སོག་ཡུལ་ལ་དམག་ཁྲིམས་བཏང་འདུག

སོག་པོའི་འོས་བསྡུའི་རྩོད་རྙོག་ཁྲོད་མི་ ༥ བསད་འདུག
དྲུག་པའི་ཚེས་ ༢༩ ཉིན་ཕྱི་སོག་གི་འོས་བསྡུ་བྱས་ཡོད་པ་དང་། འོས་ཤོག་དྲང་པོ་མ་བྱུང་ཚུལ་གླེང་སྟེ་མི་དམངས་ཀྱིས་ངོ་རྒོལ་བྱས་སྐབས་ཉེན་རྟོག་པ་དང་ངོ་རྒོལ་བ་ཚོ་གདོང་ཐུག་སྟེ། མི་ ༥ བསད་པ་དང་། ༣༠༠ ལྷག་རྨས་ཡོད་པ་དང་། ཕྱི་ཚེས་ ༡ ཉིན་སོག་པོའི་སྲིད་འཛིན་གྱིས་རྒྱལ་ཁབ་འདིར་ཛ་དྲག་གི་བཀའ་རྩ་བསྒྲགས་ཡོད་པ་རེད།
ཉེན་རྟོག་པ་དང་ངོ་རྒོལ་བ་ཚོ་གདོང་ཐུག་སྐབས་ངོ་རྒོལ་བ་དག་གིས་ད་ལྟའི་གཞུང་འཛིན་ཚོགས་པ་སྟེ། སོག་པོའི་མི་དམངས་གསར་བརྗེ་ཚོགས་པའི་སྲིད་འཛིན་ལྟི་གནས་ཀྱི་སྟེང་མེ་མདའ་བརྒྱབས་ཡོད་པ་དང་། ཕྱི་ཚེས་ ༡ ཉིན་སྲིད་འཛིན་ནམ་བྷ་རིན་ཨེན་ཁུ་བྷ་ཡར་གྱིས་ཉིན་བཞིའི་རིང་གི་ཛ་དྲག་གི་བཀའ་རྩ་ཁྱབ་བསྒྲགས་གནང་ཡོད་པ་རེད། ངོ་རྒོལ་བ་ཚོར་འགོག་སྡོམ་བྱེད་པའི་ཆེད་དུ། རླངས་ཆུ་གཏོར་བ་དང་འགྱིག་གི་མེ་མདའ་རྒྱག་ཆོག་གི་ཡོད་འདུག སོག་པོའི་བདེ་སྲུང་བློན་ཆེན་ལྟར་ན། ཐེངས་འདིའི་ཟིང་ཆའི་སྐབས་མི་ ༥ བསད་ཡོད་པ་དང་། འབངས་མི་ ༢༢༠ དང་ལས་བྱེད་མི་སྣ་ ༡༠༨་རྨས་ཡོད་ལ། ངོ་རྒོལ་བྱེད་མཁན་མི་ ༧༠༠ བཀག་ཉར་བྱས་ཡོད་འདུག
སོག་པོའི་དབུས་འོས་བསྡུ་ལྷན་ཁང་གིས་ཕྱི་ཚེས་ཉེར་དགུའི་ཉིན་གྱི་འོས་ཤོག་གི་མཇུག་འབྲས་ད་དུང་གསལ་བསྒྲགས་བསྐྱང་མེད་ནའང་། སྔོན་འགྲོའི་འོས་བསྡུའི་སྐབས་ད་ལྟའི་གཞུང་འཛིན་ཚོགས་པ་འདིར་གྲོས་ཚོགས་ཀྱི་རྐུབ་སྟེགས་ ༧༦ ལས་མང་ཤོས་ཐོབ་ཡོད་ལ། ད་ལྟའི་གཞུང་འཛིན་ཚོགས་པ་འདིས་དུས་རབས་སྔོན་མའི་དུས་རབས་ཕལ་ཆེ་བར་སོག་པོའི་གཞུང་འདི་བཟུང་ཡོད་འདུག
ཁ་གཏད་ཚོགས་པ་སྟེ། སོག་པོའི་དམངས་གཙོ་ཚོགས་པས་ཐེངས་འདིའི་འོས་བསྡུའི་མཇུག་འབྲས་ལ་ངོས་ལེན་བྱེད་ཀྱི་མིན་ཚུལ་བརྗོད་ཡོད་ལ། ཡིན་ནའང་རྒྱལ་སྤྱིའི་རྟོག་ཞིབ་པ་དག་གིས་ཐེངས་འདིའི་འོས་བསྡུ་དེ་དྲང་པོ་དང་ལུགས་མཐུན་ཆགས་ཡོད་ནའང་། འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་ཕྲན་བུ་རེ་བཏང་བ་དེས་རྩོད་གཞི་བསླངས་པ་རེད་ལ། འགའ་རེ་ནི་འོས་ཤོག་གྲངས་བཤེར་བྱེད་ཕྱོགས་ལ་མགོ་འཐོམ་པའི་དབང་གིས་རེད་ཟེར།
གང་ལྟར་དབུས་འོས་བསྡུ་ལས་ཁུངས་ཀྱིས་འོས་ཤོག་གྲངས་བཤེར་གྱི་མཇུག་འབྲས་ཁྱབ་བསྒྲགས་བྱེད་ཀྱི་ཡིན་ཚུལ་བརྗོད་ཡོད་ལ། ད་ལྟའི་ཆར་སོག་པོའི་རྒྱལ་ས་ཨུ་ལན་པ་ཊོར་དུ་དམག་ཁྲིམས་བཏང་སྟེ། གྲོང་ཁྱེར་གྱི་ནང་དུ་དམག་མིའི་དྲག་ཆས་རླངས་འཁོར་མང་པོས་ཁེངས་ཤིང་། ཉིན་ཤས་རིང་འདིར་ཨ་རག་གི་རིགས་བཙོང་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག
སོག་པོར་ཡོད་པའི་ཨ་རིའི་གཞུང་ཚབ་པས། ཨ་རིས་དོན་རྐྱེན་འདིར་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་པ་མ་ཟད། ཚོགས་པ་ཕྱོགས་གཉིས་ཀས་གྲོས་བསྡུར་བྱས་ཏེ་ལས་ཀ་མཉམ་ལས་བྱེད་བཞིན། ཨེ་ཤ་ཡའི་དཀྱིལ་འདི་ལ་དམངས་གཙོའི་མིག་དཔེ་ཡག་པོ་ཞིག་སྟོན་རྒྱུའི་སྐུལ་མ་བྱས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply