ས་སུ་ག་བ་ད་དྲག་ཏུ།

ཞ་སྨྱུག་དམར་པོ།
གཞོན་སྐྱེས་མཁས་པ་པདྨ་གྱིས་བརྩམས་པའི་༼དྲན་ཐོ་རྡོ་རིང་མ་༽བཀླགས་མྱོང་བ་ཞིག་ཡིན་ན། བོད་ཀྱི་སྐད་ཡིག་གི་ཉམས་ཉེས་གནས་བབ་ཅིག་མཐོང་ཡོད་ངེས། ཡིན་ནའང་། ད་ལྟ་ངས་གླེང་འདོད་པ་ནི་སྐབས་དེའི་གནས་སྟངས་མིན་པར། ད་ལྟའི་ང་ཚོ་སྟེ་བཙན་བྱོལ་སྤྱི་ཚོགས་ནང་སྐད་ཡིག་ཉམས་དམས་སུ་འགྲོ་བཞིན་པའི་ངོས་ཏེ་གླེང་ན་འདོད། ༼དྲན་ཐོ་རྡོ་རིང་མ༽འི་སྔོན་གླེང་ནང་། པདྨ་འབུམ་གྱི་རང་ཉིད་ངྷ་རམ་ས་ལར་ཐོག་མར་འབྱོར་སྐབས་ཀྱི་འདས་དོན་ཞིག་ཕྱིར་ དྲན་གྱིས་གླེང་འདུག་པའི་ནང་། ཁྱེད་རང་གི་བོད་ཡིག་འདི་འདྲ་ཞིག་གང་ནས་སྦྱངས་པ་ཡིན་ནམ། ཞེས་ཡང་ནས་བསྐྱར་དུ་དྲི་བ་སླེབས་ཚུལ་ཞིག་བཀོད་ཡོད། དེ་ནི་སྐབས་དེའི་དྲི་བ་འདོན་མཁན་ཚོས་བོད་ནས་སླེབས་པ་ཞིག་གིས་བོད་ཡིག་ཤེས་པ་ དེ་ཡ་མཚན་གྱི་དོན་དག་ཅིག་ཏུ་ངོས་འཛིན་བྱས་པས་རེད། ལོ་ངོ་གཅིག་གཉིས་ཀྱི་རྗེས་དེར། པདྨ་འབུམ་ནི་བཙན་བྱོལ་སྤྱི་ཚོགས་ནང་གི་གཞོན་སྐྱེས་མཁས་པ་ཞིག་ཡིན་པ་སྤྱི་ ཚོགས་ཀྱི་ངོས་ལེན་བྱེད་ཐུབ་པ་བྱུང་ཡོད་ཅིང་། སྐབས་དེར། ད་གཟོད་གཞིས་བྱེས་གཉིས་བར་གྱི་བོད་ཡིག་གནས་སྟངས་ཤིག་རྒྱུས་ཡོན་ཐུབ་པ་བྱུང་ ཡོད། དངོས་གནས་རེད། གསར་འབྱོར་ཚོ་སླེབས་ནས་བཙན་བྱོལ་ནང་བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་ཅིག་ བསྐྲུན་སོང་ལ། གསར་འབྱོར་ཚོས་བོད་ཡིག་བཀོལ་ནས་གཞིས་བྱེས་གཉིས་ཀྱི་བསམ་འདུན་མང་བོ་ཞིག་གཞི་ གཅིག་ཏུ་སྒྲིལ་སོང་། འདི་ནི་ང་གསར་འབྱོར་བ་ཡིན་པས་མ་རེད། གནས་སྟངས་ཤིག་གིས་ང་ལ་འདི་ལྟར་གོ་བརྡ་སྤྲད་སོང་། ཚགས་པར་དང་དུས་དེབ་ཕལ་མོ་ཆེ་གསར་འབྱོར་བས་རྩོམ་སྒྲིག་བྱས་ཤིང་། གསར་འབྱོར་བའི་རྩོམ་ཡིག་གི་བཙན་བྱོལ་བའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་འཚར་ ལོངས་ཀྱི་རམ་འདེགས་བྱས་སོང་། ངས་བསམ་ན། གསར་འབྱོར་བ་ཚོ་སླེབས་ནས་བོད་ཡིག་གི་ཚེ་སྲོག་བསྲིངས་སོང་།
ཁ་སང་། བོད་ཀྱི་དུས་བབ་སྟེང་གཞོན་སྐྱེས་ཁག་ཅིག་ནས་༼སྐད་ཡིག་༽གླེང་བའི་གསར་ཤོག་ཅིག་ བཏོན་ཡོད་པའིོ་སྐོར་མཐོང་བ་དང་། དེ་སྐོར་ས་བཙལ་རྡོ་བཙལ་བྱས་པར། ཚེས་བཞི་ཉིན་གཞི་ནས་༼སྐད་ཡིག་༽གསར་ཤོག་ཅིག་རག་སོང་། ནམ་རྒྱུན་གྱི་གོམས་གཤིས་ལྟར་རྩོམ་སྒྲིག་པས་གཏམ་ཀློག་འདོད་ཀྱིས་བཙལ་བར། དེ་སྐོར་མཇུག་ཤོག་ཏུ་འདུག་པ་དེ་དང་། བར་ཤོག་ཏུ་གསལ་བ་༼སྐྱ་ཟད་སྔོ་སྡུག་གི་སྐད་ཡིག་ལས་འཕྲོས་པ་༽ཞེས་པ་གཉིས་བམ་ ཀློག་ཅིག་བྱས་པས། བསམ་ཚུལ་ཞིག་འདོན་འདོད་སྐྱེས་པ་ནི། སྤྱིའི་འདོན་ཐེངས་དང་པོ་ཡིན་པའི་༼སྐད་ཡིག་༽གསར་ཤོག་གི་སྤུས་ཀའི་ཐད་ལ་ཚིག་ཁ་ ཤས་ཤིག་ཞུ་དགོས་ཆགས་སོང་བ་སྟེ། དེ་ནི་སྐད་ཡིག་གླེང་བའི་སེམས་ཤུགས་དང་དམིགས་ཡུལ་ལ་གཟས་པ་མིན་པར། ཚགས་པར་གྱི་དག་ཆའི་སྐོར་ཡིན།
གསར་ཤོག་དང་དུས་དེབ་གཞན་གང་དང་ཡང་བསྡུར་མི་ཆོག་པ་ཞིག་ནི། སྐད་ཡིག་ཆེད་གླེང་གི་གསར་ཤོག་ཅིག་གིས་རང་ཉིད་ཀྱི་སྐད་ཡིག་གནས་བབ་གླེང་གིན་ གླེང་གིན་ཡིག་ནོར་ལ་དོ་སྣང་མ་སྤྲད་པ་ཡིན། དེ་ནི་ཁ་བཤད་དང་ལག་ལེན་གཉིས་ཡ་འགལ་དུ་གྱུར་པ་རེད་ལ། ལྷག་པར་དུ་༼ད་ལྟ་བ་༽དུས་དེབ་ནང་འཁོད་པའི་༼བདེ་འཇགས་རྐང་རྩ་༽གླེང་བཞིན་ དུའང་། རང་ཉིད་ཀྱིས་ཡིག་ནོར་སྣང་མེད་དུ་བཞག་འདུག་པར་བློ་ཕམ་པོ་བྱུང་། གང་ལ་ཟེར་ན། གསར་ཤོག་འདི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་སྟབས། རྩོམ་སྒྲིག་པ་ཚོས་དག་ཆ་གཟབ་གཟབ་གནང་རོགས་ཞེས་བསམ་ཚུལ་ཚིག་གཅིག་རང་ཞུ་འདོད་ བྱུང་།
ད་ལྟའི་ང་ཚོའི་ལས་འགན་ནི་ཁ་ནས་བཤད་བསྡད་པ་ཙམ་གྱིས་མི་འགྲིག་པར། ལག་ལེན་ངོ་མའི་ནང་གོམ་པ་སྤོ་རྒྱུ་དེ་རེད། ཁ་ནས་ཆེན་པོ་ཞིག་ཤོད་ཀྱིན་ཡོད་ལ། ལག་ལེན་ངོ་མའི་ནང་ཡིག་ནོར་སྣང་མེད་དུ་བསྐྱུར་བ་ཡིན་ན། ང་ཚོས་སྐད་ཡིག་སྲུང་སྐྱོབ་ལ་གཞོགས་འདེགས་ཐུབ་པ་མ་རེད། གནས་སྟངས་འདི་འདྲ་ལགས་སྟབས། སྐད་ཡིག་ཚགས་པར་འདི་ཚང་མས་བསྟོད་བསྔགས་ཞུ་ཡུལ་ཞིག་དང་ཚད་འཛིན་ཞུ་ཡུལ་ཞིག་ ཆགས་དགོས་པ་ཤིན་ཏུ་ནས་གལ་ཆེ་བར་མཐོང་སྟེ། ༼སྐད་ཡིག༽ཚགས་པར་སྤྱིའི་འདོན་ཐེངས་དང་པོའི་རྩོམ་ཡིག་གཉིས་ཀློག་སྐབས། སྨྱུ་གུ་ཐོགས་པ་སྨྱུ་གུ་ཐོག་པ་ཞེས་པ་དང་། ཁྱད་ཆོས་ཡོད་རབས་ལ་ཁྱད་ཆོས་ཡོད་གྲབས། ཤོད་ཀྱིན་ཞེས་པ་ད་ལྟ་བའི་ཚིག་དགོས་རྒྱུ་ལ་བཤད་ཀྱིན་ཞེས་འདས་ཚིག་བཀོད་པ་དང་། དེ་བཞིན་བར་སྲུབ་ལ་བར་སྲུབས། སྡོད་རན་མ་ཡིན་ལ་བསྡོད་རན་མ་ཡིན། ལམ་ཁ་ལ་ཁམ་ཀ ཚགས་ཤོག་ལ་ཚོགས་ཤོག ནན་ཏན་དུ་ལ་ནན་ཏན་ཏུ་ཞེས་བྲིས་ནས་འདུག་པ་སོགས་མིག་འོག་ནས་ཐར་ལམ་དུ་གཏོང་ ཐབས་མ་སོང་། སྐད་ཡིག་གི་གནས་སྟངས་གླེང་དགོས་ན། ང་ཚོས་ང་ཚོར་ཞུས་དག་གཏོང་དགོས་པ་གལ་ཆེན་དུ་མཐོང་།
དེ་བས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། དམིགས་བསལ་གྱི་རྩོམ་སྒྲིག་པ་དང་། གཞུང་ངོས་ཀྱི་མཐུན་རྐྱེན་མ་ཚང་བ་མེད་པའི་བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་ དུས་དེབ་༼ཤེས་བྱ་༽ལ་མཚོན་ན། ནམ་རྒྱུན་དང་མི་འདྲ་བར་མདུན་ཤོག་རང་གི་སྟེང་ལ་བཙན་བྱོལ་བོད་གཞུང་གྱི་ཞེས་ ཡིག་ནོར་སྤེལ་སྟངས་ལ་བལྟས་ན། སྒེར་གཉེར་དང་ལས་ཞོར་སོགས་ནས་རྩོམ་སྒྲིག་བྱེད་མུས་ཀྱི་དུས་དེབ་དང་ཚགས་པར་ རིགས་ལ་ནི་ཁག་མི་འདུག་སྙམ་པའང་སེམས་ནང་ཡང་ནས་བསྐྱར་དུ་འཆར་བར་འདུག་ཅེས་ཞུ་ བར་ཐལ་ལོ། །

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “ས་སུ་ག་བ་ད་དྲག་ཏུ།

  1. དག་ཆ་དཀའ་འདི་ལྟར་ཡོང་དོན་ནི་ང་ཚོས་ནང་དོན་གཙོ་བཟུང་བྱས་པ་ལས་དག་ཆ་གཙོ་བཟུང་མ་བྱས་པ་ལས་བྱུང་བ་ཡིན།

    ད་དུང་བོད་མི་ཁྱོན་ཡོངས་ལ་དཀའ་ངལ་གྱི་ཁུར་པོ་ཞིག་ཡོད་པ་དེ་དོན་ཤེས་ལ་ཚིག་གི་དག་སྡེབ་མི་ཤེས་པ་དེ་ཡིན།

    ང་ཚོས་ག་ལེར་ག་ལེར་སྐྱོན་འདི་སེལ་དགོས།

    གང་ཡིན་ཟེར་ན་ང་ཚོ་བོད་པ་ཉི་མ་རིང་པོ་རེད།

  2. འཕྲིན་རྒྱམ་

    བཙན་བྱོལ་བོད་མིས་ལབ་རྒྱག་པ་ལས་བོད་ཡིག་སྲུང་སྐྱོབས་དང་དེ་ལ་མཐོང་ཆེན་རྩ་བ་ནས་བྱས་མྱོངས་མེད། ད་དུང་ཡང་ངོ་ཚ་རྒྱུ་མེད་པར་ལབ་རྒྱག་གིན་ཡོད།