མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་ཚོར་ཐོབ་ཐང་འདུག་གམ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

བུད་མེད་སྟེང་ལ་དྲག་རྩུབ་མནར་གཅོད་འགོག་པའི་རྒྱལ་སྤྱིའི་ཉིན་མོ་དེར་བཙན་བྱོལ་བོད་མི་ཚོས་བོད་ཀྱི་སྤྱི་ཚོགས་ནང་དུ་ཕོ་མཆོག་མོ་དམན་གྱི་ལྟ་བ་མེད་སྐོར་ཤུགས་ཆེར་གླེང་ཡང་། ནང་ཆོས་བོད་ལ་དར་བར་བརྟེན་བོད་སྤྱི་ཚོགས་ནང་འདི་ལྟའི་གནས་སྟངས་ཤིག་ཤར་ཡོད་ཚུལ་གླེང་མཁན་ཡང་བྱུང་།

ཕྱི་ཚེས་ ༢༥ ཉིན་གྱི་དགོང་དྲོ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བུད་མེད་སྟེང་ལ་དྲག་རྩུབ་མནར་གཅོད་འགོག་པའི་རྒྱལ་སྤྱིའི་ཉིན་མོ་སྲུང་གཙི་དང་སྟབས་བསྟུན་དེ་ངྷ་ས་ཉིན་མོ་སློབ་གྲྭའི་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་དུ། ༼ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་ཡོད་དམ༽ཅེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་ལ། བགྲོ་གླེང་ཐོག་བཙུན་མའི་ལས་འཆར་གྱི་འགན་འཛིན་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས།  བོད་གནས་ཉམས་ཞིབ་པ་ཀླུ་མཁར་བྱམས་ལགས། རྩོམ་པ་པོ་དང་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་གདན་ཞུའི་ཐོག་བོད་ཀྱི་བང་ཆེན་གསར་འགོད་པ་གངས་ལྷ་མོ་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་བྱས་ཡོད།

ཐོག་མར་ཉམས་ཞིབ་པ་ཀླུ་མཁར་བྱམས་ལགས་ཀྱིས།  སྤྱིར་བོད་ཕྱི་ནང་གཉིས་ཀྱི་བུད་མེད་རྣམས་གནས་སྟངས་མི་འདྲ་བ་གཉིས་ཀྱི་འོག་ལྷག་བསྡད་ཡོད་པ་དང་། བོད་ནང་ལ་མཚོན་ན་བུད་མེད་ཀྱི་སྐྱེས་སྒོ་འགོག་པ་སོགས་བུད་མེད་རྣམས་ཀྱིས་མནར་གཅོད་འཕར་མ་ཞིག་མྱོང་གིན་ཡོད་པ་དངོས་ཡོད་གནས་ཚུལ་ཆགས་ཡོད། ང་རང་བོད་ནས་ཡོང་མཁན་ཞིག་ཡིན་སྟབས་འདི་གསལ་བོར་ཤེས་ཀྱིན་ཡོད།  ང་ཚོའི་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་བོད་གཞུང་གི་ཁྲིམས་དང་སྒྲིག་གཞིའི་ནང་དུ་བུད་མེད་ཀྱི་ཐོབ་ཐང་གསལ་བོར་འཁོད་ཡོད་པ་མ་ཟད། འདས་པའི་དུས་ནས་བཟུང་བོད་གཞུང་བཀའ་ཤག་གི་ངོས་ནས་ཀྱང་བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་གཏོང་བའི་སྲིད་བྱུས་དེ་འདྲ་ཡང་གཏན་འབེབས་བྱས་ཡོད་པ་རེད། འདི་དག་ཡོད་ཚད་ཕན་ཐོགས་མིན་ལ་མ་ལྟོས་པར་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད་བསམ། ཅེས་བརྗོད་བྱུང་ལ། ཡང་ཁོང་གིས། གདོད་མའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཡོད་པའི་ང་ཚོའི་བཙན་པོའི་དུས་སྐབས་སུ་བུད་མེད་ལ་ཐོབ་ཐང་ཡག་པོ་ཡོད་པ་རེད། ཁྱད་པར་དུ་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས་སུའང་། བུད་མེད་ལ་མཐོང་ཆེན་དང་ཕོ་མོ་གཉིས་ལ་ཁྲིམས་དང་ཆད་པ་འདྲ་མཉམ་ཡིན་པ་སོགས་ཀྱི་གནས་སྟངས་ཤིག་ཆགས་ཡོད་པ་རེད།  ཡིན་ནའང། རྗེས་སུ་ཁྲི་སྲོང་སྡེ་བཙན་གྱི་སྐབས་སུ་བོད་ལ་ནང་ཆོས་དར་བ་དང་མཉམ་དུ་ཕོ་མཆོག་མོ་དམན་གྱི་ལྟ་བ་ཤུགས་ཆེར་དར་བ་ཞིག་དང་། རིམ་བཞིན་ས་སྐྱ་དང་ཕག་གྲུ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུས་སྐབས་སུ་ཕོ་མཆོག་མོ་དམན་གྱི་ལྟ་བ་ཤུགས་ཆེར་ཕྱིན་པ་རེད། དེ་ནི་ང་ཚོར་སངས་རྒྱས་ཆོས་ལུགས་དར་བ་དང་དེའི་ཤུགས་རྐྱེན་ལས་བྱུང་བ་རེད་ལ། དེ་དག་ཡོད་ཚད་སྐབས་དེར་ཁྲིམས་ལ་མི་ཆོས་འགྲེལ་བཤད་དང་བཟོ་བཅོས་བྱེད་པའི་འབད་བརྩོན་བྱས་པ་དང་།  ཁྲིམས་དང་སྒྲིག་གཞི། ཡ་རབས་སྤྱོད་བཟང་། མི་ཆོས་དབྱེ་བ་བཀར་མ་ཐུབ་པ་དང་གོ་རིམ་འཁྲུག་པའི་དབང་གིས་མི་ཆོས་གཞི་རྩ་མེད་པར་བཟོས་བ་དང་། དེ་དག་གི་ཉེར་ལེན་དང་ཁྲིམས་ཀྱི་ངོ་བོའི་ཐོག་ནས་མི་ཆོས་སྲུང་གཙི་སོགས་བྱས་ཏེ་ཕོ་མཆོག་མོ་དམན་གྱི་ལྟ་བ་འདི་བྱུང་བ་རེད། ཅེས་བརྗོད་བྱུང།

བུད་མེད་ཚོགས་གཙོ་དང་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས། བོད་སྲིད་པ་ཆགས་པ་ནས་ད་ལྟའི་བར་དང་ལོ་རྒྱུས་ཐོག་བལྟས་པ་ཡིན་ན། ཕོ་མོ་འདྲ་མཉམ་མིན་པའི་གནས་སྟངས་དེ་ང་ཚོར་སྤྱི་ཚོགས་ཀྱིས་ཤུགས་རྐྱེན་ཐེབས་པའི་དབང་གིས་བྱུང་ཞིག་རེད་འདོད། ཁྱིམ་ཚང་ཞིག་ལ་མཚོན་ན་ཕ་དེས་ཁྱིམ་ཚང་གི་ཁབ་སྐུད་ཚུན་གྱི་འཚོ་བའི་མཐུན་རྐྱེན་ཡོངས་མཁོ་སྒྲུབ་ཀྱི་ནུས་པ་འཐོན་བཞིན་པ་དང་། བུད་མེད་དེ་ཐབ་ཚང་གི་ཁ་ཟས་གཡོས་སྦྱོར་ཁོ་ནའི་ལས་ཀར་འཐམ་པའི་གནས་སྟངས་འོག རིམ་གྱིས་བུད་མེད་ཚོས་སློབ་སྦྱོང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་སོགས་ཕྱོགས་ཡོངས་ཀྱི་དགོས་མཁོའི་ཐོག་ཐོབ་ཐང་བཞེས་ཐུབ་མེད་པ་ཞིག་ཆགས་འདུག་ལ། དེ་བཞིན། སློབ་སྦྱོང་ཡིན་ནའང་སྐྱེས་པ་ཚོས་ཐུབ་པ་དང་བུད་མེད་ཚོས་མི་ཐུབ་པ་ཞིག་ཏུ་ངོས་འཛིན་བྱས་པ་སོགས་ཀྱི་དབང་གིས། བུད་མེད་རང་ཉིད་ཀྱིས་གང་ཐུབ་པ་དང་གང་འཇོན་པའི་ཁོར་ཡུག་རག་རྒྱུའི་འབད་བརྩོན་བྱ་ཐུབ་མེད་པའི་གནས་སྟངས་ཆགས་འདུག་ཅེས་བརྗོད་བྱུང་ལ། ཡང་ཁོང་གིས།  ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་ཡོད་པ་རེད། ཡིན་ནའང། ཕྱོགས་གང་མང་ཞིག་ནས་ཕོ་མོ་གཉིས་ཀ་བློ་ཕམ་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། རྒྱལ་ཁབ་ཞིག་ཡར་རྒྱས་འགྲོ་བར་ཕོ་མོ་གཉིས་ཀ་མཉམ་རུབ་ཀྱིས་ཧུར་བརྩོན་བྱ་དགོས་སྟབས། མ་འོངས་པར་བུད་མེད་ཚོ་རང་ངོས་ནས་མི་ཚེར་ཚོད་འཛིན་མི་བྱ་བར་ཐོབ་ཐང་རྩོད་ལེན་དང་འབད་བརྩོན་བྱ་དགོས་པ་གལ་ཆེན་པོ་རེད་ཅེས་བརྗོད་བྱུང།

བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། བཙན་བྱོལ་སྤྱི་ཚོགས་ནང་སྐྱེས་དམན་གྱིས་རང་གི་ཁྱོ་ཀར་ husband ཞེས་འབོད་པ་དང་སྐྱེས་པས་ངའི་ wife ཅེས་འབོད་ཀྱིན་པ་ལས་སྐྱེས་དམན་ཅེས་འབོད་ཀྱིན་མི་འདུག  དེར་ང་རང་གིས་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཏུ་མཐོང་གི་ཡོད། དེ་གང་ལ་ཐུག་འདུག་ཅེ་ན། སྐྱེས་དམན་ཅེས་པ་དེ་སྐྱེས་བ་དམན་པ་ཞིག་ལ་བརྩི་གིན་ཡོད་པ་རེད། དཀའ་ངལ་དེའི་དབང་གིས་ཕན་ཚུན་འབོད་མ་ཐུབ་པའི་དཀའ་ངལ་ཞིག་འཕྲད་ཡོང་གི་ཡོད་པ་གསལ་བོ་རེེད། ཅེས་དང་། ཡང་ཁོང་གིས། ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་དེ་ནུབ་ཕྱོགས་དང་རྒྱ་གར་སྤྱི་ཚོགས་ཀྱི་ལྟ་སྟངས་ལས་ཡག་པ་ཞིག་ཏུ་སླེབས་འདུག  ང་ཚོས་ནུབ་ཕྱོགས་ཀྱིས་བུད་མེད་ཐོབ་ཐང་རྩོད་པ་ནང་བཞིན་རྩོད་པ་ལྟར་དམིགས་བསལ་རྩོད་དགོས་པ་ཞིག་ཆགས་ཡོད་པ་མ་རེད། གཞན་ལ་མ་ལྟོས་པར་ང་ཚོ་སྤྱི་ཚོགས་རང་གི་ཕོ་མོ་འདྲ་མཉམ་གྱི་གུས་བཀུར་དང་བརྩི་མཐོང། བསམ་ཤེས་ཏེ་སྔོན་ལས་ལྷག་པའི་གོང་མཐོར་གཏོང་བར་འབད་བརྩོན་བྱ་དགོས་པ་ཞིག་རེད་ལ། ཕོ་མོ་ཁ་ཁ་ཡིན་པ་ལས་འདྲ་མཉམ་མིན་པ་ཞིག་གཏན་ནས་མ་རེད།  དེ་འདྲ་ཡིན་དུས་ང་རང་གིས་བསམ་ན་དེ་ནི་རྩ་བ་ཉིད་ནས་རྩོད་དགོས་པའི་གནད་དོན་ཞིག་མིན་པར་ང་རང་ཚོའི་སྲོལ་རྒྱུན་གྱི་འགྲོ་སྟངས་ལྟར་ལྟ་སྟངས་གཅིག་གི་འོག་གནས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བརྗོད་བྱུང།

ཐ་མ་དེར་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས།   ང་ཚོ་བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་གང་འདྲ་ཞིག་ཡོད་པ་རེད་ཅེ་ན། ང་ཚོ་རྒྱལ་སྤྱིའི་སྤྱི་ཚོགས་དང་བསྡུར་བ་ཡིན་ན་ང་ཚོའི་བུད་མེད་ཀྱི་གནས་སྟངས་ཏེ་ཧ་ཅང་ཡག་པོ་རེད་བསམ། ཡིན་ནའང། ཡག་པོ་ཡིན་པ་ཡར་རྒྱས་གཏོང་བ་དང་མིན་པ་ཡག་ཏུ་གཏོང་རྒྱུ་མང་པོ་ཞིག་ལྷག་བསྡད་ཡོད་པ་རེད། ནང་ཆོས་དར་ནས་བུད་མེད་ཀྱི་ཐོབ་ཐང་མེད་པར་བཟོས་པ་ཞིག་རེད་ཅེས་ན་གཏན་ནས་ཡོད་པ་མ་རེད། དེ་ཡང་གཙོ་བོ་ང་ཚོའི་སྤྱི་ཚོགས་ནང་གི་མིས་སྤྱོད་པ་འཁུར་སྟངས་སོགས་ཀྱིས་འགྱུར་བ་སོང་བསྡད་པ་ཞིག་ཡིན་སྟབས། ཆོས་དང་སྲིད་སོགས་ཀྱི་ཕྱོགས་ལ་འཁུར་དགོས་པ་ཞིག་གཏན་ནས་ཆགས་ཡོད་པ་མ་རེད། ང་ཚོའི་བུད་མེད་ཚོས་ཆེར་བཞེས་ཀྱི་ཁུར་ཆེན་པོ་ཞིག་བླངས་པ་ཡིན་ན། ད་ལྟའི་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་སོགས་ཕྱོགས་ཡོངས་ནས་གོམ་པ་རྒྱག་སའི་ས་མང་པོ་ཞིག་ཡོད་པ་དང་།  བུད་མེད་ཚོས་བློ་སྟོབས་དང་སེམས་ཤུགས་ཆེར་བསྐྱེད་ཀྱིས་ཁུར་བླངས་པ་ཡིན་ན་ཐོབ་ཐང་མེད་པ་ཞིག་རྩ་བ་ནས་མིན་སྟབས། མ་འོངས་པར་ཆོས་སྲིད་གཉིས་ཀྱི་ཐད་ལ་དོ་སྣང་དང་ཐུགས་འཁུར་བཞེས་དགོས་པ་གལ་ཆེན་པོ་ཡིན་ཚུལ་སོགས་གསུངས་བྱུང།

ཐེངས་འདིའི་བགྲོ་གླེང་གི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་བུད་མེད་ཡོངས་ཀྱིས་བུད་མེད་ཀྱི་སྟེང་དུ་དྲག་རྩུབ་མནར་གཅོད་ཀྱི་བྱ་སྤྱོད་སྤེལ་བཞིན་པ་དེ་དག་འགོག་ཐབས་སུ་འབོད་སྐུལ་དང། དེ་བཞིན་བུད་མེད་རྣམས་ཀྱིས་མནར་གཅོད་ཀྱི་ངོ་བོ་དེ་གོ་སྐབས་སུ་བསྒྱུར་ཐུབ་པའི་འབོད་སྐུལ་བྱ་ཆེད་སྐོང་འཚོགས་གནང་བ་དང་།  བགྲོ་གླེང་བ་བཞི་གཙོས་པའི་མི་མང་ ༥༠ ལྷག་འདུ་འཛོམས་ཀྱིས་ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་ཡོད་དམ། ཅེས་པའི་བརྗོད་གཞི་དེའི་སྟེང་བགྲོ་གླེང་གོ་བསྡུར་དང་དྲི་བ་དྲིས་ལན་ཡང་གནང་སོང།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༡ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 27

  1. རྩམ་ཟན་པ། says:
    ལོ་ 15 སྔོན།

    ནང་ཆོས་ནི་སེམས་ཀྱི་སྨན་མཆོག་ཏུ་གྱུར་པ་ཞིག་རེད།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    དྲ་གྲོགས་བྱམས་རྒྱལ་ལགས་ཀྱིས་དཀྱེལ་ཡངས་པའི་བསམ་བློས་བདག་ལ་དགོངས་དག་ཞུས་གནང་བར་ང་སྙིང་ནས་དགའ་བྱུང་། མ་གཞི་ཁྱེད་ཀྱིས་དགོངས་དག་མ་ཞུས་ཀྱང་ང་ནི་དྲ་ཐོག་གི་ཟིན་བྲིས་དང་མཆན་བུ་འདེབས་མཁན་རྙིང་པ་ཞིག་ཡིན་བསམ་ཡོད་ལ། འདི་འདྲ་བར་ཐེངས་མང་འཕྲད་མྱོང་བས་དེ་འདྲ་ལ་སེམས་འཁྲུག་གི་མ་རེད། གང་ལྟར་ཀྱང་ཁྱེད་ཀྱང་བློ་དཀྱེལ་ཡངས་པའི་དྲ་གྲོགས་ཤིག་ཡིན་པ་ངས་ཤེས་སོང་། བསམ་ཚུལ་མ་མཐུན་པ་རེ་ཟུང་ཡོང་སྲིད་པས་དེ་ཚོར་དེ་འདྲའི་གལ་ཆེན་དང་གཙིག་ཆེན་གནང་མི་དགོས་པ་འདྲ།
    གཞན་ཡང་དྲ་གྲོགས་གསར་པ་blackman(འདི་མི་ནག་ཟེར་བ་ཡིན་འདྲ། རང་གིས་རང་ལ་མི་ནག་འདྲ་ཟེར་ནས་ཅི་བྱེད། དེ་ལས་white manསྟེ་མི་དཀར་པོ་འདྲ་ཟེར་ན་བཟང་གི་མོད།)ཟེར་བས་ཀྱང་གོ་རྒྱུ་ཡོད་པ་དོན་ལ་གནས་པ་ཞིག་གསུངས་འདུག དྲ་ཐོག་གི་མི་ཞིག་ཡིན་ཚེ་བློ་དཀྱེལ་ཅུང་ཡངས་དགོས་པ་གལ་ཆེན་པོ་རེད། ང་ཚོས་མི་སུ་ཡིན་རུང་རང་རང་གི་བསམ་ཚུལ་མུ་མཐུད་ནས་གསུང་རོགས། མཚམས་མཚམས་སུ་མ་མཐུན་པ་རེ་ཡོང་སྲིད་ཀྱང་དེ་ལ་དེ་འདྲ་གལ་ཆེན་དང་ཁོང་ཁྲོ་བྱེད་དགོས་དོན་ཡོད་པ་མ་རེད་སྙམ། དེ་ཙམ་ཡིན། ཡང་ཡང་མཇལ་ཡོང་།

    Reply
  3. blackman says:
    ལོ་ 15 སྔོན།

    ཤེས་ཡོན་ཅན་ཟེར་བ་ནི་བདེན་པ་མཐོང་ཐུབ་མཁན་ཞིག་དང་དེ་ལྟར་བཤད་ཅིང་སྒྲུབ་ཐུབ་མཁན་ཞིག རང་ཚུགས་ཡོད་མཁན་དང་རང་ལས་རང་གི་ཞབས་ཞུ་སྒྲུབ་ཡུལ་གྱི་སྤི་ཚོགས་དེ་གཙིགས་ཆེར་འཛིན་མཁན་ཞིག་ཡིན་དགོས་ནི་རེད།

    Reply
  4. blackman says:
    ལོ་ 15 སྔོན།

    བྱམས་རྒྱལ་གྱིས་གནས་ལུགས་སྲུང་བརྩི་བྱས་པ་དགའ་ནི་ཞིག་རེད། བདེན་པ་མཐོང་ཡང་སྣང་མེད་དུ་བཞག་ནས་རང་་གི་ལྟ་ཚུལ་མཁྲེགས་འཛིན་བྱེད་པ་དེ་ལས་ཐབས་སྡུག་ཅིག་ཡོད་ནི་མ་རེད། གཅན་བཟོད་རྒྱམ་གྱིས་གནས་ལུགས་བཤད་དུས་བྱམས་རྒྱལ་གྱིས་དང་ལེན་བྱས་པ་དངོས་གནས་བྱམས་རྒྱལ་དེ་ཤེས་ཡོན་དགའ་བའི་མི་ཞིག་ཡིན་པ་མཚོན་སོང་ནི་རེད། དེ་འདྲ་ཡིན་ན་བསམ་ཚུལ་བཤད་དང་གནས་ལུགས་སྟོན་ས། ཤེས་ཡོན་བརྗེ་རེས་བྱེད་སའི་ཁོར་ཡུག་རྒྱ་ཆེན་པོ་ཞིག་ཡོད་སོང་ནི་རེད། འདི་འདྲ་ཡིན་ན་དྲ་བའི་རིག་གནས་འདི་ལ་སྙིང་པོ་ཞིག་བསྐྲུན་ཐུབ་པར་བདག་འདོད། སྒྲོན་དཀར་མཚོ་མོ་དང་རིན་ཆེན་མཁའ་འགྲོ་ལྟ་བུའི་ཤེས་རྒྱ་གང་ཡང་མེད་པའི་ཨ་མ་དེ་ཚོས་ངལ་གསོ་གནང་ན་ཡག་གི་རེད་འདོད་ཡོད། ཤེས་ཡོན་ཅན་གྱི་སྤྱི་ཚོགས་ཀྱི་འགན་ཁུར་དགོས་པ་ལས་སྐད་ཆ་ཙམ་བཤད་ཤེས་པའི་གནས་ཚད་ཀྱིས་སྤྱི་ཚོགས་ཀྱི་འགན་ཁུར་ན་མཇུག་འབྲས་ཅི་འབྱུང་ཚང་མས་མཐོང་གསལ་རེད།

    Reply
  5. བྱམས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་རྒན་པ་གཅན་བཟོད་རྒྱམ་ལགས་གུས་པས་ཁྱེད་ལ་དྲ་སྲིན་ཞུ་བ་ཐལ་སོང་དེ་ནི་ཁྱེད་ཀྱིས་བསྟན་འཛིན་བརྩོན་འགྲུས་ལ་༼ཁྱོད་ཚོ་གཞིས་ཆགས༽ཞེས་ཁ་སྨྲས་བཏང་བ་དེར་གུས་གཞིས་ཆགས་བ་ཞིག་མིན་ནའང་ཤོད་སྟངས་དེ་གཙོག་པ་ཞིག་མཐོང་བྱུང་ཕོག་ཐུག་འགྲོ་གཞི་ཞིག་རེད། ཡང་ན་ཁྱེད་ཀྱི་ཕྱོགས་ནས་དེ་འདྲ་ཡིན་གྱི་མ་རེད། གང་ལྟར་དགོངས་དག་ཞུ་འདོད་བྱུང་། དེ་མིན་ཁོང་ཡང་རྩ་དོན་གླེང་མི་ཤེས་མཁན་ཞིག་མ་རེད་བསམ་བྱུང་སྔར་ལོན་དྲོན་དུ་བོད་དོན་གཏམ་བཤད་གཅིག་བྱས་པ་བརྙན་འཕྲིན་ཐོག་མཐོང་སོང་བས་གུས་པར་ཚོར་ཤུགས་སྦྱིན་མྱོང་ཡོད་ ཁོང་ལ་དམིགས་བསལ་གཅིག་མཐོང་མྱོང་བ་ནི་རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་དང་ཆབ་སྲེད་འཕོ་འགྱུར་འོག་བོད་ཀྱི་རྩ་དོན་ལ་ཉམས་དཔྱད་གནང་ཤེས་པ་དེ་རེད་། འོན་ཀྱང་ད་དུང་ཁྱེད་ཀྱི་དགོངས་ཚུལ་བཞིན་ཞན་བའི་ཆ་ལུས་ཡོད་། སེམས་ཤུགས་དེའི་ཐོག་ད་དུང་ཡང་རྒྱལ་རབས་དང་། ལོ་རྒྱུས་ཡིག་ཆ་ལ་དོ་སྣང་ཆེ་ཙམ་གནང་རོགས་ཞེས་གུས་པས་ཀྱང་ཁོང་ལ་རེ་འདུན་ཞུ་འདོད་བྱུང་། ང་ཚོས་ཀྱང་ཧུར་ཐག་གནང་དགོས་རེད་།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    དྲ་གྲོགས་བྱམས་རྒྱལ་ལགས། གཅན་བཟོད་རྒྱམ་ཟེར་བ་དྲ་སྲིན་ཞིག་མ་རེད། དྲ་ཐོག་གི་དྲ་གྲོགས་རྒན་པ་ཞིག་རེད།
    བྲྩོན་འགྲུས་ལ་བཤད་པའི་སྐད་ཆ་དེ་ཚོ་སྔོན་མ་བཤད་བསྡད་ཡོད་ལ། ད་དུང་ཡིན་ཀྱང་དེ་ག་རང་ཡིན། བརྩོན་འགྲུས་ཁོ་རང་ལས་འགུལ་འདྲ་མིན་ལ་ཞུགས་པར་ངས་ཀྱང་བསྔགས་ཡོད། འོན་ཀྱང་རྒྱ་གར་གྱི་NDVTཚང་གིས་ལོ་སྔོན་མ་ཡང་ཁོ་སྐད་བཏང་སྟེ་སྐད་ཆ་བཤད་ཀི་བཅུག་སོང་། ཁ་སྔོན་ཡང་མོན་རྟ་ཝང་གི་སྐོར་ལ་སྐད་ཆ་དྲིས་སོང་། ཞ་སྒབ་པའི་ཕྱི་བསྐྱོད་ལག་འཁྱེར་དེ་གཅིག་པོ་མ་གཏོགས་ལོ་རྒྱུས་སྟེང་ནས་དང་། ཅབ་སྲིད་ཀྱི་སྟེང་ནས། ཁྱིམ་མཚེས་རྒྱལ་ཁབ་དག་གི་སྐོར་ནས་བོད་ལ་དཔེ་ལྟོས་དཔེ་ལེན་བྱེད་མི་ཤེས་ཀི
    རྒྱལ་ཁབ་ཅིག་རང་དབང་རང་བཙན་སོགས་ཡིམ་མིན་ལོ་རྒྱུས་ཀྱི་ཅ་ནས་བསྒྲུབ་ཐུབ་ཀི་རེད། འདི་ནག་གིས་བོད་ལ་བཤད་བཞིན་པའི་སྐད་ཆ་གཙོ་བོ་དེ་རེད། ཐང་ཡོན་ཆིང་ཆིན་མན་དང་ཀྲུང་ཧྭ་མིན་གོ་དང་གུང་ཁྲན་ཏང་སོགས་རིམ་བརྒྱུད་ཀྱི་ལོ་རྒྱུས་བཤད་ཀྱིན་འདུག
    རྒྱ་གར་དབྱིན་གཞུང་དང་བོད་པས་སིམ་ལའི་ཅིངས་ཡིག་དང་མེ་ཧྭག་མོན་ས་ཐིག་(༡༩༡༤)གི་རྗེས་ནས་(༡༩༥༤་༥༤་ཙམ་)བར་དུ་མོན་རྟ་དབང་ལ་བོད་གཞུང་དགའ་ལྡན་ཕོ་བྲས་བདག་དབང་ཡོད་པའི་སྐོར་ལོ་རྒྱུས་ཡིག་ཆ་ཁག་ན་གསལ་ལྷང་ངེར་ཡོད་པ་དེ་ཚོ་བཤད་ན་རིན་ཏང་ཅུང་ཡོད་པ་རེད། འདིའི་སྐོར་གཞན་དུ་ཡང་མཆན་བུ་བཏབ་ཡོད།
    ཁྱེད་ལ་ཤེས་འདོད་ཡོད་ན་རྗེས་སུ་རིམ་པས་ཞུ་ཆོག དོན་མེད་ལ་ཚིག་མཚོན་འདེབས་རྩིས་མ་བྱེད་རོགས།

    Reply
  7. བྱམས་རྒྱལ། says:
    ལོ་ 15 སྔོན།

    བསྟན་འཛིན་བརྩོན་འགྲུས་ཁྱེད་ཀྱིས་ཁ་ཡོད་ལག་ཡོད་དུ་བོད་ཀྱི་རྩ་དོན་སྒྲུབ་བཞིན་པར་བསྔགས་བརྗོད་ཡོད་ལ་ཐུགས་རྗེ་ཆེ་ཞུ། སྟོང་གཏམ་མ་གཏོགས་ལག་པས་མི་འཇོན་པའི་དྲ་སྲིན་གཅན་གཟོད་རྒྱམ་འདི་ལ་བོད་མི་རིགས་ཀྱི་ལ་རྒྱ་ཅི་ཙམ་ཡོད་མེད་ཁོའི་ཁ་ཚིག་ལ་ལྟོས་དང་གསལ།

    Reply
  8. བྱམས་རྒྱལ། says:
    ལོ་ 15 སྔོན།

    བསྟན་འཛིན་བརྩོན་འགྲུས་ཁྱེད་ཀྱིས་ཁ་ཡོད་ལག་ཡོད་དུ་བོད་ཀྱི་རྩ་དོན་སྒྲུབ་བཞིན་པར་བསྔགས་བརྗོད་ཡོད་ལ་ཐུགས་རྗེ་ཆེ་ཞུ། སྟོང་གཏམ་མ་གཏོགས་ལག་པས་མི་འཇོན་པའི་དྲ་སྲིན་གཅན་གཟོད་རྒྱམ་འདི་ལ་བོད་མི་རིགས་ཀྱི་ལ་རྒྱ་ཅི་ཙམ་ཡོད་མེད་ཁོའི་ཁ་ཚིག་ལ་ལྟོས་དང་གསལ།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྡ་རམ་ས་ལའི་མི་དྲག་སྐུ་དྲག་རྣམས་ཀྱིས་ཀམ་པུང་དྲར་ལ་གློག་ཀླད་ཞེས་དང་གྲོ་མ་གྲོ་ལ་ལྡུམ་སྒོང་ཞེས་འབོད་འདོད་ཡོད་བཞིན་དུ་རང་གི་བཟའ་ཚེ་རོགས་ལ་བོད་མིང་འབོད་མི་འདོད་པ་དེ་ནི་ང་ཅོ་རི་དགོད་མོ་ཤོར་བའི་རྒྱུ་དང་ཤ་ཀླན་འཇམ་དབྱངས་གྲགས་པ་མིག་ཆུ་ཤོར་རྐྱེན་རེད་ལྭོ། ཧཧཧཧཧཧཧཧ

    Reply
  10. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    སྤྱིར་བསྟན་འཛིན་བརྩོན་འགྲུས་དང་རིན་ཆེན་མཁའ་འགྲོ་དག་ལ་སེམས་ཤུགས་ཙམ་ལས་བོད་ཀྱི་བུད་མེད་དང་ལྷག་པར་བོད་ནང་གི་བུད་མེད་ལ་དེ་བས་ཀྱང་རྒྱུས་ཡོད་བཟོད་མི་འདུག་པས་གླེང་མོལ་དེ་ལྟར་བགྱིས་པ་ཁག་མི་འདུག
    ལྷག་དོན་བསྟན་འཛིན་གྱི་སྐད་ཆ་ནི་དེ་བས་ཀྱང་དཔྱད་བཟོད་དུ་གྲུབ་པ་ཞིག་མ་རེད།

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཀིརྟི་སྒྲོན་དཀར་ལྷ་མོ་ཚོས་ཅིག་བོད་སྲིད་པ་ཆགས་དུས་མ་དུས་ཙོ་ཨེ་ཤེས་ན། མི་ཆུང་ཁ་ནས་ཚིག་ཆེན་པོ་བཤད་ཀི་ཡ། སྙིང་ལང་ནི་ཞིག་རེད།

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བསྟན་འཛིན་བརྩོན་འགྲུས་ལགས། ཁྱོ་ག་ལ་husbandདང་སྐྱེས་དམན་ནམ་སྐྱེས་སྨན་ལ་wife ཟེར་བ་ནི་ཁྱོད་ཚོ་གཞིས་ཆགས་འགའ་ཤས་དང་དབྱིན་སྐད་ཁ་བྱང་རྣ་བྱང་ལ་སོང་ཡོད་མཁན་ཚོས་སྐད་ཆ་རེད་མ་གཏོགས་བོད་སྤྱི་བ་ཟེར་ནས་བཤད་ས་འགྲོ་ནི་ཞིག་མ་རེད། མ་གཞི་ནས་ཁྱོད་ནི་ལས་འགུལ་གང་མང་གི་མདུན་དུ་ཐོན་མཁན་ཞིག་ཡིན་པ་དགའ་ཡང་། བཤད་པའི་སྐད་ཆ་དེ་ཚོར་ཞིབ་འཇུག་གི་རིན་ཐང་དང་སྤྱི་ཡོངས་ཀྱི་ཆ་མང་པོ་མེད་པར་ཙག་ཙིག་དང་ཆ་ངེ་ཅུང་ངེ་རྐྱང་རེད་འདུག ཁ་སྔོན་མོན་རྟ་ཝང་གི་སྐོར་ནས་ཀྱང་དེ་འདྲ་རེད་འདུག་གཱ ལོ་རྒྱུས་ཀྱི་སྟེང་ནས་བཤད་རྒྱུ་ཅང་མི་འདུག དེ་བས་རྗེས་ཕྱོགས་ནས་གང་ཞིག་གི་ཆེད་དུ་སྐད་ཆ་བཤད་པའི་གོ་སྐབས་འདྲ་སྤྲད་ཚེ། ཐུགས་རྗེ་གཟིགས་དེའི་ཕྱོགས་ནས་མི་ལ་སྐད་ཆ་འདྲི་བ་དང་རྒྱུ་ཆ་བཟང་པོ་ཞིག་གྲ་སྒྲིག་བྱས་ཏེ་སྐད་ཆ་བཤད་རྒྱུ་ངའི་ཁྱོད་ལ་རེ་སྐུལ་ཞུས་པ་ཡིན།

    Reply
  13. blackman says:
    ལོ་ 15 སྔོན།

    བགྲོ་གླེང་པ་འདི་ཚོས་རགས་བཤད་ཙམ་བྱས་པ་ལས་གནད་དོན་ལ་དཔྱད་པ་དང་བགྲོ་གླེང་བྱས་མི་འདུག
    ལྷག་པར་བུད་མེད་ཚོགས་གཙོ་དང་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ཟེར་བ་དེས།བོད་སྲིད་པ་ཆགས་པ་ནས་ད་ལྟའི་བར་དང་ལོ་རྒྱུས་ཐོག་བལྟས་པ་ཡིན་ན། ཕོ་མོ་འདྲ་མཉམ་མིན་པའི་གནས་སྟངས་དེ་ང་ཚོར་སྤྱི་ཚོགས་ཀྱིས་ཤུགས་རྐྱེན་ཐེབས་པའི་དབང་གིས་བྱུང་ཞིག་རེད་འདོད། ཅེས་པའི་བཤད་ཚུལ་ལ་ལྟོས་དང་རགས་བཤད་ག་ཚད་ཅིག་བྱས་འདུག བུད་མེད་ཀྱི་ཚོགས་གཙོ་ལ་ལོ་རྒྱུས་དང་གནས་བབ་ཀྱི་གོ་རྟོགས་དང་རྒྱུས་མངའ་འདི་ཙམ་ལས་མེད་ན་གཞན་བཤད་མི་དགོས་པ་ཞིག་རེད། བོད་སྲིད་པ་ཆགས་པའི་གནས་སྟངས་གང་ཡང་མི་ཤེས་ན་ད་དུང་ཨུ་ཚུགས་བརྒྱབས་ནས་བཤད་ཁུལ་བྱས་པ་འདིས་མོ་མ་གཞི་ག་འདྲ་ཡོད་མེད་གསལ་སྟོན་བྱས་པ་ཙམ་ལས་ཅི་ཡང་མ་རེད། བོད་ཀྱི་ལོ་རྒྱུས་སྟེང་གི་མ་རྒྱུད་སྤྱི་ཚོགས་ཀྱི་གནས་བབ་གོ་ཐོས་ཙམ་ཡང་བྱུང་ཡོད་རྒྱུ་མ་རེད། ད་དུང་ཧམ་པ་ཆེན་པོས་སྐད་ཆ་བཤད་ཁུལ་བྱས་པ་སུ་ཞིག་གིས་བཙན་འདེད་བཏང་བ་ཡིན་ནམ། རང་ངོ་མི་ཟིན་པའི་མི་ཞིག་གིས་ད་དུང་ཐོབ་ཐང་འདྲ་བཤད་ཁུལ་བྱས་ནས། མགོ་རྙོག་ཞེ་དྲག་བཟོས་འདུག རིན་ཆེན་མཁའ་འགྲོས་ཅི་ཡང་བཤད་ཐུབ་མི་འདུག རང་ཉིད་སྲུང་སྐྱོབས་བྱས་པ་ཙམ་རེད། ད་་དུང་བུད་མེད་ཚོར་རེ་བ་ཡོད་རྒྱུ་མ་རེད་ཡ། ཨ་རོགས་རྒན་མོ་སྒྲོལ་དཀར་དང་རིན་ཆེན་མཁའ་འགྲོ་ས་མིག་དེ་བུད་མེད་གཞོན་ནུ་མ་ཚོར་སྤྲད་ན་ི་ལེགས་སམ།

    Reply
  14. ཨ་ལ་ལ says:
    ལོ་ 15 སྔོན།

    བུད་མེད་ཀྱི་ཐོབ་ཐང་ལབ་ན་མ་ལབ་ན་འཛིམ་གླིང་ཡུལ་གྲུ་མང་པོའི་ནང་བུད་མེད་ལ་རྡུང་རྡེག་དང་བཙན་གཡེན་བརྙས་ཆོས་སོགས་མང་པོ་གཏོང་གི་ཡོད་པས་དེ་འདྲ་མི་ཡོང་བར་བུད་མེད་དེ་ཚོ་ལ་རང་དབང་གི་བདེ་སྐྱིད་ཀྱི་ཐོབ་ཐང་སྤྲོད་དགོས་ཞེས་པའི་དོན་ཡིན་པ་ལས་བུས་བྱེད་ཐུབ་ན་བུད་མེད་ཀྱིས་བྱེད་ཐུབ་དགོས་ཟེར་བ་ཞིག་མ་རེད། གནས་ཚུལ་ཁ་ཤེས་ཤིག་བུད་མེད་དང་བུ་གཉིས་ཀྱི་ལུས་རྟེན་མི་འདྲ་བའི་དབང་གིས་འདྲ་མཉམ་གཏན་ནས་ཡོང་ཐབས་ཡོད་པ་མ་རེད། དེ་འདྲ་བ་དེ་ཚོ་ལ་ཐབས་ཤེས་ཡོད་པ་མ་རེད་ལ་དེ་ལ་ཐབས་ཤེས་བྱས་ན་བླུན་པོ་རེད། འདྲ་མཉམ་དང་ཐོབ་ཐང་བྱས་པ་ནི་བདེ་སྐྱིད་འདྲ་མཉམ་ཐོབ་རྒྱུ་དེ་རེད།

    Reply
  15. རྭ་ལོ། says:
    ལོ་ 15 སྔོན།

    ནང་ཆོས་འདིས་མིའི་སེམས་དང་ཀླད་པ་གཉིས་ཀར་ཤུགས་རྐྱེན་མི་འདྲ་བ་གཉིས་སྤྲད་ཡོད།

    སེམས་ཞི་བ་ཡིན་དགོས་པ་དང་། ཀླད་པ་མཁྲེགས་པོ་ཡིན་དགོས་པ་དེ་རེད།

    ཡིན་ཡང་དེ་རིང་གི་རྩོད་དོན་ནི། མི་སྐྱ་དང་དགེ་འདུན་པ་གཉིས་ལ་བོད་རང་གི་སྤྱི་ཚོགས་ཁྲོད་ནས་ཐོབ་ཐང་མི་འདྲ་བར་ཡོད་པ་འདིའི་སྐོར་ཡིན།

    Reply
  16. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    ད་དགེ་འདུན་པ་མང་པོ་ཤོད་མ་འདུག་སྐུ་ཚེ་རིང་། དགེ་འདུན་པ་རྣམས་སྤྱི་འཐུས་ནང་ཡོང་ན་ཀླད་པ་འཁྲེགས་དྲག་ནས་མཇུག་འབྲས་བཟང་པོ་མེད་ཐག་ཆོད་རེད། དེ་ལས་ང་ཚོས་ཞོར་དུ་ཤེས་ཡོན་ཡར་རྒྱས་དང་། བོད་ཀྱི་རྩོམ་རིགས་ནི་དགེ་འདུན་པ་ཁཽ་ན་ལ་རེག་ལས་ཡོད་པ་་ལྟ་བུ་གྱུར་ཡོད་སྟབས་དེ་ལ་དཀྱེལ་ཡངས་སོགས་གནང་རྒྱུ་གལ་ཆེ་འོ།།

    Reply
  17. རྭ་ལོ། says:
    ལོ་ 15 སྔོན།

    བཙན་བྱོལ་སྤྱི་ཚོགས་འདི་དམངས་གཙོའི་ལམ་དུ་བསྐྱོད་དུས་ཀྱང་དགེ་འདུན་པ་ཚོར་ཟུར་དུ་འོས་ཤོག་གཉིས་ཀྱི་ཐོབ་ཐང་སྤྲད་ཡོད། དོན་དངོས་ཐོག དགེ་འདུན་པ་ཚོས་རང་རང་གི་ཆོས་བརྒྱུད་ཁག་གི་སྤྱི་འཐུས་འདེམ་རྒྱུ་ཡིན་ཚེ། ཆོལ་ཁོངས་ཀྱི་འོས་ཤོག་དེ་དགོས་དོན་མི་འདུག

    Reply
  18. རྭ་ལོ། says:
    ལོ་ 15 སྔོན།

    བོད་ཀྱི་བུད་མེད་དང་མི་སྐྱ་ཚོ་བསྡུར་ན་ཐོབ་ཐང་འདྲ་མཉམ་རེད། ཡིན་ཡང་། སྡུག་ཤོས་དེ་མི་སྐྱ་དང་དགེ་འདུན་པ་གཉིས་ཀྱི་ཐོབ་ཐང་འདྲ་མཉམ་མ་རེད། སྤྱི་ཚོགས་རྙིང་བ་དེ་ལྟར་རེད་ལ། སྤྱི་ཚོགས་གསར་པའི་ནང་དུའང་དགེ་འདུན་པ་ཚོར་ཐོབ་ཐང་ལྷག་པ་འདུག

    Reply
  19. གཉན་མདང་ཕོ་ཉ། says:
    ལོ་ 15 སྔོན།

    བགྲོ་གླེང་འདིར་བཅར་རྒྱུ་བྱུང་སོང་།
    འགའ་ཤས་ཀྱིས་སྔོན་མའི་བོད་ནང་ལ་བོད་བུད་མེད་ལ་མཐོང་ཆཱུང་བྱེད་སྲོལ་དེ་རྒྱ་གར་ནས་ནང་ཆོས་དར་སོང་བ་དེས་རེད་ཅེས་བཤད་སོང་།

    ད་རུང་དེང་སང་བོད་ནང་ཕོ་མོ་འདྲ་མཉམ་ཡོད་ཅེས་སྐུ་མགྲོན་ཡོད་ཚད་ཀྱིས་ཐག་གཙང་བཅད་ཀྱིས་བཤད་སོང་།
    ཡིན་ནའང་ཁྱབ་བསྒྲགས་དང་སྦྱར་ཡིག་ནང་
    བོད་ཀྱི་བུད་མེད་ཚོར་ཐོབ་ཐང་འདུག་གམ།༽ཅེས་བརྗོད་འདུག
    དེར་བརྟེན་དེ་གཉིས་ཆ་མ་མཉམ་པ་ཞིག་མཐོང་སོང་།
    གང་ཡིན་ཟེར་ན།
    དྲི་བ་དེ་མར་བཀོད་ནས་
    དེ་ལ་བགྲོ་གླེང་ཙམ་ཡང་མེད་པར་ཁོ་རང་ཚོས་ཐག་བཅད་ནས་ཕོ་མོ་འདྲ་མཉམ་ཡོད་ཅེས་བཤད་ཀྱིན་འདུག་ག

    Reply
  20. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    བོད་ཀྱི་བུད་མེད་ཚོ་ལ་ཐོབ་ཐང་ཆ་ཚང་བ་ཡོད་ཀྱང་། རང་སྒེར་གྱི་འཇོན་གི་མི་འདུག་ལ་འབད་རྩོད་དང་ཁཱུར་ལེན་གྱི་མེད་ཚོད་རེད།
    ཐོབ་ཐང་ཟེར་བ་དེ་རང་སྒེར་གྱི་ངོས་ནས་ལེན་དགོས་པ་ལས། གཞན་གྱི་ཧོབ་ཙི་སྒང་ལ་སྤྲོད་ཐུབ་པ་མིན་པ་འདྲ། རེད་མ་རེད། ཨཨཨཨཨ།

    Reply
  21. བྱམས་རྒྱལ་ says:
    ལོ་ 15 སྔོན།

    ད་དུང་རང་གི་ ཆུང་མར་ partner ཞེས་འབོད་འབོད་མཁན་ཡང་འདུག་

    Reply
  22. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    བུད་མེད་ཚོགས་པའི་རྒྱུན་ལས་རྣམས་ལ་ལས་ཀ་རྫོགས་པ་ཡིན་རྒྱུ་རེད་མགཏོགས།བོད་པའི་སྤྱི་ཚོགས་ནང་སོ་སོས་མ་འཇོན་ནས་རྗེས་ལུས་ཐེབས་པ་ལས་སྐྱེ་པ་ཚོས་མགོ་བོ་ཡར་འདེགས་མི་འཇུག་པ་ཨེ་ཡིན་སྙམ།བུད་མེད་ཐོབ་ཐང་རྩོད་བ་ལས་སློབ་གྲྭ་ཁག་ཏུ་གཟིགས་སྐོར་རེ་ཕེབས་དེ་ཤེས་ཡོན་ག་འདྲ་འདུག་གཟིགས་དང་ཡག་ཤོས་དེ་རེད་མ་གཏོགས།ང་ཚོའི་བོད་གཞུང་གཏན་སློབ་ཁག་ཏུ་ཤེས་ཡོན་མེད་པ་དུས་རབས་གསར་པའི་ན་གཞོན་ཡིན་ན་ཅིག།དགའ་རོགས་བསྒྲིག་པ་དང་ལུས་འབྲེལ་གང་ཐུབ་བྱེད་པ་མ་ཟད་ཕ་མའི་རྩ་ནས་སྒོར་མོ་སུས་མང་པོ་ལེན་ཐུབ་ན་ཡག་ཤོས་རྩིས་པ།གཞུང་གང་རུང་ཞིག་ལ་སྙན་ཞུ་ཞིག་དང་སོ་སོའི་སྦྱིན་བདག་ལ་གཏང་ཡིག་ཡིག་ནོར་མེད་པར་བྲིས་ཐུབ་མཁན་མེད་པ།་ད་དུང་ལོ་འཁོར་ཡིག་རྩོད་སྐབས་སུ་སོ་སོའི་དགེ་རྒན་གྱི་ཟུར་ནས་གསང་བའི་ཐོགས་ནས་སློབ་དགོས་པ་སོགས་ཉམས་ཆགས་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་པ་དེ་རྣམས་བུད་མེད་ཚོགས་པའི་རྒྱུན་ལས་རྣམས་ཀྱི་མཐོང་གི་མེད་པ་འདྲ།
    བརྩོན་འགྲུས་ལགས་ཀྱི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་སོ་སོའི་སྐྱེ་དམན་ལ་དབྱིན་སྐད་ཀྱིས་wifeཅེས་འབོད་ཀྱིན་ཡོད་གསུངས་པ་དེ་ལ་གུས་པའི་ཞུ་རྒྱུར།དེ་ལྟར་འབོད་མཁན་གྱི་མི་སྣ་དེ་ཚོའི་སོ་སོ་འི་སྐད་ཡིག་ཡག་པོ་མི་ཤེས་པ་དང་ཤེས་རྒྱུའི་ཐབས་ཤེས་མི་བྱེད་པའི་ལས་རེད་མ་གཏོགས་ཚིག་གཞན་མེད་པ་མ་རེད།དཔེ་ན།ཟླ་བོ་དང་བཟའ་ཟླ།ཆུང་མ།བཟའ་རོགས།སྐུ་ཟླ་སོགས་མང་པོ་ཡོད་པ་རེད།།

    Reply
  23. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 15 སྔོན།

    བོད་བཙན་བྱོལ་སྤྱི་ཚོགས་ནང་དུ་བུད་མེད་ལ་ཐོབ་ཐང་མི་འདུག་ཅེས་རྩོད་དོན་མི་འདུག་སྙམ། ང་ཚོས་ཐོབ་ཐང་ཡོད་མེད་བཤད་པ་ལས་འགན་ཁུར་སྒྲུབ་དགོས་པ་དེ་གལ་ཆེན་པོ་རེད། རང་ཉིད་ཀྱིས་འཇོན་ན་མདུན་གྱི་འགྲོ་ལམ་དེ་ཡངས་ཤིང་རྒྱ་ཆེ་བ་ཤིག་ཡིན། འོན་ཀྱང་། ད་བར་བུད་མེད་ཚོས་ཁྱིམ་ཐབ་ཅིག་ཟིན། འཚོ་བར་དཀའ་ཁག་མེད་པ་ཆགས་པ་ཙམ་གྱིས་འདོད་བློ་ཁེངས་ནས་ལུས་པ་ཤིན་ཏུ་ནས་མང་བས། གང་དུའང་འགྲོ་མི་ཐུབ་པ་དང་། གང་ཡང་མ་འཇོན་པར་ཁྱིམ་ལས་རྩག་རྩིག་ལ་མགོ་འཁོར་ནས་ལུས་པ་བསྡད་ཡོད་པ་རེད་སྙམ། དེ་ནི་བོད་ཀྱི་བུད་མེད་ཚོ་རྗེས་ལུས་དང་མགོ་བོ་ཡར་ལ་འདེགས་མི་ཐུབ་པའི་ལེ་ཁག་གཞན་ལ་དཀྲི་ཡུལ་མེད་པ་དེ་ཆགས་ཡོད། ཁྭ་ཏས་མི་གཙང་ཟོས་པའི་མཆུ།། གཞན་ལ་ཕྱིས་ཟེར་བ་དང་ཡོངས་སུ་མཚུངས་པ་ཞིག་རེད།

    Reply
  24. གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    བོད་ཀྱི་བུད་མེད་ཚོས་མ་འཇོན་ནས་རེད། བཙན་བྱོལ་དུའང་བུད་མེད་ཤེས་ཡོན་ཅན་དང་སྐད་གྲགས་ཅན་སུ་ཡང་མི་འདུག སློབ་གྲྭར་འགྲོ་བ་འདྲ་མཉམ་རེད། བོད་དུའང་དེ་བཞིན་ཡིན། བུད་མེད་ཚོས་མགོ་བོ་ཡར་ལ་བརྐྱགས་དང་སུས་ཀྱང་བཀག་འགོག་བྱེད་ཀྱི་མ་རེད་

    Reply
  25. འབྲོག་ཁྱི། says:
    ལོ་ 15 སྔོན།

    ང་ཚོ་བོད་པའི་སྤྱི་ཚོགས་ནང་བུད་མེད་ལ་ཐོབ་ཐང་མེད་པ་ཞིག་མ་ཡིན་ཀྱང་བུད་མེད་སོ་སོའི་ངོས་ནས་རྣམ་གཡེང་དང་ལེ་ལོ་དྲ་བར་དབྲལ་མ་ཐུབ་པས་ལན་པ་རིད།

    Reply
  26. རྭ་ལོ། says:
    ལོ་ 15 སྔོན།

    བཙན་བྱོལ་གྱི་བོད་མི་ཚོས་གནད་དོན་འདི་གསལ་བོ་ཞིག་གླེང་མི་ཐུབ་པའི་དཀའ་ངལ་ཡོད། དཀའ་ངལ་དང་པོ་ནི། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མས་དབུ་ཁྲིད་པའི་སྤྱི་ཚོགས་རྙིང་བ་དེ་མུན་ནག་གི་སྤྱི་ཚོགས་ཤིག་ཡིན་ཅེས་བཤད་ཀྱིན་ཡོད་སྟབས། ང་ཚོས་རང་གི་སྤྱི་ཚོགས་ནང་དུ་འདྲ་མཉམ་མེད་པ་དང་སྐྱོན་མཚང་ཐེར་འདོན་བྱས་ན་རང་མགོར་རྒྱག་བྱེད་ཀྱི་དབྱུག་པ་དེ་རྒྱ་ནག་གི་ལག་ལ་བཞག་པར་འདོད་ཀྱིན་ཡོད། ང་ཚོས་ཕར་རྒྱ་ནག་ལ་རྒྱ་མོ་རྐང་རིལ་གྱི་སྐོར་མང་པོ་བཤད་ཡོད་སྟབས་ཚུར་ཁ་དམེ་མི་ཕོག་ཆེད་རང་སྲུང་གི་ཐབས་ལ་འབད་ཀྱིན་ཡོད།
    གཉིས་པ་དེ། ང་ཚོས་སྐབས་ཐོག་གི་སྤྱི་ཚོགས་འདི་ཡང་དམར་ཤོག་གི་དབུ་ཁྲིད་ཚོའི་འོག་གི་སྤྱི་ཚོགས་ལྟར་མིན་པར། དམངས་གཙོ་དང་དྲང་བདེན། འདྲ་མཉམ་བཅས་གཞི་རྩར་བཞག་པའི་སྤྱི་ཚོགས་ཤིག་ཡིན་པ་དངོས་ཤུགས་བརྒྱུད་གསུམ་ནས་སྟོན་གྱིན་ཡོད་སྟབས། ཁ་སང་དེ་རིང་རང་གི་སྤྱི་ཚོགས་ནང་དངོས་སུ་མངོན་བསྡད་པའི་སྣང་ཚུལ་དང་སྐྱོན་གནད་གང་ཡིན་ཡང་ས་འོག་ལ་འཇུག་ཐབས་བྱེད་ཀྱིན་ཡོད། རྒྱལ་ཁབ་སྟོབས་ཆེན་ཞིག་གི་ཁ་གཏད་ལ་ལངས་མཁན་གྱི་སྤྱི་ཚོགས་ཆུང་ཆུང་ཞིག་ལ་མཚོན་ན་འདི་ཡང་ལས་སླ་བོ་ག་ལ་ཡིན།

    འདི་ལྟར་ང་ཚོས་བོད་རང་གི་སྤྱི་ཚོགས་གསར་རྙིང་གཉིས་ཀ་གཏད་ནས་གཏམ་བཤད་འདི་དག་སྤེལ་གྱིན་ཡོད་སྟབས། མཚམས་རེར་གཏམ་བཤད་འདི་དག་ནི་རྣམ་པ་ཙམ་དང་ཆབ་སྲིད་ཀྱི་དགོས་མཁོ་ཙམ་ལ་གཞིར་བཞག་པ་ལས་དོན་དངོས་ལ་གཞོལ་བའི་གཏམ་བཤད་ནི་མ་རེད་འདོད།

    Reply
  27. བློ་བྷེ། says:
    ལོ་ 15 སྔོན།

    ང་ཚོ་བོད་ཀྱི་བུད་མེད་ཚོར་ཐོབ་ཐང་མེད་པ་མ་རེད། ཐོབ་ཐང་བེད་སྤྱོད་མ་བཏང་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese