ཁ་བྲལ་ཐབས་མེད་པའི་བལ་ཡུལ།

ལུང་པ་དམངས་གཙོ་རེད། སྲིད་གཞུང་དམར་པོ་རེད།
བལ་ཡུལ་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཤིག་གྲུབ་ནས་མི་ལོ་ ༥༠ འཁོར་གྲབས་ཡོད་ལ། སྤྱི་ཚོགས་འདི་ཐོག་མར་རྒྱ་ནག་གི་བཙན་གནོན་འོག་ནས་བྲོས་བྱོལ་དུ་ཡོང་བ་རེད། ད་ལྟ་སྤྱི་ཚོགས་ཧྲིལ་བོ་འདི་རྒྱ་ནག་གི་འོག་ཡོད་པ་ཇི་བཞིན་འཛིན་བཟུང་དང་དམ་དྲག་གི་འོག་ཏུ་ཤོར་ཡོད་ལ། མིང་ཙམ་མ་གཏོགས་བོད་ཡུལ་དང་བལ་ཡུལ་གྱི་བོད་མི་རྣམས་ནི་དོན་དམ་གྱིས་རྒྱ་ནག་གི་ལག་འོག་ཏུ་ཡོད།
རྒྱ་ནག་གིས་ལྕགས་ལམ་རིང་པོ་ཞིག་བོད་ཡུལ་དུ་འཐེན་པ་དང་། བོད་ཡུལ་ནས་བལ་ཡུལ་དུ་འཐེན་བཞིན་ཡོད་ལ། རྒྱ་ནག་གི་དབང་ཤུགས་ཀྱང་ལྕགས་ལམ་འདི་དང་མཉམ་དུ་བོད་ཡུལ་དང་བལ་ཡུལ་གཉིས་ཀར་སླེབས་ཀྱིན་ཡོད། ཕྱི་ཚེས་ ༡༩ ཉིན་བལ་བོའི་ཉེན་རྟོག་པ་ཚོས་བལ་ཡུལ་དུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་ལས་བྱེད་དང་བོད་མིའི་སྤྱི་ཚོགས་ཀྱི་མགོ་ཁྲིད་ཚོ་རང་ཁྱིམ་ནས་འཇུས་ཏེ་བཙོན་དུ་བཅུག་པ་ནི་དབང་ཤུགས་འདིའི་སྒྲུབ་བྱེད་དག་ཡིན། དེའི་ཁར་༧གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་ཀྱང་འཛིན་བཟུང་བྱེད་པར་ཡོང་ཡོད་ནའང་ཁྱིམ་ན་མེད་སྟབས་ལོ་རྒྱུས་ཀྱི་ཟིན་ཐོ་གཅིག་ད་དུང་གཏོར་ཐུབ་མེད།
རྒྱལ་སྤྱིའི་ཁྲིམས་ལྟར་ན། ཡུལ་ལུང་གཞན་ཞིག་གི་སྐུ་ཚབ་ཅིག་རང་གི་ལུང་པའི་ནང་གཞུང་འབྲེལ་ཐོག་སླེབས་པ་ཡིན་ན་འཛིན་བཟུང་དང་བཙོན་འཇུག་བྱེད་ཆོག་གི་མེད། ཡིན་ནའང་བལ་ཡུལ་དང་བཙན་བྱོལ་བོད་གཞུང་གི་བར་གྱི་གནས་སྟངས་ནི་འདི་ལྟར་འགྲེལ་ཀག་པར་གྱུར་ཡོད་ཅིང་། ལྷག་པར་དུ་བལ་ཡུལ་འདི་རྒྱ་ནག་གི་དབང་དུ་འགྱུར་བཞིན་པའི་སྐབས་སུ་འདི་ལྟའི་གནས་ལུགས་ཤིག་བགྲང་ས་མེད། འདི་ལྟར་ལོ་ཤས་རིང་འདིར་ཧི་མ་ལ་ཡའི་རི་སུལ་འདིའི་ཡུལ་བབ་སྲིད་བྱུས་ཙམ་མིན་པར། ལོ་རྒྱུས་ལའང་འགྱུར་བ་ཤུགས་ཆེར་འགྲོ་བཞིན་ཡོད་ལ། དེའི་གཅིག་ནི་བལ་ཡུལ་ཡང་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་འགྱུར་བཞིན་པའམ། ཡང་ན། བོད་འདི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཆགས་དགོས་ན་བལ་ཡུལ་འདིའང་རྒྱ་ནག་ལ་མེད་ཐབས་མེད་པའི་མངའ་ཁུལ་ཞིག་ཏུ་འགྱུར་བཞིན་པ་འདི་ཡིན།
རྒྱ་ནག་གི་ལོ་རྒྱུས་ལྟ་སྟངས་ལྟར་ན། བལ་ཡུལ་འདིའང་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་དགོས་ཏེ། བོད་ཀྱི་རྒྱལ་བོ་སྲུང་བཙན་སྒམ་པོ་དང་རྒྱ་བཟའ་གོང་ཇོ་གཉིས་གཉེན་སྒྲིག་པ་ནས་བཟུང་བོད་འདི་རྒྱ་ནག་གི་ཆ་ཤས་སུ་གྱུར་པ་ཡིན། དེའི་ཁར་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙན་བཙུན་མོར་བསུས་ཡོད་སྟབས། བལ་ཡུལ་ཡང་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ངེས་པར་དུ་ཡིན་དགོས་ཏེ། སྲོང་བཙན་སྒམ་པོ་ནི་སྐབས་དེ་དུས་ནས་བཟུང་རྒྱ་ནག་གི་ཡིན་པའི་ཕྱིར། ནམ་ཞིག་རྒྱ་ནག་གིས་གནས་ལུགས་འདི་ལྟ་བུ་ཞིག་བལ་བོའི་མགོར་མི་འཇོག་པའི་ངེས་པ་མེད་དེ། རྒྱ་ནག་གིས་རྒྱ་གར་གྱི་མོན་རྟ་དབང་རྒྱ་ནག་གི་ཡིན་ལུགས་སྒྲུབ་ཀྱིན་པ་ལྟར། མ་མཐར་ཡང་བལ་ཡུལ་གྱི་ཤར་བལ་ཡུལ་གྱི་ཤར་པ་དང་རྟ་མང་། གུ་རོང་སོགས་ནི་རྒྱ་ནག་གི་ཆ་ཤས་ཡིན་པར་བགྲང་ངེས་ལ། མཐའ་མར་དཔལ་འབྱོར་དང་རིག་གནས། སྐད་ཡིག་བཅས་ཕྱོགས་གང་ཐད་ནས་བཙན་འཛུལ་བྱས་ཏེ་བལ་ཡུལ་འདི་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་དུ་འཁྲིད་པར་ངེས། ལོ་རྒྱུས་ཀྱི་ཉམས་མྱོང་འདི་ནི་བོད་ཁོ་ནས་བལ་ཡུལ་ལ་བརྗོད་ཐུབ་པར་འདོད་ལ། བརྗོད་དགོས་པ་ཞིག་ཀྱང་རེད་སྙམ་མོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply