དྲན་གསོའི་རྡོ་རིང་།

གལ་སྲིད་ཁྱེད་རང་བཞུགས་སྒར་ཕོ་བྲང་དང་ཐེག་ཆེན་གཙུག་ལག་ཁང་གཉིས་ལ་ཕྱི་སྐོར་དུ་བསྐྱོད་ཚེ། བཞུགས་སྒར་ཕོ་བྲང་གི་རྒྱབ་ངོས་ལྷ་རྒྱལ་རིར་མཐོ་ཚད་ཁྲུ་ ༡༤ ཡོད་པའི་རྡོ་རིང་ཞིག་མཐོང་ཐུབ་ལ། དེ་ནི་སྟག་གཟིག དོམ། སྲམ་སོགས་སྐྱབས་མེད་བདག་མེད་ཀྱི་སེམས་ཅན་གང་མང་ཞིག་གི་ཚེ་སྲོག་ང་ཚོ་འགྲོ་བ་མིའི་རྒྱན་གོས་གཟབ་འཆོར་ཆེད་དུ་ཤོར་ཡོད་པ་དེ་དག་ལ་དྲན་གསོའི་ཆེད་གངས་དཀར་ཏི་སི་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་གིས་ ༢༠༠༧ ལོའི་ནང་གསར་བཞེངས་གནང་བ་ཞིག་ཡིན། ༧གོང་ས་མཆོག་གིས་དུས་དབང་ཐེངས་ ༣༠ པའི་སྐབས་བོད་མིའི་རྒྱན་གོས་གཟབ་འཆོར་ཐད་བཀའ་སློབ་ཤུགས་ཆེན་ཕེབས་པར་བརྟེན། གཞིས་ལུས་བོད་མི་རྣམས་ཀྱིས་ཁོང་གི་བཀའ་སློབ་དང་ལེན་གྱིས་པགས་རིགས་བེད་སྤྱོད་མཚམས་འཇོག་གིས་རྒྱལ་སྤྱིའི་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཆེད་ལེགས་སྐྱེས་ཆེས་བླ་ན་མེད་པ་ཞིག་ཕུལ་ཡོད། དེར་བརྟེན་དྲན་རྟེན་རྡོ་རིང་དེ་ནི་བོད་ནིང་གི་བོད་མི་གང་མང་ཞིག་གིས་སྟག་གཟིག་པགས་རིགས་མེར་སྲེག་དང་བེད་སྤྱོད་མཚམས་འཇོག་བྱས་ཡོད་པའི་སྙིང་སྟོབས་དང་སེམས་ཤུགས་ལ་བསྔགས་བརྗོད་ཀྱི་རྡོ་རིང་ཞིག་ཀྱང་ཡིན་འདུག རྡོ་རིང་དེ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་འཛིན་སྐྱོང་གནང་བཞིན་པའི་སྐུ་ཞབས་རོ་ཝལ་ཐེབས་རྩའི་མ་དངུལ་གྱི་རོགས་སྐྱོར་འོག་བཞེངས་པ་ཞིག་ཡིན་པ་དང། གངས་དཀར་ཏི་སི་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་གིས་ཁོར་ཡུག་སྲུང་སྐྱོབ་ཐོག་ལེགས་སྐྱེས་འབུབ་བཞིན་པའི་ཨ་མ་དཀར་ལོ་ལགས་སུ་ལས་འགུལ་ཁང་དེས་གསར་འཛུགས་བྱས་པའི་ཆེས་ཐོག་མའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གཟེགས་རྟགས་དེ་གནང་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply