་འཐུས་ཡིན་ན་འདྲ་ལ། བཀའ་བློན་ཡིན་ནའང་འདྲ། ཁོང་ཚོས་ལས་དོན་བྱེད་ཕྱོགས་ལ་དུས་རྒྱུན་རྟོག་ཞིབ་བྱ་དགོས་པ་རེད། དམངས་གཙོའི་སྲིད་གཞུང་ཞིག་ལ་མཚོན་ན། གཞུང་བརྗེ་བོ་བརྒྱག་པའི་དབང་ཚད་དེ་མི་དམངས་ལ་ཡོད་པ་རེད། མི་དམངས་ཀྱིས་འགན་དེ་མ་ཁུར་བ་ཡིན་ན། མི་དམངས་ཀྱི་ངོས་ནས་འཐུས་ཤོར་ལ་བཏང་བ་རེད། གལ་སྲིད་འོས་བསྡུའི་ཆ་ཤས་བླངས་མེད་ན། གཞུང་གི་བྱེད་སྟངས་འགྲིག་མིན་གྱི་སྐད་ཆ་བཤད་པའི་ཐོབ་ཐང་ཡང་མེད། གང་ཡིན་ཟེར་ན། སོ་སོའི་ལས་འགན་འགྲུབ་ཡོད་པ་མ་རེད། མ་འོངས་བཀའ་བློན་ཁྲི་པའི་ཐད། ད་ལྟའི་བཀའ་བློན་བགྲེས་པ་ཡིན་ན་འདྲ་ལ། སྤྱི་འཐུས་རྒན་པ་ཚོ་ཡིན་ནའང་འདྲ། གཞུང་ཞབས་མ་ཡིན་པའི་སྤྱི་ཚོགས་ནང་གི་བོད་དོན་ལ་འགན་འཁུར་མཁན་སུ་ཞིག་ཡིན་ནའང་། ཁོང་ཚོའི་རྒྱབ་ལྗོངས་ཀྱི་གནས་ཚུལ་དང་། ལྟ་བ་ལངས་ཕྱོགས། ནམ་རྒྱུན་གྱི་ལས་དོན་བྱེད་སྟངས། མི་གཤིས་དང་སྤྱོད་པ་སོགས་ལ་རྒྱུས་ལོན་ཡག་པོ་བྱ་རྒྱ་གནད་འགག་རེད། མི་གཅིག་ནས་གཅིག་བརྒྱུད་དེ་འོས་བླུག་པ་ཡིན་ན། སོ་སོའི་མངོན་འདོད་མཚོན་པའི་སྐུ་ཚབ་ཅིག་སླེབས་ཐུབ་ཀྱིན་མེད། ཅེས་གསུངས་བྱུང་།

 

སྤེན་པ་ཚེ་རིང་མཆོག་གིས་འོས་བསྡུ་སྔ་མ་ཁག་ཅིག་ལ་བསྐྱར་ཞིབ་ཀྱིས་གསུངས་དོན། ༧གོང་ས་མཆོག་གིས་གསོལ་རས་སུ་བསྩལ་བའི་དམངས་གཙོའི་ལམ་སྲོལ་ཐོག་ལ་ང་ཚོས་དོ་སྣང་ག་ཚད་སྤྲོད་ཀྱིན་ཡོད་མེད། འོས་ཤོག་ལྡུག་སྐབས་ཆ་ཤས་ལེན་སྟངས་ལས་རྟོགས་ཐུབ་ཀྱིན་འདུག དཔེར་ན། སྐབས་བཅུ་གཅིག་པའི་སྤྱི་འཐུས་འོས་བསྡུའི་སྐབས་སུ། དེབ་སྐྱེལ་བྱེད་མཁན་ལྔ་ཁྲི་སུམ་སྟོང་ ༥༣༠༠༠ ལྷག་འདུག འོས་ལྡུག་མཁན་སུམ་ཁྲི་ཉིས་སྟོང་བརྒྱད་བརྒྱ་བརྒྱད་ཅུ་ ༣༢༠༠༠ ཙམ་རེད། དེབ་སྐྱེལ་བྱེད་མཁན་དང་འོས་ལྡུག་མཁན་གྱི་བརྒྱ་ ༦༡ ཙམ་རེད། སྐབས་བཅུ་གཉིས་པར་དེ་ལས་མར་ཆག་སྟེ། བརྒྱ་ཆ་ ༥༨ ཙམ་རེད། སྐབས་བཅུ་གསུམ་ལ་ཕྲན་བུ་ཡར་འཕར་ཏེ་བརྒྱ་ཆ་ ༦༠ རེད། སྐབས་བཅུ་བཞི་བར་དེབ་སྐྱེལ་བྱེད་མཁན་བརྒྱད་ཁྲི་ཉིས་སྟོང་དྲུག་བརྒྱ་ཉི་ཤུ་ ༨༢༦༢༠ འདུག འོས་ལྡུག་མཁན་བཞི་ཁྲི་སུམ་སྟོང་སུམ་བརྒྱ་གཉིས་ ༤༣༣༠༢ རེད། དེབ་སྐྱེལ་བྱེད་མཁན་ལས་འོས་ལྡུག་མཁན་བརྒྱ་ཆ་ ༥༢ ལས་ཟིན་མེད། ད་ལྟ་འགྲོ་བཞིན་པའི་མི་འབོར་ཞིབ་བཤེར་ལ་ཚོད་དཔག་བྱས་ན། བཙན་བཙོན་སྤྱི་ཚོགས་ནང་བོད་མི་ཆིག་འབུམ་སུམ་ཁྲི་ལྔ་སྟོང་ནས་བཞི་ཁྲིའི་བར་རེད། དེའི་ནང་ལོ་བཅོ་བརྒྱད་མན་ཆད་ཉིས་ཁྲི་བདུན་སྟོང་ ༢༧༠༠༠ ཙམ་རེད། དེ་དག་ཕུད་དེ་འོས་བསྡུའི་ཐོབ་ཐང་ཡོད་མཁན་ཆིག་འབུམ་ཉིས་ཁྲི་ལྷག་ཡོད་ཀྱང། བརྒྱ་ཆ་ ༣༩ ཙམ་གྱིས་སྤྱི་འཐུས་ ༤༣ ཐག་གཅོད་བྱས་ཡོད།

 

ཁོང་གིས་མུ་མཐུད་བསྟན་དོན། སྤྱི་ལོ་ ༢༠༠༡ ལོར་མི་དམངས་ཀྱིས་ཐད་ཀར་བཀའ་བློན་ཁྲི་པ་འོས་འདེམས་བྱས་སྐབས། དེབ་སྐྱེལ་བྱེད་མཁན་དྲུག་ཁྲི་བདུན་སྟོང་སུམ་བརྒྱ་བདུན་ཅུ་དོན་དྲུག་ ༦༧༣༧༦ འདུག དངོས་སུ་འོས་ལྡུག་མཁན་སུམ་ཁྲི་ལྔ་སྟོང་བརྒྱ་དང་བརྒྱད་ཅུ་གྱ་བཞི་ ༣༥༡༨༤ ཙམ་ལས་མི་འདུག དེབ་སྐྱེལ་བྱེད་མཁན་གྱི་བརྒྱ་ཆ་ལྔ་བཅུ་ང་གཉིས་ ༥༢ ལས་ཟིན་མེད། བཀའ་ཤག་སྐབས་བཅུ་གཉིས་པའི་སྐབས་སུ་དེབ་སྐྱེལ་བྱེད་མཁན་མང་དུ་ཕྱིན་ཏེ་བདུན་ཁྲི་ཉིས་སྟོང་ ༧༢༠༠༠ ཡོད་ཀྱང། འོས་ལྡུག་མཁན་ཉུང་དུ་ཕྱིན་ཏེ་སུམ་ཁྲི་ཉིས་སྟོང་ཉིས་བརྒྱ་ལྔ་ ༣༢༢༠༥ ལས་མི་འདུག བརྒྱ་ཆ་ ༤༦ ལྷག་ལས་ཟིན་མེད། མི་འབོར་ཆིག་འབུམ་ཉིས་ཁྲི་ལས་བརྒྱ་ཆ་ ༢༩ ཙམ་གྱིས་བཀའ་བློན་ཁྲི་པ་ཐག་གཅོད་བྱས་འདུག འདི་ལྟར་རང་དབང་ལུང་པ་ནས་དམངས་གཙོའི་ཆ་ཤས་ལེན་མ་ཐུབ་པ་ཡིན་ན། མ་འོངས་པའི་ང་ཚོའི་དམངས་གཙོའི་གནས་སྟངས་གསལ་བོ་རེད། ལྷག་པར་དུ་གཞོན་སྐྱེས་ཚོའི་ནང་འོས་ལྡུག་མཁན་ཧ་ཅང་ཉུང་ཉུང་རེད། སྐབས་བཅུ་གསུམ་པའི་བཀའ་བློན་ཁྲི་པའི་འོས་བསྡུ་དང། སྐབས་བཅུ་བཞི་བའི་སྤྱི་འཐུས་འོས་བསྡུའི་སྐབས། འོས་བསྡུ་ལྷན་ཁང་གི་ངོས་ནས་ཅན་ངྡི་སྒར་དང་མན་ལོའི་སློབ་ཕྲུག་ཚོའི་ཆེད་དུ་ས་གནས་འོས་བསྡུ་ལྷན་ཁང་བཙུགས་འདུག འོན་ཀྱང། འོས་ལྡུག་མཁན་གཅིག་ཀྱང་བྱུང་མི་འདུག དེ་ལ་གཞིགས་ན། གཞོན་སྐྱེས་ཚོས་དམངས་གཙོའི་ཐད་དོ་སྣང་ཅི་ཙམ་སྤྲོད་ཀྱིན་ཡོད་པ་ཡང་གསལ་བོ་རེད། ཅེས་གསུངས་བྱུང་།

 

མཇུག་མཐར་ཁོང་གིས་མང་ཚོགས་ཁྲོད་ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བསྐྱར་དུ་ཕེབས་རྒྱུའི་རེ་བ་ཡོད་སྐོར་གསུངས་དོན། སྤྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་ཐད་ད་ལྟ་ནས་ང་ཚོའི་སྤྱི་འཐུས་ལྷན་ཁང་ལ་ཡི་གེ་མང་པོ་འབྱོར་ཡོང་གིན་འདུག ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བསྐྱར་དུ་བཞུགས་དགོས་ཀྱིན་འདུག དེའི་ཆེད་དུ་བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་ཀྱིན་འདུག ཅེས་རེ་འདུན་འདོན་བཞིན་འདུག དེའི་ཐད་མང་ཚོགས་ཀྱི་བསམ་ཚུལ་ཤུགས་ཆེན་སླེབས་ན་བཅའ་ཁྲིམས་བསྐྱར་བཅོས་ཐད། ལས་རིམ་ཞིག་གྲོས་ཚོགས་ནང་འཁྱེར་དགོས་པ་རེད། བཅའ་ཁྲིམས་བསྐྱར་བཅོས་བྱེད་པར་གྲོས་ཚོགས་འཐུས་མིའི་རྩ་འབོར་གསུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་དགོས་ལ། ད་ལྟ་སྤྱི་འཐུས་ ༤༣ ལས་འཐུས་མི་ ༢༨ གྱིས་རྒྱབ་སྐྱོར་ཐོབ་དགོས། ཅེས་གསུངས་སོང་།

 

དེའི་རྗེས་བཀའ་བློན་ཁྲི་པ་མཆོག་གིས་༼ ཛ་དྲག་གི་གནས་བབ་དང་བཀའ་བློན་ཁྲི་པའི་འགན་འཁུར༽ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། སྤྱིར་འཛམ་གླིང་ཡོངས་རྫོགས་ཧ་ཅང་གི་ཛ་དྲག་གི་གནས་བབ་ཅིག་གི་འོག་འགྲོ་བཞིན་ཡོད་ལ། ༧གོང་ས་མཆོག་གིས་ག་དུས་ཡིན་ནའང་ད་ལྟའི་འཛམ་གླིང་ཉེན་ཁ་དང་འགལ་རྐྱེན་མི་འདྲ་བ་ ༥ ཙམ་གྱི་ཁ་གཏད་གཅོག་དགོས་ཀྱིན་ཡོད་པ་དང། འགལ་རྐྱེན་དེ་དག་རེ་རེ་ལའང་ས་ཡི་གོ་ལ་འདི་རྩ་མེད་གཏོང་ཐུབ་པའི་ནུས་པ་ཡོད། འགྲོ་བ་མིའི་རིགས་ཀྱིས་མཚོན་པའི་སྲོག་ལྡན་གྱི་སྐྱེས་འགྲོ་ཡོངས་རྫོགས་འཚོ་གནས་ཐུབ་པ་ཞིག་ཡོང་གིན་ཡོད་འགྲོ། འཚོ་གནས་བྱ་མ་ཐུབ་པར་སྐལ་བ་འཇིག་པའི་གནས་སྐབས་ཤིག་ཏུ་སླེབས་ཀྱིན་ཡོད་བཤད་མ་ཐུབ་པ་ཞིག་ཆགས་ཡོད། ཅེས་ཁོང་གིས་མུ་མཐུད་དེ་དེང་སང་འཛམ་གླིང་ནང་ཛ་དྲག་གི་དཀའ་ངལ་ཆེན་པོ་ ༥ ཙམ་ཡོང་གིན་ཡོད་པ་རིམ་པ་བཞིན་ངོ་སྤྲོད་གནང་དོན། ཛ་དྲག་གི་དཀའ་ངལ་དང་པོ། མི་འབོར་འཕེལ་རྒྱས་ཀྱི་གནས་སྟངས་དེ་ཛ་དྲག་གི་དཀའ་རྙོག་ཅིག་རེད། འཛམ་གླིང་ནང་མཚམས་ཚོད་མེད་པར་མི་འབོར་འཕེལ་གྱིན་ཡོད། དེའི་དབང་གིས་དཔལ་འབྱོར་དང་མཐུན་རྐྱེན་ཅི་ཙམ་ཡར་རྒྱས་ཕྱིན་ཡང། དེས་མི་འབོར་འཕེལ་རྒྱས་ཀྱི་རྗེས་ཟིན་ཐུབ་གི་མེད། ལྷག་པར་དུ་རྒྱ་དཀར་ནག་ལྟ་བུ་ཡར་རྒྱས་འགྲོ་བཞིན་པའི་ཡུལ་ལུང་དག་ལ་མཚོན་ན། དངོས་པོའི་ཡར་རྒྱས་ཀྱི་མྱུར་ཚད་ཧ་ཅང་མགྱོགས་ཀྱང། མངོན་གསལ་དོད་པོས་མཐོང་མི་ཐུབ་པ་དེ་ནི། མི་འབོར་འཕེལ་རྒྱས་དེ་དངོས་པོའི་ཡར་རྒྱས་ཀྱི་ཚད་གཞི་ལས་བརྒལ་བ་རེད།

 

ཛ་དྲག་གི་དཀའ་ངལ་གཉིས་པ། དཔལ་འབྱོར་འདྲ་མཉམ་མེད་པ་དང་ཆབ་སྲིད་འདྲ་མཉམ་མེད་པ། ཕན་ཚུན་ལ་བཙན་གནོན་དང་བཤུ་གཞོག་བྱེད་པ། ཕྱུག་པོ་དང་དབུལ་བོ་གཉིས་ལ་བར་ཁྱད་ཆེན་པོ་ཤོར་བ་བཅས་རེད། དངོས་ཡོད་གནས་སྟངས་ཐོག་སྐྱོ་བོ་ཡིན་པ་དེ་ཙམ་མང་པོ་མེད། འོན་ཀྱང། བལྟས་ས་བལྟས་འཇོག་གིས་སྐྱོ་བོ་ཡིན་པ་ཧ་ཅང་ཤུགས་ཆེན་པོ་རེད། འཛམ་གླིང་ཁྱོན་ཡོངས་ཀྱི་འཐོན་འབབ་ཡོངས་རྫོགས་ཀྱི་བརྒྱ་ཆ་བརྒྱད་ཅུ་ ༨༠ དེ་འཛམ་གླིང་གི་མི་འབོར་བརྒྱ་ཆ་ཉི་ཤུ་ ༢༠ ཙམ་གྱིས་འབད་མེད་ལོངས་སྤྱོད་བྱེད་ཀྱིན་ཡོད། འཛམ་གླིང་གི་མི་འབོར་བརྒྱ་ཆ་ ༨༠ ཙམ་ཤི་ན་གསོན་ན་འཐོན་འབབ་བརྒྱ་ཆ་ ༢༠ ཙམ་ལ་བརྟེན་ཡོད། དེ་ཧ་ཅང་གི་ཛ་དྲག་གི་གནས་སྟངས་ཤིག་རེད། ཚོང་པའི་དབང་བསྒྱུར་བྱེད་པའི་དུས་རབས་དེ་འགྲོ་བཞིན་ཡོད། རྒྱུ་སུ་ལ་ཆེ་ན་དེ་མ་གཏོགས། དྲང་བདེན་དང་ཁྲིམས་མཐུན་ཟེར་བ་དེ་རིགས་སྐད་ཆ་རྙིང་པ་ཆགས་ཚར་བ་རེད།

 

ཛ་དྲག་གི་དཀའ་ངལ་གསུམ་པ། ཁོར་ཡུག་ཉམས་ཆག་དེ་རེད། ཁོར་ཡུག་ཉམས་ཆག་ཚད་ལས་བརྒལ་བ་ཕྱིན་པར་བརྟེན། ལྷག་པར་དུ་འཛམ་གླིང་བཟོ་ལས་ཅན་དུ་གྱུར་བ་ནས་བཟུང། ལོ་ཉིས་བརྒྱ་ ༢༠༠ ལྷག་རིང་འཛམ་གླིང་གི་སྣོད་ཀྱི་བཀོད་པའི་རང་བྱུང་འབྱུང་ཁམས་དེར་ཧ་ཅང་གི་བརྡབ་གསིག་བཏང་ཡོད། དཔེར་ན། མི་སྲོག་འཚོ་བར་མེད་དུ་མི་རུང་བའི་འཐུང་ཆུ་དང༌། དབུགས་དབྱུང་རྔུབ་བྱེད་པའི་རླུང་སོགས་ཀྱང་གཙང་མ་ཞིག་རག་གིན་མེད། དེང་སང་དངུལ་སྤྲད་དེ་ཤེལ་དམ་ནང་གི་ཆུ་ཉོས་ན་མ་གཏོགས། རྒྱུགས་ཆུ་ཆེན་པོ་ཡོད་ཀྱང་འཐུང་མི་རུང་བ་ཆགས་ཡོད། རིམ་གྱིས་དབུགས་རྔུབ་པའི་རླུང་དེ་ཡང་ཤེལ་དམ་ནང་འཁྱེར་དགོས་པའི་དུས་ཤིག་མགྱོགས་པར་ཤར་སྲིད་པ་རེད། གྲོང་ཁྱེར་ཆེ་ཁག་གི་ཁྲོམ་སྲིང་ལམ་དུ་ཁང་ཆུང་རེ་བཙུགས་ཏེ། དབུགས་རྔུབ་ས་བཟོ་མགོ་བཙུགས་ཚར་ཡོད། ནམ་ཞིག་རྒྱབ་ཁུག་ནང་བཏུང་བྱའི་ཆུ་དང་མཉམ་དུ་རྔུབ་བྱའི་དབུགས་ཀྱང་འཁྱེར་དགོས་པའི་དུས་ཤིག་མི་རིང་བར་འཆར་སྲིད་པ་ཞིག་ཆགས་ཡོད།

 

ཛ་དྲག་གི་དཀའ་ངལ་བཞི་བ། འཚེ་བའི་གནས་སྟངས་དེ་རེད། སྔོན་མ་ཡིན་ན་ས་ཁྱོན་དང་དཔལ་འབྱོར། དབང་ཆ་བཅས་ཀྱི་ཆེད་དུ་འཚེ་བ་བྱེད་ཀྱིན་ཡོད་ལ། དམག་རྒྱག་པ་ལྟ་བུར་མཚོན་ན། གཅིག་ལ་ཐོབ་ཅིང་ཆིག་ཤོས་ཤོར་རྗེས་རྫོགས་འགྲོ་བ་རེད། འོན་ཀྱང་། དེང་སྐབས་དམག་གི་ལས་དོན་དེ་ཚོང་ཆགས་བསྡད་ཡོད། འཇིགས་སྐུལ་རིང་ལུགས་ཟེར་བ་དེ་ཡང་། འཇིགས་སྐུལ་རིང་ལུགས་གང་ཡང་མ་རེད་ཚོང་རེད། མཚོན་ཆ་བཟོ་སྐྲུན་བྱེད་མཁན་དེ་ཚོའི་ཁྲོམ་རྭ་གནས་དགོས་པ་རེད། ད་ལྟའི་འཛམ་གླིང་གི་བཟོ་གྲྭའི་ནང་དུ་སྟོབས་ཤུགས་ཆེ་ཤོས་དང་མཐུན་རྐྱེན་ཆེ་ཤོས་དེ་མཚོན་ཆ་དང་མཚོན་ཆ་དང་འབྲེལ་བའི་དམག་འཐབ་ཀྱི་ཐད་དུ་འགྲོ་བཞིན་ཡོད། འཛམ་གླིང་གི་བཟོ་གྲྭའི་བརྒྱ་ཆ་ ༢༧ ཙམ་འཚེ་བའི་མཐུན་རྐྱེན་བྱེད་མཁན་ཁོ་ན་ཆགས་ཡོད། ཁོང་ཚོ་གནས་དགོས་པར་འཛམ་གླིང་ལ་འཚེ་བ་མེད་པར་སྡོད་ཐབས་མེད། ཡང་ན་དམག་བརྒྱག་དགོས་ལ། དེ་མིན་ན་འཇིགས་སྐུལ་རིང་ལུགས་པ་ཡོད་དགོས། ཝེ་ཏི་ནཱེམ་གྱི་དམག་འཁྲུག་ལོ་བཅུ་གྲངས་ལ་སྡོད་དགོས་དོན་ཅི་རེད། ཁེ་ཕན་རག་འདོད་ན་བདུན་ཕྲག་ཁ་ཤས་ནང་དམག་ཐོབ་ཐུབ་པའི་ནུས་པ་ཡོད་ལ། ཁེ་ཕན་རག་མ་འདོད་པར་དམག་ཕྱིར་འཐེན་བརྒྱག་པ་ཡིན་ན། ཆུ་ཚོད་ ༢༤ ནང་ལྷིང་འཇགས་ཡོང་ཐུབ་པའི་ནུས་པ་ཡོད། དམག་ཐོབ་རྒྱུ་དང་དམག་ཕྱིར་འཐེན་གཉིས་ཀ་ཁོང་ཚོའི་དམིགས་ཡུལ་མ་རེད། དམག་འཁྲུག་མུ་མཐུད་རྒྱུན་བསྲིང་རྒྱུ་དེ་ཁོང་ཚོའི་དམིགས་ཡུལ་རེད། ཅི་ཙམ་རྒྱུན་བསྲིང་ཐུབ་ན་དེ་ཙམ་གྱིས་མཚོན་ཆ་དང་དམག་ཆས་བྲིན་གྱིན་ཡོད། དེ་དག་ལ་བསམ་བློ་བཏང་ན་ཧ་ཅང་འཇིགས་སྣང་སྐྱེས་པ་ཞིག་རེད། དཔེར་ན། སྨན་པ་ཞིག་གིས་སྨན་བཅོས་བྱེད་པ་དེ་ཁོ་རང་གི་འཚོ་ཐབས་རེད་ལ་ཚོང་ཡང་རེད། སྨན་བཟོ་མཁན་ལའང་ཚོང་རེད། དེར་བརྟེན། འཛམ་གླིང་མི་མང་ཚང་མ་ནད་མེད་པ་བཟོ་འདོད་ནམ་ཡང་ཡོད་པ་མ་རེད། མི་ཚང་མ་ནད་མེད་ཆགས་ན། སྨན་པ་ཚང་མ་ལྟོགས་ཤི་ཐེབས་པའི་ཉེན་ཁར་ཐུག་ཡོད། རྒྱ་གར་ལ་གཏམ་དཔེ་ཞིག་ཡོད། སྨན་པ་དང་ཁྲིམས་རྩོད་པར་ཐེངས་གཅིག་འབྲེལ་བ་བྱས་ཚར་ན། མ་ཤི་བར་མུ་མཐུད་འབྲེལ་བ་བྱ་དགོས། གྲོགས་པོ་བརྟན་ཤོས་དེ་ཆགས་ཡོད་ཟེར་སྲོལ་ཡོད།

 

ཛ་དྲག་གི་དཀའ་ངལ་ལྔ་བ། ཡ་མཚན་པ་ཞིག་ལ། མཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་བྱེད། སྐྱེ་འགྲོ་ཐམས་ཆད་བདེ་ལ་འགོད་མཁན་ཆོས་རེད། སེམས་ཅན་གྱི་ཁམས་དང་མོས་པར་བརྟེན་ཏེ་ཆོས་བརྒྱུད་མང་པོ་ཞིག་དར་ཡོད། དེང་སྐབས་ཆོས་ཟེར་བའི་མིང་དེ་ཡང་བགོ་བཤའ་རྒྱག་པ་དང། འཐབ་རྩོད་བྱེད་པ། ཤོག་ཁག་བཟོ་བ་བཅས་ཀྱི་ཆ་རྐྱེན་ཞིག་ཏུ་བེད་སྤྱོད་བཏང་སྟེ། ཆོས་ལུགས་བར་གྱི་འཐབ་རྩོད་ཟེར་བ་དང། ཆོས་ལུགས་བར་གྱི་བཟོད་བསྲན་མེད་པ་ཟེར་བའི་གནས་སྟངས་ཆགས་ཀྱིན་ཡོད། ཛ་དྲག་གི་དཀའ་ངལ་འདི་དག་ལྔ་བོ་འཛམ་གླིང་གི་ཉེན་ཁ་ཆེ་ཤོས་དེ་ཆགས་ཀྱིན་ཡོད། དེ་འདྲ་ཞིག་གི་གནས་བབ་འོག་ཏུ་བསྡད་ཡོད་སྟབས། ང་ཚོ་ག་དུས་ཡིན་ནའང་ཛ་དྲག་ཅིག་ལས་བརྟན་བརླིང་དང་ཞི་འཇམས་ཀྱིས་སྐར་ཆ་གཅིག་ལ་ཡང་སྡོད་ས་མེད། ཅེས་གསུངས་བྱུང་།

 

དེ་ནས་ཁོང་གིས་བོད་ནང་གི་འདས་དོན་ལ་ཕྱིར་དྲན་གྱིས་གསུངས་དོན། གནས་ཚུལ་དེ་དག་གི་འོག་ནས་བོད་ནང་ལ་བལྟས་པ་ཡིན་ན། དེ་ལས་ལྷག་པའི་ཛ་དྲག་གི་གནས་སྟངས་འོག་བསྡད་ཡོད་ཚང་མས་མཁྱེན་གསལ་རེད། ༡༩༥༡ ནས་ད་ལྟའི་བར་བོད་མི་རིགས་ཀྱི་གནས་བབ་ག་འདྲ་ཆགས་ཡོད། སྡུག་བསྔལ་ག་འདྲ་ཞིག་མྱང་ཡོད། ལྷག་པར་དུ་ང་དགུའི་རྗེས་སུ་ཟིང་འཁྲུག་ཞོད་འཇགས་ཀྱི་མིང་ཐོག་ནས་ང་ཚོའི་མི་ག་ཚོད་ཅོག་ཤི་བ་དང་། མནར་གཅོད་མྱང་བ། རང་ཤི་བརྒྱབས། མི་འབོར་ཡོངས་ཀྱི་བརྒྱ་ཆ་ ༢༠ ལྷག་རྩ་མེད་ཕྱིན་པ་རེད། མི་རིགས་ཤིག་དང་རིག་གཞུང་ཞིག ལེགས་བྱང་ཞིག་གི་ཆགས་འཇིག་གི་གནས་བབ་ལ་ཐུག་པ་རེད། ལྷག་པར་དུ་སྔར་ལོའི་སྤྱི་ཟླ་ ༣ ནས་བཟུང་། ད་ལྟའི་བར་བོད་ས་ཁྱོན་ཡོངས་ནས་ཉིན་རེའི་འཚོ་བ་ག་འདྲ་ཞིག་སྐྱེལ་གྱིན་ཡོད། འཇིགས་སྐྲག་གང་འདྲ་ཞིག་ཡོང་གིན་ཡོད། ང་ཚོ་རང་དབང་ལུང་པར་སྡོད་མཁན་ཚོས་ཚོད་དཔག་ཙམ་ཡང་བྱ་དཀའ་བ་ཆགས་ཡོད། ད་ལྟ་ཆར་ཛ་དྲག་གི་གནས་ཚུལ་གསར་བ་གང་ཞིག་མཐོང་གིན་ཡོད་ཟེར་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་ནང་ལྷིང་འཇགས་ཡོང་རྒྱུར་འདོད་པ་མེད་པའི་རྣམ་འགྱུར་ཞིག་ཐོན་ཡོང་གིན་ཡོད། ག་དུས་ཡིན་ན་ཡང་ཟིང་ཆ་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད། ཅེས་གསུངས་བྱུང་།

 

ཁོང་གིས་མུ་མཐུད་དུ་བཀའ་བློན་ཁྲི་པའི་འགན་འཁུར་ཐད་གསུངས་དོན། བཀའ་བློན་ཁྲི་པའི་འགན་ཁུར་ཟེར་བ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཞེ་དྲག་གསལ་བོ་ཡོད། ཅེས་བཅའ་ཁྲིམས་ཀྱི་དོན་ཚན་ཁག་དང༌། བཀའ་བློན་ཁྲི་པའི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་ཁག་ཅིག་སྦྱར་ཀློག་གནང་སོང་ལ། མཇུག་མཐར་ཁོང་གིས་བཀའ་བློན་ཁྲི་པའི་ལས་འགན་སྐོར་ལ་དཔེ་མཚོན་ཞིག་གསུངས་དོན། ཉེ་ཆར་བཙན་བྱོལ་ནང་གི་གནད་ཡོད་མི་སྣ་ཞིག་དང་བོད་ནས་ཕེབས་པའི་མཁས་དབང་ཞིག་གི་བར་བཀའ་མོལ་ཞིག་བྱུང་འདུག བོད་ནས་ཡོང་བའི་མཁས་དབང་དེས། སྐྱབས་མགོན་རིན་པོ་ཆེ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་མ་འདས་སྤྲུལ་སྐུ་ངོས་འཛིན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་མ་བྱས་ན། རྒྱལ་བ་སྐུ་ཕྲེང་བཅུ་བཞི་དང་བཅོ་ལྔའི་བར་དབུ་ཁྲིད་ཀྱི་སྟོང་ཆ་ལྷག་རྒྱུའི་ཉེན་ཁ་འདུག ཅེས་གསུངས་སྐབས། གནད་ཡོད་མི་སྣ་དེས་༧གོང་ས་མཆོག་གིས་ ༢༠༠༡ ནས་མ་འདས་སྤྲུལ་སྐུ་ངོས་འཛིན་གནང་ཟིན་པ་རེད། གང་རེད་ཟེར་ན། བཀའ་བློན་ཁྲི་པ་མང་ཚོགས་ཀྱི་ནང་ནས་འོས་འདེམས་བྱས་ཏེ་ཡོང་བ་ཡིན་སྟབས། མ་འདས་སྤྲུལ་སྐུ་དང་གཅིག་པ་རེད། ༧རྒྱལ་བ་རིན་པོ་ཆེ་བཞུགས་མིན་ལ་མ་ལྟོས་པར་ཆབ་སྲིད་མགོ་ཁྲིད་ཀྱི་སྟོང་ཆ་མ་ལྷག་པ་བཟོས་ཟིན་ཡོད། ཅེས་ལན་བརྒྱབས་འདུག དེ་ནི་བཀའ་བློན་ཁྲི་པའི་ལས་འགན་ལ་སྡོམ་ཆེན་པོ་ཞིག་བརྒྱབས་པ་རེད། ཅེས་གསུངས་སོང་།

 

དེའི་རྗེས་ཀྱི་དྲི་བ་དྲིས་ལན་སྐབས། སྒྲོན་དཀར་ཚེ་རིང་ཞུ་བ་ཞིག་གིས་དྲ་བརྒྱ་བརྒྱུད་དེ། བཀའ་ཁྲི་མཆོག་ལ། བཀའ་བློན་ཁྲི་པར་བསྐྱར་དུ་བཞུགས་འདོད་ཡོད་མེད་དྲིས་པའི་ལན་དུ་བཀའ་ཁྲི་མཆོག་གས། དྲི་བ་དེར་ལན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བརྒྱབས་ཡོད། ད་ལྟའི་གནས་སྐབས་ལ་བཀའ་བློན་ཁྲི་པ་བསྐྱར་དུ་གདམ་ཆེད། བཅའ་ཁྲིམས་བསྐྱར་བཅོས་གཏོང་རྒྱུའི་རེ་བ་ཡོད་པ་མ་རེད། གལ་སྲིད་བསྐྱར་བཅོས་བྱས་པ་ཡིན་ན། དམངས་གཙོའི་ལམ་སྲོལ་དང་མཐུན་པ་ཞིག་ཆགས་ཀྱིན་ཡོད་པ་མ་རེད། གང་ཡིན་ཟེར་ན། གང་ཟག་ལ་བལྟས་ཏེ། ཁྲིམས་ལ་འགྱུར་བ་བཏང་བ་རེད། བཅའ་ཁྲིམས་འགྱུར་བ་གཏོང་ན་གང་ཟག་གི་དྲི་བ་མེད་པའི་སྐབས་ཤིག་ལ་གཏོང་དགོས་པ་རེད། ད་ལྟའི་ཆར་ང་ཚོར་མི་ཡག་པོ་མི་འདུག ཅེས་གང་ཟག་ཅིག་ལ་བལྟས་ཏེ། ཁྲིམས་ལ་འགྱུར་བ་བཏང་ན། ང་ཚོ་དུས་རབས་བདུན་པའི་ནང་ཕྱིར་ལོག་བརྒྱབས་པ་རེད། དེ་འགན་མ་འཁུར་བའི་སྐད་ཆ་རེད། མང་ཚོགས་ཀྱིས་དམངས་གཙོ་ལ་འགན་འཁུར་གྱིན་མི་འདུག་ཟེར་བ་ལས་འགན་མ་འཁུར་བ་ཆེ་ཤོས་ཤིག་རེད། ཅེས་གསུངས་བྱུང་།

 

 

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༡ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 12

  1. སྐལ་བུ་ says:
    ལོ་ 16 སྔོན།

    སུ་ཞིག་གིས་བཀའ་ཁྲི་འཚོལ་སའི་དྲ་རྒྱའི་ཁ་བྱང་ཞིག་འདི་རྒྱུད་ནས་་་་་་་་་་་་་་་་་་་་་་་་་་་་་

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་གྲོགས་ཀེ་ལ་ཤ་ལགས། ཉིན་དེའི་བགྲོ་གླེང་གི་གོ་རིམ་ཁྲོད་གནད་ཁག་ཁ་ཤས་ཤིག་བྱུང་ཡོད་པའི་ནང་ནས། ཁྱེད་ཀྱིས་ངོས་འཛིན་བྱས་པ་དེ་གལ་ཆེ་གྲས་ཤིག་རེད། ང་རང་གིས་གོ་ཚོད་ལྟར་ན། གོང་གི་ཟམ་གདོང་རིན་་པོ་ཆེ་ཡིས་གསུངས་པའི་སྐད་ཆ་དེ་རྒྱ་རིགས་རྩོམ་པ་པོ་ཝང་ལུ་ཞུང་གི་རྩོམ་ཡིག་ཅིག་ཏུ་བཀོད་ཡོད་པ་དང་། རྩོམ་ཡིག་དེའི་ནང་ཝང་ལུ་ཞུང་གིས་འདི་ལྟར་བརྗོད་རབས་འདུག ༼མི་ཞིག་གིས་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལ། གལ་སྲིད་༧གོང་ས་མཆོག་གི་སྐུ་འཚོ་བཞུགས་རིང་། མ་འདས་སྤྲུལ་སྐུའམ་ཐག་གཅོད་གང་རུང་ཞིག་མ་བྱུང་བ་ཡིན་ན། ༧གོང་ས་མཆོག་གློ་བར་དུ་དགོངས་པ་རྫོགས་སྐབས། བོད་དོན་དེ་ཡ་མཚན་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་པ་མ་རེད་དམ། ཞེས་དྲིས་པའི་ལན་དུ་རྒྱ་རི་རིན་པོ་ཆེ་ཡིས། ང་དེ་ལ་སེམས་ཁྲལ་ཁྱོན་ནས་མེད། གང་ཡིན་ཟེར་ན་༧གོང་ས་མཆོག་གིས་སྔ་མོ་ནས་མ་འདས་སྤྲུལ་སྐུ་བཙལ་ཚར་ཡོད་པ་རེད། ཅེས་ལན་བརྒྱབས་སྐབས། མི་དེས་༧གོང་ས་མཆོག་གིས་འཚོལ་བའི་མ་འདས་སྤྲུལ་སྐུ་དེ་གང་དུ་ཡོད་པ་རེད། སུ་རེད་ཅེས་དྲིས་པའི་ལན་དུ་རྒྱ་རིན་མཆོག་གིས་སླར་ཡང་། དམངས་གཙོ་རེད། ཅེས་ལན་འདེབས་བྱས་འདུག ༽ ཅེས་བཀོད་ཡོད་འདུག

    Reply
  3. ཀེ་ལ་ཤ། says:
    ལོ་ 16 སྔོན།

    མཇུག་མཐར་ཁོང་གིས་བཀའ་བློན་ཁྲི་པའི་ལས་འགན་སྐོར་ལ་དཔེ་མཚོན་ཞིག་གསུངས་དོན། ཉེ་ཆར་བཙན་བྱོལ་ནང་གི་གནད་ཡོད་མི་སྣ་ཞིག་དང་བོད་ནས་ཕེབས་པའི་མཁས་དབང་ཞིག་གི་བར་བཀའ་མོལ་ཞིག་བྱུང་འདུག བོད་ནས་ཡོང་བའི་མཁས་དབང་དེས། སྐྱབས་མགོན་རིན་པོ་ཆེ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་མ་འདས་སྤྲུལ་སྐུ་ངོས་འཛིན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་མ་བྱས་ན། རྒྱལ་བ་སྐུ་ཕྲེང་བཅུ་བཞི་དང་བཅོ་ལྔའི་བར་དབུ་ཁྲིད་ཀྱི་སྟོང་ཆ་ལྷག་རྒྱུའི་ཉེན་ཁ་འདུག ཅེས་གསུངས་སྐབས། གནད་ཡོད་མི་སྣ་དེས་༧གོང་ས་མཆོག་གིས་ ༢༠༠༡ ནས་མ་འདས་སྤྲུལ་སྐུ་ངོས་འཛིན་གནང་ཟིན་པ་རེད། གང་རེད་ཟེར་ན། བཀའ་བློན་ཁྲི་པ་མང་ཚོགས་ཀྱི་ནང་ནས་འོས་འདེམས་བྱས་ཏེ་ཡོང་བ་ཡིན་སྟབས། མ་འདས་སྤྲུལ་སྐུ་དང་གཅིག་པ་རེད། ༧རྒྱལ་བ་རིན་པོ་ཆེ་བཞུགས་མིན་ལ་མ་ལྟོས་པར་ཆབ་སྲིད་མགོ་ཁྲིད་ཀྱི་སྟོང་ཆ་མ་ལྷག་པ་བཟོས་ཟིན་ཡོད། ཅེས་ལན་བརྒྱབས་འདུག དེ་ནི་བཀའ་བློན་ཁྲི་པའི་ལས་འགན་ལ་སྡོམ་ཆེན་པོ་ཞིག་བརྒྱབས་པ་རེད།

    གོང་དུ་གསར་འགྱུར་ནང་གསལ་བའི་ཚིག་དེ་འདིར་བསྐྱར་བཀོད་བྱས་ཡོད།

    Reply
  4. ཀེ་ལ་ཤ། says:
    ལོ་ 16 སྔོན།

    བཀའ་ཁྲི་དང་འབྲེལ་བའི་བགྲོ་གླེང་གི་མཛད་སྒོ་དེར་ང་བཅར་རྒྱུ་བྱུང་མ་སོང་ཡང་ཟམ་གདོང་རིན་པོ་ཆེས་འདི་ནས་ཡིན་པའི་གནད་ཡོད་མི་སྣ་ཞིག་དང༌། བོད་ནས་ཕེབས་པའི་མཁས་དབང་ཞིག་གཉིས་སྐད་ཆ་བྱུང་སྐབས་་ ༢༠༠༡ ནས་༸གོང་ས་མཆོག་གིས་མ་འདས་སྤྲུལ་སྐུ་ངོས་འཛིན་གནང་ཟིན་ལུགས་བཤད་སྐོར་དང༌། དེ་རིང་དེ་གནད་འགག་ཆེན་པོ་ཆགས་ཡོད་སྐོར་གསུངས་འདུག་པས་དེའི་ཐད་སྐབས་དེའི་གསར་འགོད་པ་གཙོས་པའི་དྲ་གྲོགས་རྣམ་པས་དགོངས་ཚུལ་གང་ཡོད་དམ།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    བོད་ཀྱི་བུད་མེད་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་དུང་ཡང་མི་དམངས་ཀྱི་བསམ་བློའི་གོ་རྟོག་སྤེལ་ཆེད། གོ་སྒྲིག་མང་ཙམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།།

    Reply
  6. ཟུར་མཁར་ says:
    ལོ་ 16 སྔོན།

    ངས་སྔོན་མ་ནས་ཞུས་ཡོད། རིག་པའི་གཞུང་ལུགས་དང་སྤམ་བཤད་ཙམ་ལས་ཕྱི་ལོ་ ༢༠༡༡ ལོའི་བཀའ་ཁྲི་འཚོལ་སྲིད་ཀྱི་མ་རེད། བཀའ་སློབ་ཁྲི་པ་གལ་ཆེ་ཆུང་དང་དེའི་ལས་འགན་གང་ཡིན་ཆེད་དུ་ཚོགས་པ་བཞི་ནས་འདུ་འཚོགས་ཨེ་འདྲ་ཞིག་བསྐོངས་དགོས་ཡོད་ན།

    Reply
  7. སོག་ཤོད་ལྷག་བསམ། says:
    ལོ་ 16 སྔོན།

    གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡག་
    དང་
    མ་འོངས་པ་ན་དེ་དང་དེ་གཞིན་གཞིས་ཆག་ཁག་དང་དགོན་སྡེ་དང སློབ་གྲྭ་ཁག་ལ་མང་ཙམ་སྤེལ་ཐུབ་ན་མ་འོངས་པའི་བཀའ་བློན་ཁྲི་པ་དེ་
    ཤེས་འཇོན་ལྷག་བསམ་དང་ བློ་རྩལ་ལྡན་པ་ཞིག་ཡོང་བ་བཤད་མ་དགོས་པ་རེད།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས། འགྲེལ་བཤད་གནང་བ་དེར་ཐུགས་རྗེ་ཆེ་ལགས། ཤེས་སོང་ལགས།

    Reply
  9. གནས་ཚང་། says:
    ལོ་ 16 སྔོན།

    སྲིད་དོན་གྱི་མ་འདས་སྤྲུལ་སྐུ་བཀའ་ཁྲི་རིམ་བྱོན་དུ་འགྲེལ་བ་ཡག་པོ་འདུག གཙོ་བོ་མང་ཚོགས་ཀྱི་ངོས་ནས་བཀའ་ཁྲིར་འདུག་འདུན་ཡོད་མེད་འཚོལ་བ་དང་དེ་ནས་འཆར་གཞི་ཁུར་ཡོང་རྒྱུ་ཡོད་མེད་བརྟག་རྒྱུ་གལ་ཆེ་ལ། དེ་རིགས་གདམ་ག་བྱེད་རྒྱུ་དེ་ལས་ཀྱང་གལ་ཆེ། ཤེས་ཡོན་པ་ཚོས་བཤད་ན་ཨེ་འདྲ་ཞིག་རེད་དམ།

    Reply
  10. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ཐེངས་འདིའི་བགྲོ་གླེང་ཐོག་དེ་འདྲའི་དྲི་བ་འདོན་མཁན་མ་བྱུང་ལ། མི་འདི་དང་འདི་ཟེར་ནས་འོས་སྦྱོར་བྱེད་མཁན་ཡང་བྱུང་མ་སོང་། དྲི་བ་འདོན་མཁན་ཞིག་གིས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ། ཁྱེད་ལ་བཀའ་བློན་ཁྲི་པར་བཞུགས་རྒྱུའི་གདང་སྤོབས་ཡོད་མེད་དང་། གལ་སྲིད་མང་ཚོགས་ཀྱི་བདམས་པ་ཡིན་ན་བཞུགས་འདོད་ཡོད་མེད་དྲིས་པའི་ལན་དུ་སྤེན་པ་ཚེ་རིང་གིས། ང་ལ་དེ་འདྲའི་བསམ་ཚུལ་རྨི་ལམ་ནང་དུའང་མེད་། གང་ཡིན་ཟེར་ན། བོད་པའི་སྤྱི་ཚོགས་ནང་ང་ལས་ལྷག་པའི་ཤེས་འཇོན་གཉིས་ལྡན་མང་པོ་ཡོད་པ་རེད། ཅེས་ལན་འདེབས་གནང་སོང་།
    གཞན། སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་བཀའ་བློན་ཁྲི་བའི་ཆེད་དུ་སྒོ་འབྱེད་བྱས་པའི་དྲ་ཚིགས་དེའི་ནང་། ད་བར་བཀའ་བློན་ཁྲ་པའི་འོས་མི་གཅིག་ཀྱང་བྱུང་མེད་སྟབས། སྔར་བཀའ་བློན་ཁྲི་པའི་འོས་གཞིར་ཆ་རྐྱེན་བཏོན་ཡོད་པ་ཁག་ཉུང་དུ་བཏང་སྟེ། བསྐྱར་དུ་གསལ་བསྒྲགས་ཤིག་གནང་འཆར་ཡོད་སྐོར་བཤད་སོང་ལ། ག་ཀེ་མོ་ཞིག་གིས་༼ བཀའ་བློན་ཁྲི་པ ༽ ཟེར་བའི་ཚགས་པར་ཞིག་ཆེད་དུ་གཉེར་རྩིས་ཡོད་པའི་སྐད་ཆ་ཞིག་ཀྱང་བྱུང་སོང་།
    ད་ལྟར་ཆར་བཀའ་བློན་ཁྲི་པའི་ཐད་རེ་བ་འདི་ཙམ་རེད།

    Reply
  11. རྔ་བ་དགེ་འདུན་རྒྱ་མཚོ། says:
    ལོ་ 16 སྔོན།

    བོད་ཀྱི་དུས་བབ་ཐུགས་རྗེ་ཆེ། གནས་ཚུལ་འདི་རིགས་མུ་མཐུད་བཀོད་རོགས་གནང་།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    དུས་བབ་ཚང་གིས་དུས་ཐོག་ལ་གནས་ཚུལ་འདི་དྲ་ཐོག་ལ་བཀོད་པ་ཐུགས་རྗེ་ཆེ།
    ང་ཚོས་གསལ་གསལ་དངས་དངས་ཤིག་ཤེས་དགོས་པ་དེ་ནི་བགྲོ་གླེང་འདིའི་སྐབས་སུ་མི་སུ་གང་གིས་ཀྱང་བཀའ་བློན་ཁྲི་བར་འོས་གཞིའི་ནང་ཞུགས་ཐུབ་མཁན་འདི་ཡོད་མེད་སོགས་ཀྱིས་དྲི་བ་གང་ཡང་སླེབས་མ་སོང་ངམ། སླེབས་ཡོད་ན་དེའི་བསྐོར་དྲ་ཐོག་འདིར་འགོད་རོགས་ཞུ། ངེད་ཅག་ལ་དགོས་པ་དེ་ནི་བཀའ་བློན་གསར་བ་ཞིག་འདེམས་དགོས་ཀྱི་དེ་ནི་ཁ་ཚ་དགོས་གཏུགས་རང་ཆགས་ཡོད་པ་མ་ཟད། རྒྱ་ནག་སྲིད་གཞུང་གིས་ངེད་ཅག་ལ་བཀའ་བློན་ཙམ་ཡང་འཇོན་པའི་མི་གཅིག་མ་གཏོགས་མེད་པ་ལྟ་བའི་ཞིག་གི་འདུ་ཤེས་དེ་གཏན་ནས་སླེབས་དུ་འཇུག་མི་རུང་། ཡིན་གཅིག་མིན་གཅིག་བཀའ་བློན་གསར་བ་ཞིག་འདེབས་དགོས་ཀྱི་ཡོད་པ་རེད། མཁས་པའི་དབང་བོ་ཟམ་གདོང་རིན་པོ་ཆེ་ཡང་ཟུར་གནས་བཞུགས་དེ་སློབ་སྟོན་ཞུ་ས་བྱས་ཀྱང་གཏན་ནས་མ་འགྲིག་པ་མེད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese