དུས་བབ། དེང་སྐབས་ཁོར་ཡུག་གི་ཉེན་ཚབས་རང་བཞིན་དེ་འཛམ་གླིང་ལ་ངོ་འཕྲོད་བཞིན་ཡོད་མོད། ཇི་ལྟར་སྲུང་སྐྱོབ་བྱེད་ཕྱོགས་ཐད་གཅིག་གྱུར་གྱི་ཁ་ཕྱོགས་ཤིག་བརྙེད་མེད་ཁར་མཉམ་ལས་ཀྱང་མེད། དཔེར་ན། རྒྱ་གར་གྱི་རྒྱ་ནག་ལ་རྒྱ་གར་གྱི་སྟག་གི་སྲུང་སྐྱོབ་ཐད་འགན་འཁུར་དགོས་སྐོར་བཤད་ན། རྒྱ་ནག་གིས་འོ་ན་རྒྱ་གར་གྱིས་རྒྱ་ནག་གི་གཙོད་སྲུང་སྐྱོབ་ཐད་འགན་འཁུར་དགོས་སྐོར་བཤད་པ་སོགས། ཕན་ཚུན་སྐྱོན་འཛུགས་རེས་བྱེད་པ་ལྟ་བུ་རེད། འདིའི་ཐད་དགོངས་ཚུལ་འདྲ་ཡོད་དམ།
རྒྱལ་བ་ཀརྨ་པ། ང་རང་གི་བསམ་པར་རྒྱལ་ཁབ་ཕལ་ཆེ་བས་དཔལ་འབྱོར་གོང་འཕེལ་བཏང་སྟེ། རྒྱལ་ཁབ་སྟོབས་འབྱོར་ཆེན་པོ་ཆགས་རྒྱུ་དེ་སྲིད་དོན་པ་དག་གི་དམིགས་ཡུལ་གཙོ་བོར་བཞག་མེད་འགྲོ་བསམ། རྒྱལ་ཁབ་སྟོབས་འབྱོར་ཅན་དུ་འགྱུར་བ་ལ་དེང་སྐབས་དཔལ་འབྱོར་གོང་སྤེལ་གཏོང་བའི་གཞི་རྩ་གཙོ་བོ་དེ་བཟོ་ལས་རེད། རྒྱ་ནག་ལ་མཚོན་ན་བཟོ་ལས་ཀྱིས་རྒྱལ་དམངས་དཔལ་འབྱོར་ཡོང་ཁུངས་ཀྱི་བརྒྱ་ཆ་ ༤༦ ཟིན་ཡོད་པར་བཤད། དེ་འདྲ་ཡིན་སྟབས་གལ་སྲིད་ཁོར་ཡུག་ལ་གནོད་འཚེ་འགྲོ་གིན་ཡོད་པ་དེ་མངོན་སུམ་འཛེམས་མེད་ཡིན་པ་ཧ་གོ་བར་བྱས་ཏེ། ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་བཟོ་ལས་ཀྱི་ཐོག་ལ་བཅོས་སྒྱུར་བྱེད་དགོས་པ་དང་། བླང་དོར་བྱེད་དགོས་པ་མང་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག ཡིན་ཡང་། ཁོ་ཚོས་རང་ཉིད་སྟོབས་འབྱོར་ལྡན་པ་ཡོང་བའི་ཆེད་དུ་ཁོང་ཡུག་ལ་སོགས་པའི་གནས་ཚུལ་མང་པོ་ཞིག་གི་ཐོག་ལ་བསམ་ཤེས་མ་ཐུབ་པ་དེ་འདྲ་ཡོང་གི་ཡོད་པ་རེད་བསམ་གྱི་འདུག དེ་འདྲ་ཡིན་སྟབས་སྤྱིར་བཏང་ཁོར་ཡུག་གི་གནད་དོན་གླེང་གི་ཡོད་ཀྱང་དངོས་ཡོད་གནས་ཚུལ་ཐོག་ནས་རྒྱལ་ཁབ་མང་ཆེ་བའི་སྲིད་དོན་གལ་ཆེན་པོར་འཛིན་གི་ཡོད་པ་རེད། ཡིན་ཡང་ང་ཚོས་གསལ་བོར་ཤེས་དགོས་པ་དེ། ཁོར་ཡུག་གི་གནད་དོན་འདི་ང་ཚོའི་འཚོ་གནས་ལ་འགྲོ་བ་མིའི་སེམས་ཁུར་བསླེབས་དང་མ་བསླེབ་ཀྱི་གཞི་རྩ་ཞིག་ལ་ཐུག་ཡོང་གི་ཡོད་སྟབས། དེ་ནི་ཆབ་སྲིད་ལས་འདས་པའི་གནད་དོན་ཅིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་སྟབས་ངའི་བསམ་པར་སྤྱིར་བཏང་དུས་ཚོད་རིང་པོ་མི་འགོར་བར་ཚང་མས་དོ་སྣང་མི་བྱེད་རང་བྱེད་ཆགས་གི་རེད་བསམ་གྱི་འདུག ཡིན་ཡང་། དོ་སྣང་མི་བྱེད་ཀ་མེད་ལ་ཐུག་པའི་སྐབས་དེར་འཕྱི་དྲག་པ་འདྲ་བོ་རེད་མཐོང་གི་འདུག དེར་བརྟེན་ང་ཚོའི་ reaction ཟེར་ན་འདྲ། ཤུགས་རྐྱེན་ཐེབས་པའི་ཚོར་བ་དེ་མྱུར་པོ་ཞིག་ཡོང་དགོས་པ་ཞེ་དྲག་གིས་གལ་ཆེན་པོ་རེད།
དུས་བབ། བོད་འདི་འཛམ་གླིང་གི་ཡང་རྩེ་རེད། ཆུ་བོ་ཆེན་པོ་དག་གི་འབྱུང་ཁུངས་རེད། སྔོན་ཆད་ཡིན་ན་བོད་ཀྱི་རི་ཆུ་ནགས་གསུམ་དང་མཚོ་མཚེའུ་གང་ཡིན་ཡང་མི་རིགས་རང་གི་འདུ་ཤེས་ཀྱི་སྟེང་ནས་སྲུང་སྐྱོབ་བྱེད་སྟངས་ཤིག་ཡོད་པ་རེད། ད་ནི་རྒྱ་ནག་གི་འོག་ནས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཀྱང་ལོ་རེ་བཞིན་ཇེ་སྡུག་རེད། འདིའི་ཐད་རིན་པོ་ཆེར་དགོངས་ཚུལ་ཅི་ཡོད།
རྒྱལ་བ་ཀརྨ་པ། ངའི་བསམ་པར་དེང་སྐབས་མི་མང་པོ་ཞིག་གིས་བོད་ཅེས་པའི་སྐད་ཆ་བཤད་ཡོང་དུས་ཤུགས་ལ་བོད་རང་བཙན་ཡིན་པ་དང་། བོད་རང་སྐྱོང་ཡིན་པ་འདྲ་བོ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ཚོར་སྣང་ཞིག་ཡོང་བསྡད་ཀྱིན་ཡོད་པ་རེད། ཡིན་ཡང་དངོས་ཡོད་གནས་ཚུལ་ཐོག་ནས་བོད་ཅེས་པའི་གནད་དོན་དེ་ཆོས་དང་རིག་གཞུང་ལ་འབྲེལ་བ་ཡོང་བསྡད་ཡོད་པ་རེད། ཁོར་ཡུག་ལ་འབྲེལ་བ་ཡོང་བསྡད་ཀྱིན་ཡོད་པ་རེད། ལྷག་པར་དུ་བོད་ནི་འཛམ་གླིང་གི་ཆེས་མཐོ་བའི་ས་ཁུལ་ཞིག་ཡིན་དུས། འཛམ་གླིང་གི་ཚ་དྲོད་ལ་སོགས་པའི་ཤུགས་རྐྱེན་དེ་ས་ཆ་གཞན་དང་མི་འདྲ་བར་བོད་ལ་ཤུགས་རྐྱེན་ཕོག་པའི་ནུས་ཤུགས་ཞེ་དྲག་ཡོང་བསྡད་ཡོད་པ་རེད། གལ་སྲིད་བོད་ལ་ཁོར་ཡུག་ཉམ་ཆག་ལ་ཕྱིན་ཏེ་གངས་རི་དང་འཁྱགས་རོམ་ཞུས་པ་ཡིན་ན། དེས་ཨེ་ཤ་ཡའི་ཆུ་བོ་ཆེ་གྲས་མང་པོ་ཞིག་ལ་ཉམ་ཆག་ཡོང་རྒྱུ་ཡིན་པ་དང་། དེ་བྱུང་བ་ཡིན་ན་ཨེ་ཤ་ཡའི་ས་ཆ་མང་པོ་ཞིག་ལ་ཆུ་མེད་པའི་དཀའ་ངལ་འཕྲད་རྒྱུ་དང་། ཆུ་མེད་པའི་དཀའ་ངལ་ལ་བརྟེན་ནས་མིའི་འཚོ་གནས་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་གནས་ཚུལ་ཡོང་གི་རེད་བསམ་གི་འདུག དེ་ཙམ་དུ་མ་ཟད་བོད་ཀྱི་ཁོར་ཡུག་གི་ཉམ་ཆག་ལ་བརྟེན་ནས་འཛམ་གླིང་ཧྲིལ་བོའི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཅིག་ཐེབས་རྒྱུ་ནི་གསལ་བོ་ཞེ་དྲག་རེད་བསམ་གི་འདུག དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོའི་བོད་ཀྱི་གནས་ཚུལ་འདི་གླེང་ཕྱོགས་གསར་པ་དང་ཐབས་ལམ་གསར་པ་ཞིག་གི་ཐོག་ནས་བོད་འདི་གལ་ཆེན་པོ་ཡིན་པ་ཞིག་དང་། དེ་ཆབ་སྲིད་གཅིག་པུ་མིན་པར་འགྲོ་བ་སྤྱིའི་འཚོ་གནས་ལ་འབྲེལ་བ་ཡོད་བསྡད་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་མཐོང་ན་བསམ་པའི་རེ་བ་དང་དམིགས་ཡུལ་བཟུང་ནས་ལས་ཀ་བྱེད་བསྡད་ཡོད། ངའི་བསམ་པར་ང་ཚོ་བོད་པའི་ནང་ཁུལ་ལའང་དེ་འདྲའི་གོ་རྟོགས་བསླེབ་དགོས་པ་ཞེ་དྲག་གིས་གལ་ཆེན་པོ་རེད་བསམ་གི་ཡོད།
དུས་བབ། ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་འདི་གཞི་རིམ་མང་ཚོགས་ནས་ཡོང་དགོས་པ་དང་། གོང་རིམ་གཞུང་གི་སྲིད་བྱུས་འཛིན་ཕྱོགས་ནས་ཡོང་དགོས་པ་གཉིས་གཙོ་བོ་རེད། རིན་པོ་ཆེའི་དགོངས་པར། ད་ལྟའི་ཁོར་ཡུག་ཉམ་ཆག་འདི་མང་ཚོགས་ཀྱི་གོ་རྟོགས་ཀྱིས་མ་འདང་བ་རེད་དམ། ཡང་ན། གཞུང་གི་སྲིད་བྱུས་ཀྱི་ནོར་འཁྲུལ་ལས་བྱུང་བ་རེད།
རྒྱལ་བ་ཀརྨ་པ། ང་རང་གི་བསམ་པར་ཕྱོགས་གཉིས་ཀར་འབྲེལ་བ་མེད་འགྲོ་བསམ་གི་འདུག དཔེར་ན། སྤྱིར་བཏང་འཛམ་བུ་གླིང་གི་སྲིད་དོན་གྱི་དབུ་ཁྲིད་དང་ཚོང་པ་སོགས་ཤེས་ལྡན་པ་མང་པོ་ཞིག་གིས་གནས་ཚུལ་ག་རེ་འབྱུང་གིན་ཡོད་པ་དེ་ཁོ་ཚོས་ཤེས་གིན་ཡོད་པ་རེད། ཡིན་ཡང་སྲིད་དོན་པས་སྲིད་དོན་གྱི་ཁེ་ཕན་འགྲུབ་དགོས་པ་རེད། ཚོང་པ་ལ་ཚོང་ལས་ཀྱི་ཁེ་ཕན་འགྲུབ་དགོས་པ་རེད། དེ་བཞིན་བཟོ་གྲྭ་ལ་བཟོ་གྲྭའི་ཁེ་ཕན་འགྲུབ་དགོས་དུས་རང་རང་སོ་སོའི་ཁེ་ཕན་གྱི་ཆེད་དུ་དངོས་ཡོད་ཀྱི་གནད་དོན་སྦས་གསང་བྱས་བསྡད་པ་འདྲ་བོ་ཞིག་མཐོང་བསྡད་གིན་འདུག མང་ཚོགས་ཀྱི་ངོས་ནས་བཤད་ན་དངོས་ཡོད་ཀྱི་གནས་ཚུལ་ག་རེ་འབྱུང་གིན་ཡོད་པ་འཕྲད་མར་གོ་རྟོགས་ཡོང་རྒྱུ་ཁག་པོ་རེད་ལ། གཅིག་བྱས་ན་མང་ཚོགས་ཀྱི་ནང་ནས་འཛམ་བུ་གླིང་ལ་ཆག་འཇིག་གི་གནས་ཚུལ་ཆགས་ཡོད་པ་ཧ་གོ་བ་ཡིན་ནའང་ཁ་ནས་སྐད་འབོད་རྒྱག་པ་དང་། དེ་གནད་དོན་ཅིག་ཡིན་པ་ངོས་ཟིན་པ་ཙམ་མ་གཏོགས་དངོས་ཡོད་གནས་ཚུལ་དེ་ཉམ་པ་སོར་ཆུད་གང་འདྲ་བྱས་ནས་ཡོང་ཐུབ་མིན་དང་། གོམ་པ་གང་འདྲ་བྱས་ནས་སྤོ་དགོས་མིན། དེ་བཞིན་དུ་དཔེ་བཞག་ན། ཚོང་པ་ཚོའི་ཅ་ལག་དེ་མང་ཚོགས་ལ་བཙོང་གི་ཡོད་པ་རེད། མང་ཚོགས་ཀྱི་ངོས་ནས་ཁོང་ཡུག་སྲུང་སྐྱོབས་ཀྱི་གོ་རྟོགས་དང་འདུ་ཤེས་བཟང་པོ་ཞིག་ཡོད་པ་ཡིན་ན་ཚོང་པ་ཚོའི་ཅ་ལག་ལའང་དབྱེ་བ་ཕྱེ་སྟེ། ཁོར་ཡུག་ལ་ཕན་པའི་ཅ་ལག་ཉོ་བ་དང་གནོད་པའི་ཅ་ལག་མ་ཉོ་བའི་སོགས་ཕན་གནོད་དབྱེ་འབྱེད་ཀྱི་གོ་རྟོགས་ཤིག་མང་ཚོགས་ལ་བྱུང་བ་ཡིན་ན་དེས་ཏན་ཏན་འཛམ་བུ་གླིང་གི་དཔལ་འབྱོར་དང་། འཛམ་གླིང་གི་བཟོ་ལས། ཆབ་སྲིད་བཅས་ལ་ཕན་ནུས་ལྡན་པའི་སྒོ་ནས་ཤུགས་རྐྱེན་སྤྲོད་ཐུབ་པ་ཞིག་ཆགས་གི་རེད་བསམ་གྱི་འདུག ཡིན་ཡང་དེ་འདྲ་མེད་པར། སྤྱིར་བཏང་སྡུག་སྐད་བརྒྱབས་བསྡད་པ་དང་། བསམ་འཆར་བཏོན་སྡོད་པ་མ་གཏོགས་དངོས་ཡོད་གནས་ཚུལ་ཐོག་ལ་ཤུགས་རྐྱེན་སྤྲོད་མ་ཐུབ་པ་ཡིན་སྟབས། འདི་ནིམང་ཚོགས་ཀྱི་སྐྱོན་ཆ་ཞིག་རེད་བསམ་གི་འདུག
དུས་བབ། མ་འོངས་པར་བོད་ལ་རང་དབང་ཐོབ་པ་ཡིན་ན་རིན་པོ་ཆེས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ཀྱི་སྟེང་ལ་དམིགས་བསལ་གྱི་ཕྱག་ལས་འདྲ་རྩོམ་རྒྱུའི་ཐུགས་རེ་ཡོད་དམ།
རྒྱལ་བ་ཀརྨ་པ། བོད་ལ་ལོག་རྒྱུ་ཞེས་པ་ནི་ཧ་ཅང་དཀའ་བའི་གནད་དོན་ཅིག་ཡིན་པར་བརྟེན། ངས་དང་པོ་དཀའ་ས་ནས་བསམ་བློ་བཏང་བ་ཡིན་ན་དེ་ལས་དོན་སྒྲུབ་པའི་འགོག་རྐྱེན་དུ་འགྲོ་མི་ཡོང་ངམ་སྙམ་པའི་བསམ་བློ་འཁོར་གིན་འདུག ཡིན་ཡང་། ལོག་རྒྱུ་བྱུང་ན་ཡིན་དང་ཡིན། གལ་སྲིད་ལོག་རྒྱུ་མ་བྱུང་བ་ཡིན་ནའང་ང་ཚོས་ད་ལྟ་ནས་བསམ་བློའི་ནང་ལ་དམིགས་ཡུལ་ཞིག་འཛིན་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། གང་ཡིན་ཟེར་ན། བོད་འདི་ང་ཚོའི་ཕ་ཡུལ་ཡིན་པ་དང་། བོད་ནི་འཛམ་གླིང་གི་ཡང་རྩེ། འཛམ་གླིང་གི་ཁོར་ཡུག་ལ་གལ་གནད་ཆེ་བའི་ས་ཆ་ཞིག་ཡིན་པ། དེ་བཞིན་དེང་སྐབས་ཚན་རིག་པ་ཚོས་བོད་འདི་འཛམ་གླིང་གི་སྣེ་གསུམ་པ་ Third Poll ཆགས་བསྡད་པ་དེ་འདྲར་བརྟེན། ང་ཚོས་ག་དུས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བཞག་སྤེལ་བའི་སྐབས་སུ་བོད་འདི་སེམས་ལ་འཛིན་དགོས་པ་གལ་ཆེན་པོ་རེད་བསམ་གི་འདུག མཚམས་རེར་ང་རང་ལ་རེ་བ་ཡོང་བ་ཞིག་ལ་ད་ལྟ་བོད་འདི་རྒྱ་མིས་དབང་སྒྱུར་བྱེད་བཞིན་པའི་སྐབས་ལའང་ཡག་པོ་བྱེད་ན་ནི་དེ་བྱེད་པའི་ནུས་པ་དང་དབང་ཆ་དེ་ཀྲུང་དབྱང་སྲིད་གཞུང་ལ་ཡོད་པ་དེ་ངས་མཐོང་གི་འདུག ཡག་པོ་བྱེད་དང་མི་བྱེད་ཟེར་བ་དེ་ཁོ་རང་ཚོའི་འདོད་པ་རེད། ང་ཚོས་དེར་རེ་བ་བརྒྱབ་ན་ཉན་གིའང་མ་རེད་ལ། རེ་བ་བརྒྱག་ས་གང་ཡང་ཡོད་པམ་རེད། ཡིན་ཡང་ཁོང་ཚོས་བོད་ཀྱི་ཁོར་ཡུག་འདི་འཛམ་གླིང་སྟེང་བརྙེད་པར་དཀའ་བའི་དྭངས་ཤིང་གཙང་བའི་ཁོར་ཡུག་ཅིག་ཡིན་པ་འདི་གཙང་མར་ཉར་ནས། ག་དུས་ཡིན་ཡང་འཕྲུལ་ཆས་དང་དངོས་པོ་ཡར་རྒྱས་གཏོང་བ་དེ་ཚོ་ཚང་མ་ཉུང་དུ་བཏང་། སྤྱིར་བཏང་འཕྲུལ་ཆས་དང་དངོས་པོའི་ཡར་རྒྱས་དེ་ཚོ་ཡག་པོ་རེད་དེ། ཡིན་ཡང་ང་ཚོར་དངོས་པོའི་ཡར་རྒྱས་ཙམ་མིན་པར་རང་བྱུང་གི་ཁམས་ལ་བསླེབས་པའི་ཚོར་སྣང་ཡོང་ཐུབ་པའི་ས་ཁུལ་ཞིག་དགོས་པ་གལ་ཆེན་པོ་རེད། ག་དུས་ཡིན་ཡང་འཛམ་གླིང་ན་ས་ཆ་སྤར་མཐིལ་ཙམ་ཡོད་ཚད་གྲོང་ཁྱེར་བཟོས་བསྡད་ན་མ་འགྲིག་པ་འདྲ་བོ་ཞིག་མཐོང་གི་འདུག དེ་ཡིན་དུས་ང་ཚོའི་བོད་ཀྱི་ས་ཁུལ་དེ་རང་བྱུང་གི་སྲུང་སྐྱོབ་ས་ཁུལ་ཟེར་ན་འདྲ། བོད་ས་ཡོངས་རྫོགས་དེ་རང་བྱུང་གི་གལ་གནད་ཆེ་བའི་ས་ཆ་ཞིག་ཡིན་དུས་རང་བྱུང་ཁོར་ཡུག་འདི་གཙང་མར་ཉར་བ་དང་། འདིའི་ཐོག་ལ་བོད་ནང་དུ་ཡར་རྒྱས་གཏོང་གི་ཡོད་ཅེས་ནས་ཁང་པ་མང་པོ་རྒྱག་པ་དང་། བཟོ་གྲྭ་མང་པོ་འཛུགས་པ། ལམ་ཁ་མང་པོ་བཟོ་པ། གནམ་ཐང་མང་པོ་ལས་པ། མེ་འཁོར་ལམ་ཁ་ལས་པ་དེ་འདྲ་ལ་སོགས་པ་མང་པོ་ཞིག་ཡོང་གི་ཡོད་པ་རེད། ད་དུང་ཡིན་ནའང་བོད་ལ་མི་འབོར་མང་དུ་ཕྱིན་པ་ཡིན་ན་ཁང་པ་མང་པོ་བརྒྱག་གི་རེད། དེ་འདྲ་བྱུང་བ་ཡིན་ན་རང་བཞིན་གྱིས་རང་བྱུང་ཁོར་ཡུག་འདི་ཉམ་ཆག་ལ་འགྲོ་རྒྱུ་ཡིན་སྟབས་འདི་ལ་ཀྲུང་དབྱང་སྲིད་གཞུང་གིས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་དང་། གལ་ཏེ་ང་ཚོ་མ་འོངས་པར་བོད་ལ་ལོག་རྒྱུ་བྱུང་བ་དང་། བོད་ཡུལ་འདི་བོད་གངས་ཅན་པའི་བདག་ཏུ་ཡོང་བའི་དུས་ཚོད་ཅིག་བསླེབ་པ་ཡིན་ན། དེའི་སྐབས་སུ་ང་ཚོས་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད།
དུས་བབ། བོད་འདི་རང་བྱུང་གི་ཁོར་ཡུག་ཅིག་ཏུ་གནས་དགོས་པ་ལྟར། རིན་པོ་ཆེའི་ཁོར་ཡུག་ལམ་སྟོན་གྱི་དོན་ཚན་བརྒྱ་དང་བརྒྱད་ཀྱི་ནང་དུ་རང་བྱུང་གི་དཀྱིལ་འཁོར་བསྐྲུན་ཐབས་ཤིག་གསུངས་འདུག་པ་འདི་གཉིས་ལ་འབྲེལ་བ་གང་འདྲ་ཞིག་ཡོད་པ་རེད།
རྒྱལ་བ་ཀརྨ་པ། སྤྱིར་བཏང་འཛམ་བུ་གླིང་འདི་རང་བྱུང་གི་དཀྱིལ་འཁོར་ཅིག་རེད། དེ་བཞིན་ང་ཚོ་འགྲོ་བ་མི་ཡང་རང་བྱུང་གི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་རེད་དེ། ཡིན་ཡང་། ད་ལྟ་ང་ཚོ་མི་ནི་རང་བྱུང་ལས་འདས་ཤིང་། རང་བྱུང་མ་ཡིན་པའི་གནས་སྟངས་ཤིག་གི་ནང་དུ་འཚོ་བསྡད་ཡོད་སྟབས། ཐབས་ཟད་འུ་ཐུག་གི་གནས་ཚུལ་ཞིག་ཏུ་ཆགས་ཏེ། ད་ནི་རང་བྱུང་གི་དཀྱིལ་འཁོར་བཞེངས་དགོས་ཀྱི་འདུག་ཅེས་ལབ་པ་རེད། རང་བྱུང་གི་དཀྱིལ་འཁོར་བཞེངས་དགོས་ཀྱི་འདུག་ལབ་དུས་ཁ་ཤས་ཀྱི་བསམ་བློའི་ནང་ལ། གསང་སྔགས་ཀྱི་ལྷ་ཚོགས་ཀྱི་དཀྱིལ་འཁོར་བཞེངས་པ་དེ་འདྲ་ཞིག་བསམ་བློར་འཁོར་ཏེ། སུའི་དཀྱིལ་འཁོར་བཞེངས་དགོས་པ་རེད། སྨན་བླའི་དཀྱིལ་འཁོར་བཞེངས་དགོས་པ་རེད་དམ་ཟེར་བ་སོགས་ཡོང་གི་རེད། དེ་འདྲ་མིན་པར་སྤྱིར་བཏང་རང་བྱུང་གི་དཀྱིལ་འཁོར་ཟེར་དུས་ཆོས་ཕྱོགས་ཀྱི་བསམ་བློ་ཡང་ཡོད་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་བསམ་བློའང་ཡོད་པའི་གཉིས་ལྡན་ཞིག་གི་ཐོག་ནས་ང་ཚོས་རྩི་ཤིང་དང་ནགས་ཚལ། ཆུ་ལ་སོགས་པ་ཕུན་སུམ་ཚོགས་པོ་ཡོད་པའི་ས་ཕྱོགས་ཤིག་ལ་དམིགས་བསལ་གྱི་ར་བ་བསྐོར་ཏེ། ས་དེ་སངས་རྒྱས་ལ་མཆོད་པ་ཕུལ་བའི་ས་ཆ་ཞིག་ཡིན་ཅེས་དེ་ལ་གང་བྱུང་མང་བྱུང་གིས་བཙོག་པ་བཟོ་བ་དང་། གཏོར་བཤིག་གཏོང་བ་སོགས་བྱེད་ཆོག་གི་མེད། གང་ཡིན་ཅེ་ན་ཆོས་ཕྱོགས་ཀྱི་ངོས་ནས་བཤད་ན། མཆོད་པའི་དངོས་པོ་མང་ཆེ་བ་ཞིག་ནི་ཕྱིའི་རང་བྱུང་གི་ཁམས་ནས་བྱུང་བའི་ཆུ་དང་མེ་ཏོག་ལ་སོགས་པ་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་རང་བཞིན་ལྷུན་གྱིས་གྲུབ་པའི་མཆོད་པའི་དངོས་པོ་ཆགས་བསྡད་ཡོད་པ་རེད། ཁོར་ཡུག་གི་ངོས་ནས་བཤད་ནའང་། རང་བྱུང་ལྷུན་གྱིས་གྲུབ་པའི་ས་ཆ་ཉུང་ཉུང་ཞིག་ལས་མེད་ནའང་ང་ཚོས་བདག་པོ་རྒྱག་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད།
དུས་བབ། རིན་པོ་ཆེས་སྤྱིར་བཏང་ནང་ཆོས་ཀྱི་གཞུང་དེ་དག་སློབ་གཉེར་གནང་གི་ཡོད་པ་རེད། དེ་བཞིན་དུ་སྒྱུ་རྩལ་རྩོམ་རིག་དང་རི་མོ་སོགས་ལའང་ཐུགས་བརྩོན་གནང་གི་ཡོད་སྐད་འདུག ལྷག་པར་དུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ལའང་སློབ་གཉེར་དང་ཐུགས་སྣང་ཆེན་པོ་གནང་གི་ཡོད་དུས་རིན་པོ་ཆེ་ཡིས་དུས་ཚོད་ཇི་ལྟར་གོ་སྒྲིག་གནང་གི་ཡོད་དམ།
རྒྱལ་བ་ཀརྨ་པ། དུས་ཚོད་གོ་སྒྲིག་ལ་དམིགས་བསལ་འདྲ་ཡོད་པ་མ་རེད། བོད་པའི་ལུགས་སྲོལ་འདྲ་བོ་རེད། བོད་པ་ལ་དུས་ཚོད་ཅེས་གང་ཡང་ཡོད་པ་མ་རེད། ལས་ཀ་འདྲ་བྱུང་དུས་གང་ཐུབ་ཐུབ་བྱས་ནས་འགྲོ་གི་རེད། སེམས་ཁྲལ་ཅིག་གི་ཐོག་ནས་ལས་པ་མ་གཏོགས་དམིགས་བསལ་དུས་ཚོད་སྒྲིག་པ་དེ་འདྲ་ཡོད་པ་མ་རེད། ང་རང་ལའང་རང་བཞིན་གྱིས་གཤིས་ཀ་འདི་འདྲ་ཞིག་ཡོད་པ་འདྲ། ཡིན་ཡང་སྤྱིར་བཏང་དུས་ཚོད་སྒྲིག་དགོས་པ་གལ་ཆེན་པོ་རེད་དེ། ང་རང་གི་ཚོར་བ་དེ་གང་འདྲ་ཡོང་སྡོད་ཀྱི་འདུག་ཟེར་ན། སོ་སོས་རྩོལ་བ་བྱེད་ཐུབ་ན་དུས་ཚོད་ཀྱིས་མ་འདང་བ་འདྲ་བོ་དང་། གོ་སྐབས་མེད་པའི་ཚོར་སྣང་ཡོང་གི་མི་འདུག སོ་སོས་རྩོལ་བ་མ་བྱས་པ་དང་། སྒྱིད་ལུག་དང་སྙོམ་ལས་ཀྱི་ངང་གནས་བསྡད་པ་ཡིན་ན། ག་དུས་ཡིན་ནའང་དུས་ཚོད་མེད་བསྡད་པ་འདྲ་བོ་ཞིག་དང་། གོ་སྐབས་མེད་བསྡད་པ་འདྲ་བོའི་ཚོར་སྣང་ཡོང་གི་འདུག དེ་འདྲ་ཡིན་དུས་གཙོ་བོ་དེ་རང་སོ་སོས་ལས་ཀ་ག་རེ་སྒྲུབ་པ་ཡིན་ནའང་སེམས་རྩེ་གཅིག་གི་ཐོག་ནས་རྩོལ་བ་བྱེད་དགོས་པ་གལ་ཆེན་པོ་རེད།
དུས་བབ། རིན་པོ་ཆེས་བོད་ཀྱི་དུས་བབ་གསར་ཁང་གི་བཅར་འདྲི་ཞལ་བཞེས་གནང་བར་ཐུགས་རྗེ་ཆེ། མཐའ་མ་དེར་རིན་པོ་ཆེས་བོད་ཀྱི་དུས་བབ་གསར་ཤོག་བརྒྱུད་གཞིས་བྱེས་བོད་མི་རྣམས་ལ་བཀའ་གསུང་འདྲ་གནང་རྒྱུ་ཡོད་དམ།
རྒྱལ་བ་ཀརྨ་པ། ད་མང་བོ་ཞིག་ཞུ་རྒྱུ་མི་འདུག གཙོ་བོ་དེ་ང་རང་གི་བསམ་བློ་ལ་དུས་བབ་ཚགས་ཤོག་ཡིན་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་ཁྱབ་བརྡལ་ཆེ་ཤོས་ཆགས་བསྡད་ཡོད་པ་རེད། དེ་འདྲའི་གོ་སྐབས་བཟང་པོ་ཞིག་ཡིན་སྟབས་ངས་འདི་བརྒྱུད་དེ། བོད་ཡིག་ཀློག་པ་པོ་དང་བོད་རིགས་ཚང་མར་འཚམས་འདྲི་ཞུ་བ་དང་ཆབས་ཅིག མ་གཞི་ང་ཚོ་བོད་རིགས་ལ་འདས་པའི་མི་ལོ་ ༥༠ རིང་འཕོ་འགྱུར་བསམ་མ་ཤེས་པ་ཞིག་བྱུང་། དེའི་ནང་ནས་ཀྱང་རང་སའི་མུན་ནག་གི་ཕྱོགས། ཆོས་དང་རིག་གཞུང་གི་ངོས་འཛིན་མང་པོ་ཞིག་ཤུལ་མེད་དུ་སོང་། གཞིས་བྱེས་སྤུན་ཉེ་ཁ་བྲལ་དུ་སོང་བ། རང་དབང་དང་སྨྲ་བརྗོད་ཀྱི་ཐོབ་ཐང་མང་པོ་ཞིག་མེད་པར་གྱུར་བ་དེ་འདྲའི་གནས་ཚུལ་མང་པོ་ཞིག་གི་ནང་དུ་འཚོ་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་མི་ལྷག་བསམ་ལྡན་པ་དང་། རྣམ་དཔྱོད་ཡོད་པ་མང་པོ་ཞིག་གིས་དངོས་ཡོད་གནས་ཚུལ་གྱི་ནག་ཉེས་རྗེན་པ་དེ་མཐོང་ནས་བོད་ཀྱི་མི་རིགས་དང་། བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་བོད་ཀྱི་རང་བྱུང་ཁོར་ཡུག་དང་བཅས་པ་ཐམས་ཅད་ཀྱི་དོན་དུ་རང་སོ་སོའི་ལུས་ངག་ཡིད་གསུམ་ཕུལ་དང་འབུལ་བཞིན་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། ཡིན་ཡང་། དེ་འདྲའི་གང་ཟག་དེ་སྟོང་གི་ནང་དུ་བརྒྱ་དང་བརྒྱ་ཡི་ནང་དུ་བཅུ་ཙམ་མ་གཏོགས། རྒྱ་ཆེ་མང་ཚོགས་ཐམས་ཅད་ཀྱིས་བོད་ཀྱི་གནས་ཚུལ་དེ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུ་ཞིག་ཕྱིན་པ་རེད་ལ། ད་དུང་ཡིན་ཡང་རང་ཉིད་རྨོངས་པའི་གཉིད་ལས་མ་སད་པ་དང་། ད་དུང་ཡང་མདུན་དུ་བསྐྱོད་མ་ཐུབ་པའི་སྣང་ཚུལ་དེ་ཤུགས་ཆེན་པོ་ཡོད་བསྡད་པ་ང་རང་གིས་མཐོང་བསྡད་ཀྱི་འདུག དཔེར་ན། ང་ཚོ་བཙན་བྱོལ་བའི་ནང་དུ་མི་མང་པོ་ཞིག་གིས་བོད་ཀྱི་བདེན་དོན་མངོན་འགྱུར་ཡོང་བའི་ཆེད་དུ་ང་ཚོས་འཐབ་རྩོད་བྱེད་ཀྱིན་ཡོད་པ་རེད། ང་ཚོས་བགྲོ་གླེང་བྱེད་ཀྱིན་ཡོད་པ་རེད། ང་ཚོས་ལས་འགུལ་སྤེལ་གྱིན་ཡོད་པ་རེད། ཡིན་ཡང་འདི་དག་ཚང་མ་རྨང་གཞི་མེད་པའི་མཆོད་བརྟེན་བཞེངས་བསྡད་པ་འདྲ་བོ་ཞིག་རེད། དང་པོ་བོད་ཀྱི་བདེན་དོན་སླར་གསོ་ཡོང་བ་ལ་གལ་ཆེ་ཤོས་དེ་ཆོས་དང་རིག་གཞུང་། དེ་བཞིན་མི་རིགས་ཀྱི་རྨང་གཞི་བརྟན་པོ་ཡོང་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། ཡིན་ཡང་། བོད་དང་རྒྱ་གར། ཕྱི་རྒྱལ་ཁག་ན་ཡོད་པའི་བོད་མིའི་སྤྱི་ཚོགས་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་མི་རིགས་ཀྱི་རང་གཤིས་བརྟན་པོ་དེ་ཚོ་ག་ལེ་ག་ལེར་བརླག་ནས། མི་རིགས་གཞན་དང་རིག་གཞུང་གཞན་གྱི་ཤུགས་རྐྱེན་འོག་ལ་འགྲོ་བ། མི་རིགས་གཞན་དང་རིག་གཞུང་གཞན་གྱི་ལད་མོ་བྱས་ཤིང་། རང་གི་ཆོས་དང་རིག་གཞུང་ལ་སྣང་ཆུང་དང་ཁྱད་གསོད་བྱེད་པའི་གནས་ཚུལ་མང་པོ་ཡོང་བསྡད་ཀྱིན་འདུག སྤྱིར་བཏང་དུས་དང་མཐུན་པའི་འགྱུར་བ་གཏོང་དགོས་པ་ཞིག་དང་། རྙིང་སུངས་སུ་གྱུར་བ་དེ་ཚོ་གཡུག་ནས། གསར་གཏོད་ལེགས་པའི་ཆ་དེ་ཚོ་རྩོད་དགོས་པ་གལ་ཆེན་པོ་ཆགས་ཡོད་པ་རེད། ཡིན་ཡང་། རྙིང་པ་ཐམས་ཅད་གཡུག་བྱ་ཡིན་པར་མི་བལྟ་བ། ང་ཚོས་དང་པོ་འབྲས་བུ་གསར་དུ་སྨིན་པར་བྱེད་པ་ལ་དང་པོ་སྔོན་ལ་རྒྱུ་སྔོན་སོང་ཞིག་དགོས་ཀྱིན་ཡོད་པ་རེད་མ་གཏོགས། འབྲས་བུ་གསར་དུ་བརྙེད་རྒྱུ་དཀའ་ལས་ཁག་པོ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོ་ཚང་མས་མི་རིགས་གཞན་ལ་བོད་ཀྱི་ཆོས་དང་རིག་གཞུང་ལ་གུས་བཀུར་བྱེད་དགོས་པའི་སྐད་འབོད་དང་རེ་སྐུལ་མ་ཞུས་པའི་སྔོན་ལ། དང་ཐོག་རང་ཉིད་ཀྱིས་རང་གི་ཆོས་དང་རིག་གཞུང་ལ་གུས་བཀུར་དང་གཅེས་འཛིན་བྱེད་དགོས་པ་དང་། དེའི་ཐད་སྐད་འབོད་རྒྱག་དགོས་པ་དེ་གལ་ཆེན་པོ་རེད། དེ་བཞིན་གལ་ཏེ་བོད་ཀྱི་བདེན་དོན་གྱི་ཉི་མ་ཞིག་ཤར་ཏེ། བོད་གངས་ཅན་གྱི་ཡུལ་འདི་བོད་མིས་ཁ་ལོ་བསྒྱུར་བའི་དུས་སུ་ང་ཚོས་རྒྱལ་ཁབ་དང་མི་དམངས་སྐྱོང་ཐུབ་པའི་ཤེས་འཇོན་ཞིག་མེད་ན། ང་ཚོས་ད་ལྟ་རྩོད་པ་བརྒྱབ་བསྡད་པ་དེ་ཚོ་ཁ་ཙམ་དང་ཚིག་ཙམ་དུ་འགྲོ་བའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་གཙོ་བོ་རྨང་གཞི་ལེགས་པར་བཏིངས། ཕུགས་རྒྱང་རིང་པོའི་བསམ་བློ་བཏང་། དེ་བཞིན་བོད་ཅེས་པ་འདི་འཛམ་གླིང་གི་ས་བྱེ་བྲག་པ་ཞིག་དང་བོད་མི་ཟེར་བ་འདི་ཡང་འཛམ་གླིང་གི་མི་རིགས་བྱེ་བྲག་པ་ཞིག་ཆགས་ཡོད་སྟབས་ང་ཚོས་ག་དུས་ཡིན་ཡང་བརྗེད་མི་ཉན་པ་དེ་ནི་ས་ཡི་གོ་ལ་ཧྲིལ་བོ་འདིར་ཡོད་པའི་འགྲོ་བ་མིའི་རིགས་རྣམས་དང་མཛེས་སྡུག་ལྡན་པའི་སའི་གོ་ལ་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོས་ཡང་ནས་ཡང་དུ་རང་རང་གི་མིག་རྒྱང་བསྐྱེད་པ་དང་། མི་རིགས་གཞན་ལ་སློབ་སྦྱོང་བྱེད་པ། མི་རིགས་གཞན་པར་མཐུན་ལམ་འཛིན་པ། འགྲོ་བ་སྤྱིའི་ཕན་བདེ་བསྐྲུན་རྒྱུ་དེ་ཞེ་དྲག་གིས་གལ་ཆེན་པོ་ཆགས་ཡོད་པ་རེད་བསམ་གྱི་འདུག ཐུགས་རྗེ་ཆེ།
༸རྒྱལ་དབང་ཀརྨ་པ་འདི་ངོ་མ་མ་འདྲ་བ་ཞིག་འདུག། ཁོང་ཚང་གི་ཞབས་འཁོར་དེ་ཚོའི་ངོ་གདོང་ལ་གཅིག་ལྟོས་དང། སློབ་སྦྱོང་དང་། ལྷག་བསམ། སེམས་ཤུགས་དང། མཐུན་ལམ་སོགས་གང་ཡང་མེད་པའི་མི་ནག་སྐྱ་བོ་ཁྱུ་གཅིག་གིས་སོ་སོའི་བཟའ་ཟླ་བུ་ཕྲུག་རྣམས་ཀརྨ་པའི་དཀོར་གྱིས་གསོས་ཏེ་སྡོད་པ་ལས་གང་ཡང་མེད་པ་ཀུན་གྱིས་གསལ་བཞིན་པ་འདི་རེད། ངོ་མ་བཤད་ན་༸རྒྱལ་དབང་ཀརྨ་པ་ལ་དབུ་འོག་དཔུང་འདེགས་བྱེད་མཁན་གྱི་གྲྭ་པ་སྤུས་དག་པོ་གཅིག་ཀྱང་མཐོང་རྒྱུ་མི་འདུག མཚུར་ཕུ་བླ་བྲང་ཟེར་དུས་དེང་སང་རྡ་སའི་སྲང་ལམ་ནང་དུ་《བུད་མེད་ཚོགས་པ》ཞེས་འབོད་ཀྱི་འདུག་དེ་ནི་བོད་ཀྱི་བླ་ཆེན་ཞིག་གི་ཞབས་ཞུ་བ་མི་སྐྱ་དང་བཟའ་ཟླ་བུ་ཕྲུག་ཤ་སྟག་སོང་ཙང་མཐོང་སྣང་མ་དད་པ་བྱུང་བའི་ཟུར་ཟའི་སྐད་ཆ་ཡིན་པ་འདྲ།
དོན་དངོས་ཁོང་གི་ག་རི་གསུངས་ཀྱི་ཡོད་པ་ཧ་གོ་ཡི་མི་འདུག མཚམས་རེ་ཆབ་སྲིད་སྐོར་དང༌། ཡང་སྐབས་སྤྱི་ཚོགས་ཀྱི་གནད་དོན་སྐོར་བཤད་ཡོང་གི་འདུག མ་འོངས་པར་ཆབ་སྲིད་དང་སྤྱི་ཚོགས་ཀྱི་དཀའ་ངལ་དབྱེ་བ་འབྱེད་ན་ཡག་པ་འདུག
རྒྱལ་བ་ཀརྨ་པར་འདྲི་རྒྱུ་ནི། དྲ་རྒྱ་དག་ཏུ་བོད་ཡིག་བེད་སྤྱད་བཏང་མཁན་ཕལ་ཆེར་གྲྭ་པ་དང་གྲྭ་ཟུར་གཅིག་པོ་རེད་འདུག གཞན་བོད་པའི་བུ་དང་བུ་མོ་རྣམས་ལ་དྲ་རྒྱ་ཐོག་ཏུ་བོད་ཡིག་ནས་གླེང་མོལ་བྱས་ན་ཐོག་མར་བཀྲ་ཤིས་བདེ་ལེགས་ཙམ་ལས་མཐའ་མར་ལན་ཀྱང་གནང་གི་མི་འདུག དབྱིན་ཡིག་ནས་བྲིས་རོགས་ཀྱང་ཟེར། དེས་ན་བོད་ཕྲུག་སྤྱི་ཡོངས་ལ་བོད་ཡིག་བེད་སྤྱད་བཏང་བའི་ལས་འགུལ་ག་འདྲ་སྤེལ་དགོས་སམ།
རྒྱལ་བ་ཀརྨ་པ་ཁོང་གི་ཐུགས་རེ་དང་མ་འོངས་པའི་ཕུག་བསམ་སོགས་ལ་དཔག་ན། ད་དུང་བོད་པ་ཚོར་བསོད་ནམས་འདུག ཁྱེད་ཀྱིས་མ་འོངས་པར་བོད་སྤྱི་ལ་འདི་འདྲ་ཐུགས་བསམ་བཞེས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་དུང་ཡང་བོད་མི་རྣམས་ལ་བཀའ་སློབ་གནང་སྐྱོངས་ཡོང་བར་མཁྱེེན།
ཁྱེད་ཀྱི་མཁྱེན་རྒྱ་དང་དགོངས་པའི་ཟབ་ཚད་ལ་མ་བཅོས་སེམས་ཀྱི་གཏིང་རིམ་ཞིག་ནས་ཡིད་སྨོན་དང་མངོན་བསྟོད་ཞུ་ཡིན་ཡོད།
ཁྱོད་ཨ་མའི་གཅེས་ཕྲུག་ཞིག་ཡིན།
ངམ་གྲོག་དོག་མོའི་གཟར་ཁ་འགྲིམ་པའི་འུ་ཚོའི་ཕྱི་རབས་པ་རྣམས་ཀྱི་སྐྱབས་བཅོལ་ས་དང་རེ་འབོད་ཞུ་ཡུལ་དུ་མི་བུ་ཁྱོད་འདྲ་ཞིག་ད་དུང་མཐོང་དུ་ཡོད་པ་འདིས་ང་ཞེ་བློ་ཚིམས་ནས་ཡོད།