སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལ་བཅར་འདྲི། (ཚན་པ་དང་པོ།)

 བོད་རིགས་ན་གཞོན་སྨྱུག་ཐོགས་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ནི་བོད་ནང་འཚར་ལོངས་བྱུང་ཞིང་། རིམ་བཞིན་སློབ་གྲྭ་ཆུང་འབྲིང་དང་དགོན་སྡེ་སོགས་འགྲིམས་ཏེ་བོད་ཀྱི་རིག་གནས་ཆེ་ཆུང་སྤྱི་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་རིག་པར་བག་ཆགས་གཏིང་ཟབ་བཞག རྗེས་སུ་རིམ་གྱིས་བོད་ལྗོངས་སློབ་ཆེན་ལ་ཞུགས་ཏེ་རོལ་དབྱངས་ལ་སློབ་སྦྱོང་གནང་། ༢༠༠༠ ལོ་ནས་པེ་ཅིན་སློབ་གྲྭ་ཆེན་མོར་ཕྱིན་ཏེ། ནུབ་ཕྱོགས་མཚན་ཉིད་རིག་པའི་ཐོག་ལ་ཆེད་སྦྱོང་གནང་། ཉེ་ལམ་ཁོང་གིས་མཐའ་མཇུག་གི་ཚེ་སྲོག་ཅེས་པའི་སྙན་དེབ་ཅིག་འདོན་སྤེལ་བྱས་པ་དང་བསྟུན་ནས། འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ ༢༠༠༧ ཟླ་ ༨ ཚེས་ ༢༥ ཉིན་ཁོང་ལ་བོད་ཀྱི་རྩོམ་རིག་སྐོར་ལ་བཅར་འདྲི་ཞུས་པ་གཤམ་གསལ་ལྟར།
དྲི་བ། ཐེངས་འདིའི་སྐུ་ཉིད་ཀྱི་མཐའ་མཇུག་གི་ཚེ་སྲོག་ཅེས་པའི་སྙན་དེབ་དངོས་སུ་འགྲེམས་སྤེལ་བྱས་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག སྐུ་ཉིད་ལ་བོད་ཀྱི་རྩོམ་རིག་སྐོར་གྱི་དྲི་བ་འགའ་འདོན་ཆོག་པར་གྱིས། དང་ཐོག་ཁྱེད་རང་ཐོག་མར་རྩོམ་རིག་ལ་ཇི་ལྟར་ཞུགས་ཚུལ་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། སློབ་གྲྭ་དམའ་འབྲིང་སྐབས་ལ་ངས་གཅེས་ཕྲུག་ཅེས་པའི་ལྷུག་རྩོམ་ཞིག་བྲིས་ཏེ་མཚོ་སྔོན་སློབ་གསོའི་སྟེང་བཀོད་ཅིང་། དེར་རྩོམ་ཡོན་དངུལ་ཁ་ཤས་ཀྱང་རག་སོང་ལ། རྗེས་སུ་ང་ཚོའི་སློབ་གྲྭའི་མཛད་སྒོ་ཞིག་གི་སྟེང་ནས་གཟེངས་བསྟོད་བྱ་དགའ་ཞིག་ཀྱང་སྤྲད་སོང་། དེ་ནི་དེབ་ཅིག་གི་སྟེང་དུ་ངའི་རྩོམ་ཡིག་བཀོད་པ་ཐོག་མ་དེ་ཡིན་པས་ཧ་ཅང་དགའ་སྟེ། མུ་མཐུད་རྩོམ་ཡིག་འབྲི་རྒྱུའི་འདུན་པ་ཤུགས་ཆེན་སྐྱེས། འོན་ཀྱང་དེའི་རྗེས་སུ་དགོན་པར་ཞུགས་ཏེ། བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་སོང་ནས་ནང་དོན་རིག་པའི་གཞུང་སོགས་ལ་སློབ་སྦྱོང་བྱེད་དགོས་སྟབས། ཚབ་མཚོན་རང་བཞིན་གྱི་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཐུབ་མ་སོང་ལ། རྩོམ་ཡིག་འབྲི་རྒྱུའི་དུས་ཚོད་ཡང་མོད་པོ་ཞིག་ཡོད་པ་མ་རེད། ཡང་ཉིན་ཞིག་བཅོམ་ལྡན་མཆོད་པའི་མེ་ཏོག་བྱ་བའི་རྩོམ་ཡིག་ཞིག་རི་བོ་ཉི་ཟླའི་སྟེང་བཀོད་པ་ཐེངས་གཉིས་པ་དེ་ཡིན། དེ་ནས་བསྟུད་མུར་སྦྲང་ཆར་སྟེང་རྩོམ་ཡིག་ཁ་ཤས་བཀོད་ཡོད་ལ། དེའི་ནང་གི་གཅིག་ལ་སྦྲང་ཆར་གྱི་བྱ་དགའ་ཞིག་ཀྱང་ཐོབ་སོང་། འོན་ཀྱང་། རྩོམ་སྒྲིག་ཁང་དེ་དག་གིས་རྩོམ་ཡིག་གང་ཡིན་ལ་བཅད་གཏུབ་བྱས་ཏེ། མ་རྩོམ་ལ་སྒྱུར་བཅོས་ཚབས་ཆེན་གཏོང་བཞིན་འདུག་སྟབས། ངས་རིམ་གྱིས་དུས་དེབ་དང་ཚགས་ཤོག་རིགས་ཀྱི་སྟེང་ལ་རྩོམ་ཡིག་སྐུར་མཚམས་བཞག་པ་ཡིན། སྐབས་དེར་ངའི་སེམས་ལ་མི་གཞན་གྱི་ཤན་ཤུགས་དང་བཅོས་ལྷད་མ་འདྲེས་པའི་རང་གི་ཆེད་དེབ་ཅིག་འདོན་ཐུབ་ན་ཅི་མ་རུང་སྙམ་སྟེ། རྩོམ་ཡིག་ཡོངས་ཉར་ཚགས་བྱས་ནས་བསྡད། ཐེངས་འདིར་ངའི་སྙན་དེབ་འདིའི་ནང་དུ་ལོ་ངོ་ཉི་ཤུའི་རིང་ང་རང་གི་རྩོམ་རིག་གི་འཕེལ་རིམ་ཞིག་མཚོན་ཕྱིར། རྩོམ་ཡིག་འདམ་གསེས་བྱས་མེད་པར་བཟང་ངན་གཉིས་ཀ་བཞག་ཡོད།
དྲི་བ། གོ་ཚོད་ལྟར་ན་སྐུ་ཉིད་ཀྱིས་སྔོན་ཆད་ཞབས་རྗེས་ཞེས་པའི་གླུ་དབྱངས་ཆེད་བསྒྲིགས་ཀྱི་སྒྲ་ཐག་ཅིག་བཏོན་ཡོད་རབས་འདུག་ཀྱང་། རྒྱ་ནག་གཞུང་གིས་ཆབ་སྲིད་དང་འབྲེལ་བ་ཡོད་པར་བསྙད་འདོགས་བྱས་ཏེ་བཀག་སྡོམ་དང་ཕྱིར་བསྡུ་བྱས་ཡོད་རབས་འདུག་པ་བདེན་པ་རེད་དམ།
ལན། བདེན་པ་རེད། སྒྲ་ཐག་དེ་ང་རང་བོད་ལྗོངས་སློབ་གྲྭ་ཆེན་མོའི་རོལ་དབྱངས་འཛིན་གྲྭ་ཐོན་སྐབས་མཐར་ཕྱིན་དཔྱད་རྩོམ་གྱི་ཚབ་ཡིན། ཆེད་སྒྲིག་གླུ་དབྱངས་སྒྲ་ཐག་དེའི་ཚིག་དང་དབྱངས། སྒྲིག་སྦྱོར་ཚང་མ་ང་རང་སྒེར་གྱིས་བྱས་པ་ཡིན། གང་ཡིན་ཞེ་ན། སྐབས་དེར་སྒྲ་ཐག་གི་བདག་དབང་ཚང་མ་བོད་ལྗོངས་བརྙན་ཕབ་ལས་ཁུངས་ནས་ཉོ་དགོས་པ་རེད། ཁོ་ཚོས་གཞས་ཚིག་ལ་ཞིབ་འཇུག་དང་བཟོ་བཅོས་རྒྱག་གིན་ཡོད་པ་མ་ཟད། གུང་ཁྲན་ཏང་ལ་བསྟོད་ཚིག་འགའ་རེ་ངེས་པར་དུ་འཇོག་དགོས་སྟབས། ངས་བརྒྱུད་ལམ་གཞན་ཞིག་ནས་སྒྲ་ཐག་དེའི་བདག་དབང་ཉོས་པ་མ་ཟད། ལྷ་ས་དང་མཚོ་སྔོན་སོགས་ནས་བཏོན་ཚེ་བོད་ཡིག་གི་ཤེས་ཚད་ཅན་མང་སྟབས། གཞས་ཚིག་ལ་བཟོ་བཅོས་རྒྱག་པར་དོགས་ནས་ཟི་ཁྲོན་ཁྲིན་ཏུ་རུ་སོང་སྟེ་བཏོན་པ་ཡིན། འོན་ཀྱང་ཟླ་གཅིག་ཙམ་ལས་མ་འགོར་བར་རྒྱ་ནག་གཞུང་གིས་སྒྲ་ཐག་དེའི་ནང་མི་རིགས་དང་། ཆབ་སྲིད་ཀྱི་གནད་དོན་འདུག་ལ། ལྷག་པར་དུ་པོ་ཏ་ལའི་གཏམ་བརྒྱུད་ཅེས་པ་ཞིག་དང་། རེ་སྒུག་ཅེས་པའི་གཞས་ཚིག་གཉིས་ལ་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་འདུག་ཟེར་ནས། སྒྲ་ཐག་རྣམས་ཕྱིར་བསྡུ་བྱས་སོང་།
དྲ་བ། སྐུ་ཉིད་སྔོན་ཆད་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། པེ་ཅིན་སློབ་གྲྭ་ཆེན་མོ་སོགས་འགྲིམས་ཏེ། ཡིག་རིགས་གཞན་གྱི་སྟེང་ནས་རོལ་དབྱངས་དང་རྩོམ་རིག མཚན་ཉིད་རིག་པ་སོགས་ལ་སློབ་སྦྱོང་བྱས་མྱོང་ཡོད་པ་རེད། སྐད་ཡིག་རིག་གནས་དེ་དག་གི་ངོས་ནས་ཕྱིར་མིག་བལྟས་ན། བོད་རང་གི་རྩོམ་རིག་འཕེལ་རིམ་གང་འདྲར་མཐོང་སོང་ངམ།
ལན། ང་རང་གིས་མི་རིགས་གཞན་གྱི་རྩོམ་རིག་ལ་སློབ་སྦྱོང་དང་། ཞིབ་འཇུག་བྱས་པའི་མྱོང་ཚོར་ལས་ཕྱིར་མིག་ཅིག་བལྟས་ན། ད་དུང་བོད་རང་གི་རྩོམ་རིག་གི་ཚད་གཞི་ཧ་ཅང་དམའ་ཞིང་། མགོ་དོན་འགྲུབ་རྒྱལ་ནས་ཞོལ་དེང་རབས་ཀྱི་རྩོམ་པ་པོ་གྲགས་ཅན་དག་གིས་བྲིས་པའི་བརྩམས་ཆོས་གང་ཞིག་ཡིན་རུང་། རིག་གནས་དར་སྔ་བའི་ནུབ་ཕྱོགས་པའི་རྩོམ་རིག་དང་བསྡུར་ན། ད་དུང་བོད་པའི་རྩོམ་རིག་ཚད་ཆེས་དམའ་ཤོས་ཀྱི་གྲས་རེད། རྒྱ་གར་གྱི་སྙན་གཞུང་མེ་ལོང་མ་བོད་དུ་ཐོག་མར་དར་བའི་སྐབས་སུ་བོད་ཀྱི་རྩོམ་རིག་གི་ཚད་གཞི་ངེས་ཅན་ཞིག་ལ་སླེབས་མྱོང་ཡོད་ཀྱང་། དེ་དག་ད་ལྟ་ཉམས་རྒུད་ཀྱི་རིམ་པར་སླེབས་ཡོད། སྙན་ངག་མེ་ལོང་མ་ཡང་སྐྱོན་ཀུན་སེལ་ཡོན་ཏན་ཀུན་ལྡན་ཞིག་མིན་ལ། སྤྱིར་རྩོམ་རིག་ཅེས་པ་ནི་ཁྱབ་ཆེ་བའི་སྤྱི་མིང་ཞིག་དང་། སྙན་གཞུང་མེ་ལོང་མ་ནི་ཁྱབ་ཆུང་བའི་བྱེ་བྲག་ཅིག་གི་མིང་རེད། རྩོམ་རིག་ལ་གློག་བརྙན་རྩོམ་རིག་དང་འཁྲབ་གཞུང་རྩོམ་རིག ཟློས་གར་རྩོམ་རིག་སོགས་རིགས་མང་སྟབས། བོད་ཀྱི་རྩོམ་རིག་གི་ཚབ་ཏུ་སྙན་གཞུང་མེ་ལུང་མ་བཞག་ན་ཅུང་གོ་ནོར་ཐེབས་ཡོད། ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་རྩོམ་རིག་གི་ལོ་རྒྱུས་ཡོད་པའི་རྒྱ་ནག་དང་ནུབ་ཕྱོགས་པའི་རིག་གནས་གསར་བ་དང་ལྟ་བ་གསར་བ། རྗོད་ཚུལ་གསར་བ་འུ་ཅག་གིས་ནང་འདྲེན་བྱས་ཏེ་ལོ་བཅུ་ཕྲག་ཁ་ཤས་ལས་འགོར་མེད་སྟབས། འདི་ཙམ་གྱིས་རྩོམ་རིག་གི་འཕེལ་རིམ་ཞིག་གླེང་ཐབས་ཡོད་པ་མ་རེད། འོན་ཀྱང་དེ་ནི་ང་ཚོའི་ཞན་ཆ་མིན་པར་རིག་གནས་འཕེལ་བའི་ལོ་རྒྱུས་ཀྱི་ཆོས་ཉིད་རེད།  ད་ལྟ་ང་ཚོས་འབྲས་བུ་བརྩོན་ལེན་བྱེད་པའི་དུས་མིན་པར། ས་བོན་བཏབས་ཏེ་སྔོ་ལྗང་གི་མྱུ་གུ་ཇི་ལྟར་སྐྱེ་རུ་འཇུག་པར་འབད་ཅིང་འབུང་བའི་དུས་རེད་སྙམ།
དྲི་བ། ཐེངས་འདིའི་སྐུ་ཉིད་ཀྱི་སྙན་དེབ་ནང་གི་རྩོམ་ཡིག་དང་། བར་བཅུག་རི་མོ།  ཇུས་འགོད་བཅས། ཕྱོགས་གསུམ་ཀྱི་ཐད་ནས་སྒྱུ་རྩལ་རོལ་མྱོང་གི་རིན་ཐང་འདུག་པས་ན། དེ་དག་གི་ཐད་དུ་དགོངས་ཚུལ་ཞིག་གསུངས་རོགས།
ལན། ངས་འདི་ལྟ་བུའི་དེབ་ཅིག་བཏོན་པར་རྒྱུ་མཚན་གཉིས་ཡོད། དང་པོ། སྔོན་མ་ནས་འདི་ལྟ་བུའི་སྙན་དེབ་ཅིག་ཕུལ་འདོད་ཡོད་པས། པར་དང་རི་མོ་མང་པོ་འཚོལ་བསྡུད་དང་ཉར་ཚགས་བྱས་ཡོད། འོན་ཀྱང་རྒྱ་ནག་ནང་ནས་འདི་འདྲའི་དེབ་ཅིག་འདོན་པར་བཀག་འགོག་ཡོད་པ་གསལ་བོ་ཡིན་སྟབས། ད་བར་ཕུལ་མ་ཐུབ་པ་རེད། ད་ལྟའི་བར་གྱི་བོད་ཕྱི་ནང་གི་སྙན་དེབ་དག་ལ། ཕྱིའི་ཇུས་འགོད་དང་ནང་གི་པར་དང་རི་མོ་སོགས་ཀྱི་ཐད། དེ་ཙམ་གྱི་སྒྱུ་རྩལ་མཚོན་ཐབས་སྤྱད་པ་མི་བཟང་པས། དེ་དག་ལ་མིག་དཔེ་སྟོན་བྱེད་ཅིག་ཏུ་འགྱུར་ན་སྙམ་ཡོད། འོན་ཀྱང་ཐེངས་འདིའི་བདག་གི་དཔེ་དེབ་ནི་མགོ་རྩོམ་བྱེད་ཅིག་ལས་མཇུག་བསྡུ་བྱེད་ཅིག་ཏུ་མི་འགྱུར་བའི་རེ་བ་ཡོད། ནང་དོན་རྩོམ་གྱི་ཆ་ནས་གསར་གཏོད་གལ་ཆེ་བ་བཤད་མ་དགོས་ཀྱང་། སྔོན་བྱོན་མཁས་པ་དག་གི་བརྩམས་ཆོས། དཔེ་ན། དེང་སྐབས་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་། ཞང་ཞུང་ཆོས་དབང་གྲགས་པ་སོགས་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་སྟངས་མང་པོ་ཞིག་ཉམས་བཞིན་པ་དག་སླར་གསོ་བྱེད་རྒྱུ་དེ་ཡང་། བོད་པའི་རྩོམ་པ་པོ་ཞིག་པ་མཚོན་ན་ཟློག་མེད་ཀྱི་འགན་འཁྲི་ཡིན་སྟབས། ཐེངས་འདིར་གོ་ཁག་མིན་སོགས་ལ་མ་ལྟོས་པར། ཆེད་དུ་རྩོམ་ཁ་ཤས་ཚིག་རྐང་ཅུང་རིང་བོ་བྱས་ཏེ། མངོན་བརྗོད་དང་ཚིག་ཅུང་ཁ་དམ་པོའི་རིགས་སྤྱད་དེ་བྲིས་ཡོད།
དྲི་བ། མཐའ་མཇུག་གི་ཚེ་སྲོག་ཅེས་པའི་སྐུ་ཉིད་ཀྱི་སྙན་དེབ་འདིའི་ནང་འཆར་ཡན་དང་། སྒྱུ་འཕྲུལ་རང་བཞིན་གྱི་རྩོམ་ཅུང་མང་པོ་འདུག་ཅིང་། གོ་ཚོད་ལ་སྐུ་ཉིད་ཀྱིས་སྔོན་ཆད་སྒོམ་སོགས་ཉམས་ལེན་བྱས་ཏེ། ཐུན་མིན་གྱི་རྟོག་པ་བརྙེས་ཡོད་རབས་ཟེར་བ་བདེན་ནམ།
ལན། ཧི་ཧི་ཧི་་་་་་་སྒོམ་བརྒྱབས་ཏེ་རྟོག་པ་བརྙེས་པ་རེད་ཟེར་བ་དེ་ཚོ་འུར་སྒྲོག་རེད། གྲྭ་བ་སྤྱིའི་འགྲོ་སྟངས་ལྟར་དབྱངས་ཅན་མའི་བསྟོད་པ་དང་། རང་གི་ལྷག་པའི་ལྷ་ལ་གསོལ་འདེབས་རེ་བྱས་ཡོད་ནའང་དེ་དག་གི་བྱིན་རླབས་རྒྱུད་དུ་ཞུགས་པ་རེད་ཅེས་སུས་ཀྱང་བཤད་ཕོད་པ་མ་རེད། རྟོག་པ་འཆར་ཡན་དང་། སྒྱུ་འཕྲུལ་རིང་ལུགས་ཀྱི་སྙན་ངག་ཟེར་བ་དེ་གློ་བུར་བའི་ཚོར་བ་སྐྱེན་པོ་ཞིག་ལ་རག་ལས་ཡོད། སྤྱིར་བཏང་རྩོམ་པ་པོ་ཞིག་ལ་མཚོན་ན། ལོ་བཅུ་གྲངས་ཤིག་ལ་ནང་དུ་འཛུལ་ཏེ་ཨུ་ཚུགས་ཀྱིས་གཞུང་ལུགས་ཤིག་འབྲི་རྒྱུ་ཟེར་ན། དེ་ཡོང་སྲིད་པ་ཞིག་ཡིན་མོད། སྙན་ངག་ཡག་པོ་ཞིག་འབྲི་རྒྱུ་ཡིན་ཟེར་ན་དེ་ཁག་པོ་ཞེ་དྲག་རེད། སྤྱིར་ང་རང་རྩོམ་འབྲི་མཁན་མགྱོགས་པོ་ཞིག་མིན། རྩོམ་ཞིག་ལ་བརྗོད་བྱ་བརྙེད་ཀྱང་བརྗོད་བྱེད་ཚིག་མ་བརྙེད་པར་བསམ་བློ་བཏང་ནས་རྒྱུན་རིང་བར་རྩོམ་དེ་འབྲི་མ་ཐུབ་པ་དང་། ཡང་ནས་བསྐྱར་དུ་ཞུ་དག་གིས་དུས་ཚོད་དེ་ལས་མང་བ་འགོར་ཏེ། རྩོམ་ཤོ་ལོ་ཀ་གཅིག་འབྲི་བར་ཉིན་བཅུ་གྲངས་འགོར་བ་དེ་འདྲ་ཡང་ཡོད།
དྲི་བ། ཐེངས་འདིའི་སྙན་དེབ་ནང་གི་རྩོམ་ཁ་ཤས་མུ་འགོད་བྱས་འདུག་ལ། མདུན་ངོས་སུའང་སྤྱིའི་དེབ་ཕྲེང་དང་པོ་ཞེས་བཀོད་འདུག་པར་གཞིགས་ན། མུ་མཐུད་འདོན་རྩིས་འདུག་པས། དེ་དག་ཅི་ཞིག་གི་སྐོར་དང་དུས་ཚོད་ནམ་ཞིག་ལ་འདོན་འཆར་ཡོད་དམ།
ལན། དེབ་དེ་དག་གཙོ་བོ་མཚན་ཉིད་རིག་པ་དང་། རྒྱ་ནག་གི་རྩིས་གཞུང་། ནང་དོན་རིག་པ། བརྡ་སྤྲོད་རིག་པ། རོལ་མོའི་བསྟན་བཅོས་སོགས་ཀྱི་སྐོར་ཡིན། དེབ་དེ་དག་བྲིས་ཚར་ཡོད་མོད། ད་དུང་རྒྱ་ཡིག་དང་དབྱིན་ཡིག་སོགས། མི་རིགས་གཞན་པའི་རིག་གཞུང་དང་དཔྱད་གཤིབ་བསྡུར་གསུམ་གྱིས་བླང་དོར་འབྱེད་རྒྱུ་མང་པོ་ཞིག་ལྷག་འདུག་པས་བསྐྱར་ཞིབ་བྱེད་མུས་ཡིན། ཐེངས་འདིའེ་སྙན་དེབ་ནང་རྩོམ་ཡིག་ཁ་ཤས་མུ་འགོད་བྱས་ཡོད་པ་ཁག་མུ་མཐུད་འབྲི་བཞིན་ཡོད་ལ། དུས་ཚོད་ངེས་མེད་ཀྱིས་འདོན་འཆར་ཡོད། ཐེངས་འདིའི་སྙན་དེབ་ནི་ལོ་ངོ་ཉི་ཤུའི་བར་གྱི་རེད། འདི་ལྟ་བུ་ཞིག་འགོར་དགོས་དོན་གཙོ་བོ་ཆ་རྐྱེན་མ་འཛོམས་པ་དང་། རྩོམ་ཡིག་གིས་མ་འདང་བ་དེ་འདྲ་མ་རེད། རྒྱ་ནག་དང་ནུབ་ཕྱོགས་ཀྱི་དེབ་གཟུགས་མང་པོར་ཉམས་ཞིབ་ཀྱིས་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། དེབ་འདིའི་ནང་རྩོམ་གྱི་རྒྱབ་ལྗོངས་ལ་པར་བཞག་ཅིང་། པར་གྱི་རྒྱབ་ལྗོངས་ལ་རྩོམ་བྲིས་ཏེ། ཕན་ཚུན་རམས་འདེགས་ཚུལ་གྱིས་སྒྱུ་རྩལ་མཚོན་ཐབས་སྤྱད་ཡོད། རྗེས་མ་འཛམ་གླིང་གི་རྩོམ་རིག་འཕེལ་བའི་འགྱུར་འགྲོས་དང་བསྟུན་ཏེ། འདི་ལས་ལྷག་པའི་དེབ་ཅིག་འདོན་རྒྱུར་རེ་བ་དང་སྨོན་ལམ་ཡོད།
དྲི་བ། སྐུ་ཉིད་ཀྱིས་བོད་ཕྱི་ནང་གི་དཔེ་དེབ་མང་པོར་གཟིགས་ཞིབ་གནང་ཡོད་པ་མ་ཟད། ཉིད་ཀྱང་བོད་རིགས་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་དེང་རབས་རྩོམ་རིག་ཁྲོད་ཞན་ཆ་དང་། མ་འདང་བའི་ཆ་གཙོ་བོ་གང་དག་མཐོང་སོང་།
ལན། བོད་ནང་གི་རྩོམ་པ་པོ་ཚོའི་ཁྲོད་དུ་མི་རིགས་རང་བཞིན་དང་། ལོ་རྒྱུས་དངོས་ཡོད་རང་བཞིན་གྱི་རྩོམ་ཡིག་འབྲི་ཐུབ་མཁན་ཡོད་ཀྱང་འདོན་ཐུབ་མཁན་ཞེ་དྲག་དཀོན་པོ་རེད། བཙན་བྱོལ་ནང་ལྟ་བ་གསར་བ་དང་རིག་གནས་གསར་བར་དགག་རྒྱག་དང་། ཕྱོགས་འདྲ་མིན་ནས་གནོན་ཤུགས་སྤྲོད་ཀྱིན་འདུག་པ་དེ་ཚོ་ཞན་ཆ་རེད་ལ། དེ་ལས་བློ་ཕམ་ཆེ་ཤོས་ནི་བོད་ཕྱི་ནང་གཉིས་ཀའི་རྩོམ་རིག་ལ་གསར་གཏོད་ཀྱི་རང་བཞིན་མེད་པའི་ཁར། བསྐྱར་ཟློས་དང་ལད་ཟློས། ལུང་འདྲེན་མང་པོས་བཅིངས་ཏེ། དཔེར་ན། ཅི་ཞིག་ལ་རྩོམ་རིག་ཟེར་ལྟ་བུའི་དཔྱད་རྩོམ་ཞིག་ལ་མཚོན་ན། འཛམ་གླིང་ཤར་ནུབ་ཀྱི་མཁས་པ་ཚོས་བཞག་ཡོད་པའི་རྩོམ་རིག་གི་མཚན་ཉིད་མང་པོ་ཤེས་དགོས་པ་གལ་ཆེན་རེད་དེ། འོན་ཀྱང་མཐར་རང་གི་ལྟ་བ་གཏན་ལ་འབེབ་དུས་ལུང་ཚིག་མང་པོ་རྒྱབ་རྟེན་བྱས་ན། དེ་ནི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་ཡིན་པ་ལས་དཔྱད་རྩོམ་འབྲི་ཐབས་ཤིག་ཆགས་ཀྱིན་ཡོད་པ་མ་རེད། རང་ཉིད་ཀྱི་ལྟ་བ་ཐུན་མོང་མ་ཡིན་པ་ཞིག་འདོན་པར་ལུང་དེ་དག་བགེགས་སུ་འགྲོ་བ་རེད། དཔྱད་རྩོམ་གང་ཞིག་ཡིན་རུང་ལུང་དང་རིག་པས་ཞིབ་བསྡུར་བཏང་མཐར་རང་གི་ལྟ་བ་ཁ་གསལ་བོས་ངང་གཏན་ལ་འབེབ་དགོས། བོད་ཕྱི་ནང་གཉིས་ནས་ཐོན་དང་འདོན་བཞིན་པའི་རྩོམ་རིག་གང་མང་ཞིག་ཡོད་ནའང་ད་ལྟའི་བར་ང་རང་གི་འདོད་བློ་ཚིམ་པའི་རྩོམ་ཡིག་གཅིག་ཀྱང་མཐོང་མ་སོང་།
དྲི་བ། མི་ལ་ལས་བཙན་བྱོལ་ནང་གི་རྩོམ་རིག་ཕལ་ཆེ་བར་ཆབ་སྲིད་ཀྱི་ཤན་ཤུགས་ཐེབས་འདུག་པས། མིའི་ལྷན་སྐྱེས་ཀྱི་གཤིས་ཀ་དང་ཤེས་རབས། ཀུན་སྤྱོད། བརྩེ་དུང་སོགས་ལ་དེ་ཙམ་གྱི་བརྩི་བཀུར་མི་འདུག་ཟེར་བཞིན་འདུག་པས་སྐུ་ཉིད་ལ་དེའི་ཐད་བསམ་ཚུལ་གང་འདྲ་ཡོད་དམ།
ལན། ངས་གོང་དུ་བཤད་པ་ལྟར་རྩོམ་རིག་ལ་རྩོམ་རིག་རྐྱང་པ་དང་། ཆབ་སྲིད་རྩོམ་རིག དཔལ་འབྱོར་རྩོམ་རིག དམག་དོན་རྩོམ་རིག་སོགས་རྩོམ་རིག་ལ་ཁྱབ་ཁུངས་མི་འདྲ་བ་མང་པོ་ཡོད་པ་རེད། སྤྱིར་རྩོམ་རིག་ཅེས་པ་ནི་རང་གི་ཁྱབ་ཁུངས་ཀྱི་ལྟེ་བའམ། གོ་གནས་འཚོལ་བྱེད་ཅིག་ཡིན་པས། ཅི་ལྟ་བུ་ཞིག་ལ་རྩོམ་རིག་ཟེར་ཅེ་ན། རྩོམ་རིག་གི་དེ་ཉིད་ཀྱི་རྣམ་བཞག་རེད། རྩོམ་རིག་ནི་ཅི་ལྟ་བུ་ཞིག་ཡིན་ཞེ་ན། རྩོམ་རིག་བྱེ་བྲག་པ་ཞིག་གི་སྟེང་ནས་རྩོམ་རིག་དེ་མཚོན་པར་བྱེད་དགོས། དཔེར་ན། དཔལ་འབྱོར་ཆེད་ལས་རྩོམ་པ་པོ་ཞིག་ལ་མཚོན་ན། ཁོས་དཔལ་འབྱོར་དམིགས་སུ་བཟུང་ནས་འབྲི་བ་ལས། ཆབ་སྲིད་ཀྱི་གནད་དོན་དང་། ལྷ་ཆོས་མི་ཆོ

བསྐྱར་བཅོས།: ༢༠༠༨/༠༧/༠༢

Leave a Reply