བལ་ཡུལ་གྱིས་བོད་མིའི་མགོ་ཁྲིད་གསུམ་གློད་འདུག

ཟླ་སྔོན་མར་བལ་ཡུལ་ཉེན་རྟོག་པས་འཇུས་པའི་བལ་ཡུལ་གྱི་བོད་མིའི་མགོ་ཁྲིད་གསུམ་དེ་འཇུ་དོན་ལ་བལ་ཡུལ་ཉེན་རྟོག་པར་ཁུངས་སྐྱེལ་ར་སྤྲོད་འདང་ངེས་མེད་པར་བརྟེན། བལ་ཡུལ་ཆེས་མཐའོའི་ཁྲིམས་ཁང་གིས་བོད་མི་གསུམ་དེ་གང་མགྱོགས་གློད་དགོས་པའི་བཀའ་རྒྱ་བཏང་བ་ལྟར་གློད་ཡོད་འདུག

ཕྱི་ཚེས་ ༨ ཉིན་བལ་ཡུལ་ཉེན་་རྟོག་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། བོད་གཞུང་དབུས་སྣེ་ལེན་ཁང་གི་འགན་འཛིན་སྐལ་བཟང་ཆུང་དང་། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་བཟང་མོ་དང་ཚོགས་གཞོན་བཀྲ་ཤིས་སྒྲོལ་མ་བཅས་དེ་རིང་ནས་བཟུང་བཀག་ཉར་ལས་གློད་རྒྱུ་ཡིན་ཚུལ་བཤད་ཡོད་པ་དང་། ཤེས་གསལ་ལ། བལ་ཡུལ་ཉེན་རྟོག་པས་ཟླ་སྔོན་མར་ཁོང་ཚོ་སྤྱི་ཚོགས་བདེ་འཇགས་ཀྱི་རྩ་ཁྲིམས་ལ་འགལ་ཡོད་པ་དང་། བལ་ཡུལ་ནང་གི་བོད་མི་ཚོའི་ངོ་རྒོལ་ཁྲོམ་སྐོར་གྱི་སྣེ་འཁྲིད་མཁན་རེད་ཅེས་ཉེས་འཛུགས་བྱས་ཡོད་ནའང་། བལ་ཡུལ་ཆེས་མཐོའི་ཁྲིམས་ཁང་གིས་ཞིབ་བརྩད་བྱས་སྐབས་ཁོང་ཚོས་གོང་གསལ་ཁྲིམས་ལ་འགལ་བའི་ལས་དོན་སྤེལ་ཡོད་པའི་ཐད་བལ་ཡུལ་ཉེན་རྟོག་པར་འདང་ངེས་ཀྱི་ཁུངས་སྐྱེལ་ར་སྤྲོད་མེད་པར་བརྟེན། བལ་ཡུལ་ཆེས་མཐའོའི་ཁྲིམས་ཁང་གིས་བོད་མི་གསུམ་དེ་གང་མགྱོགས་གློད་དགོས་པའི་བཀའ་རྒྱ་བཏང་བ་ལྟར་གློད་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply