གྲྭ་པ་འདི་དག་ཚང་མ་གང་དུ་ཕྱིན་པ་རེད།

ལོ་འདིའི་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་རྒྱ་གཞུང་གིས་སླར་ཡང་ལྷ་ས་གྲོང་ཁྱེར་དང་བར་སྐོར་གླིང་སོགས་སུ་དམ་དྲག་བྱས་ཡོད་པ་དང་། གདན་ས་ཁག་གི་འགྲུལ་བཞུད་ལ་དོགས་ཟོན་བྱས་ཡོད་འདུག འོན་ཀྱང་གདན་ས་ཁག་ན་གྲྭ་རྒན་རེ་ཟུང་མ་གཏོགས་ཕལ་ཆེར་སྟོང་བར་གྱུར་ཡོད་འདུག

གྲྭ་པ་འདི་དག་ཡོངས་རྫོགས་གང་དུ་ཕྱིན་པ་རེད། རྒྱལ་སྤྱིའི་གསར་འགོད་པ་དག་གིས་འདི་ལྟར་བོད་ནང་དང་ལྷག་པར་དུ་དབུས་ཀྱི་གདན་ས་ཆེན་པོ་གསུམ་སྟོང་བར་གྱུར་ཡོད་སྟབས་དགེ་འདུན་པ་དག་གང་དུ་ཕྱིན་པའམ་ཁྲིད་པར་འཚོལ་གྱིན་ཡོད་ལ། གྲྭ་པ་འདི་དག་གི་མང་བོ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག་ཟེར་ལ། ད་བར་ལན་གསལ་བོ་ཞིག་རག་ཡོད་མི་འདུག

ལོ་འདིའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་རྒྱ་ནག་གི་བཅིངས་འགྲོལ་དམག་མི་དང་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་གནའ་བོའི་ཆོས་ཀྱི་གདན་ས་འདི་དག་དང་། ལྷ་ས་ཞོལ་གྱི་སྤྱི་ཚོགས་འདི་ནི་བོད་ནང་གི་ཟིང་ཆ་འདི་བྱུང་སའི་ལྟེ་བར་ངོས་འཛིན་གྱིས་དམ་དྲག་བྱེད་ཀྱིན་ཡོད་པ་རེད།

སྐབས་དེ་དུས་ནས་བཟུང་གདན་ས་ཁག་གི་གྲྭ་པ་བརྒྱ་སྐོར་འགའ་འཛིན་བཟུང་དང་བཀག་ཉར། མང་བོ་ཞིག་ནི་གསུམ་པའི་བཅུ་བཞིའི་དོན་རྐྱེན་འདི་སློང་མཁན་གྱི་དོགས་གཞིའི་རྐྱེན་གྱིས་འདྲི་བརྩད་བྱེད་ཀྱིན་ཡོད་ཚུལ་འདུག ཡིན་ནའང་འདི་ཙམ་གྱིས་གདན་ས་ཁག་གསུམ་གྱི་ཚོགས་ར་དག་སྟོང་བར་གྱུར་བ་མིན། གསར་འགོད་པ་ཚོས་འདི་ལྟར་བསམ་ཞིང་། མ་མཐར་ཡང་ལོ་འདིའི་དོན་རྐྱེན་མ་བྱུང་བའི་སྔོན་དུ་སེ་འབྲས་དགེ་གསུམ་གྱི་དགོན་པ་རེ་རེ་ནའང་གྲྭ་པ་བརྒྱ་ཕྲག་འགའ་རེ་ཡོད་ཚོད་ཡིན་ཟེར། ད་ཆ་བོད་ནང་གི་གནས་ཚུལ་འབྱུང་ཁུངས་ཁག་ཅིག་གིས་གནས་ཚུལ་གྱི་གསང་བ་བརྟོལ་བ་ལྟར་ན། གྲྭ་པ་ཕལ་ཆེ་བ་སྟེ། ཁྱོན་སྡོམ་གྲྭ་པ་ ༡༠༠༠ ལྷག་ནི་མཚོ་སྔོན་གྱི་གོར་མོའི་ཉེ་འཁོར་གྱི་བཙོན་ཁང་དང་བཀག་ཉར་ཁང་སོགས་སུ་གནས་སྤོར་བྱས་ཡོད་ཚུལ་འདུག་ལ། གྲྭ་པ་དེ་དག་ནི་བོད་རིགས་གཞོན་སྐྱེས་དག་སྟེ། ཉེ་འཁོར་གྱི་མངའ་ཁུལ་སྟེ་ཁམས་དང་ཨ་མདོ་སོགས་ནས་དབུས་ཀྱི་གདན་ས་ཁག་ལ་སློབ་གཉེར་བྱེད་དུ་ཡོང་མཁན་གྱི་གྲས་ཡིན་འདུག

ཁོང་ཚོའི་བཀག་ཉར་གྱི་རྒྱུ་རྐྱེན་གཅིག་ནི་ལྷ་སའི་མི་འབོར་གྱི་ཐེམ་ཐོའི་ནང་མིང་འགོད་བྱས་མེད་པའི་གྲྭ་པ་དག་གདན་ས་ཁག་ནས་ཕྱིར་འབུད་བྱེད་པའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན་འདུག གྲྭ་པ་དེ་དག་མ་མཐར་ཡང་པེ་ཅིན་གྱི་ཨོ་ལིམ་པིག་རྩེད་འགྲན་མཇུག་མ་སྒྲིལ་གོང་དུ་གློད་གི་མིན་ཚུལ་བརྗོད་ཡོད་འདུག འདི་ནི་རྒྱ་གཞུང་གིས་ཕྱི་ཟླ་ ༨ ཚེས་ ༨ ཉིན་ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོ་ཚུགས་སྐབས་དང་། དེའི་རྗེས་ཀྱི་དངོས་གཞིའི་རྩེད་འགྲན་གྱི་བདུན་ཕྲག་གཉིས་རིང་བོད་ནང་དུ་ངོ་རྒོལ་སྐད་འབོད་ཀྱི་རིགས་མི་ཡོང་ཐབས་ཀྱི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན་ཚུལ་གསར་འགོད་པར་བཤད་ཡོད་པ་རེད།

བཙོན་དུ་ཡོད་པའི་གྲྭ་པ་ཞིག་གི་སྤུན་མཆེད་ཀྱིས་བརྗོད་དོན། གྲྭ་པ་ནི་ཉེས་ཅན་པ་མིན་སྟབས་རྩེད་འགྲན་གྱི་རྗེས་ནས་གློད་གི་རེད། ཡིན་ནའང་། ཁོང་ཚོ་ཕྱིར་གྲོང་གསེབ་དུ་ཡོད་པའི་རང་རང་གི་ཁྱིམ་དུ་ལོག་དགོས་པ་རེད་མ་གཏོགས། ཕྱིར་གདན་ས་ཁག་ལ་འགྲོ་རྒྱུའི་ཆོག་མཆན་སྤྲོད་གི་མ་རེད། ཅེས་བཤད་འདུག

གྲྭ་པ་འདི་དག་གི་བཀག་ཉར་ནི་ཕྱོགས་གཞན་ཞིག་ནས་བཤད་ན། ༡༩༩༤ ལོར་རྒྱ་ནག་གིས་ཐོག་མར་གདན་ས་ཁག་གི་དགེ་འདུན་པའི་གྲངས་འབོར་ལ་ཚད་འཛིན་བྱེད་པའི་སྲིད་བྱུས་ཤིག་བཏིང་བ་དེ་ལག་བསྟར་དུ་འདེབ་པ་ཡིན་ལ། ཆོས་དད་རང་དབང་ཆེ་རུ་ཕྱིན་ན་གྲྭ་པ་ཆོས་སྒོར་འཛུལ་ཞུགས་ཀྱི་གྲངས་འབོར་ཡང་འཕར་འགྲོ་གི་ཡོད་འདུག

གསར་འགོད་པའི་ཉམས་ཞིབ་བྱས་པ་ལྟར་ན། སེ་ར་དགོན་པར་མཚོན་ན། ཡུན་རིང་པོ་ཞིག་ལ་གྲྭ་པ་ ༤༠༠ ལྷག་ལས་མེད་ནའང་བར་སྐབས་ཤིག་ནས་གྲྭ་པ་ ༡༠༠༠ ལྷག་འཕར་ཡོད་ཚུལ་འདུག འབྲས་སྤུངས་དགོན་པ་ནི་འཛམ་གླིང་སྟེང་གི་གཙུག་ལག་སློབ་གཉེར་ཁང་ཆེ་ཤོས་དང་དགོན་པ་ཆེ་ཤོས་སུ་གྲགས་ལ། དགོན་པར་མང་མཐར་གྲྭ་པ་ ༩༠༠ ལས་ལྷག་འཛུལ་ཞུགས་བྱེད་མི་ཆོག་པ་བཟོས་ཡོད་འདུག དགོན་པ་འདི་དག་གིས་ལོ་མང་རིང་རང་ལོ་ ༡༨ མན་གྱི་བུ་གུ་ཚོ་ཐད་ཀར་དགོན་པའི་ནང་བླངས་ཡོད་ནའང་གཞུང་གི་ལས་བྱེད་དག་གིས་མ་མཐོང་ཁུལ་བྱས་ནས་བསྐྱུར་བ་རེད་ཟེར།

བོད་ནང་གི་གནས་ཚུལ་ཡོང་ཁུངས་ཀྱིས་བརྗོད་པ་ལྟར་ན། དགོན་པའི་མཁན་པོ་དག་གིས་མདོ་སྟོད་སྨད་སོགས་མངའ་ཁུལ་གཞན་ནས་ཡོང་བའི་གཞུང་གི་རྒྱབ་གཉེར་མེད་པའི་གྲྭ་པ་ཚོ་བསྡུ་ཐབས་གནང་གི་ཡོད་ལ། དེ་ནི་མངའ་ཁུལ་གཞན་ནས་ཡོང་བའི་གྲྭ་པ་ཚོའི་དད་སེམས་བརྟན་ལ་སློབ་གཉེར་ལ་ཧུར་ཐག་ཆེ་བའི་དབང་གིས་ཡིན་འདུག

དགོན་པར་ཐོ་འགོད་བྱས་ཡོད་པའི་གྲྭ་པ་ཚོར་ཟླ་རེའི་གླ་ཕོགས་རག་གི་ཡོད་ལ། མཚམས་རེར་དགོན་པར་ཞལ་འདེབས་དང་གནས་མཇལ་ལ་ཡོང་མཁན་ཚོར་འཛིན་བྱང་བཙོང་བའི་རིན་འབབ་བསྣན་ཏེ་རྒྱ་སྒོར་ ༥༠༠༠ རེ་ཡོད་འདུག བཤད་ཚུལ་ལྟར་ན། གྲྭ་པ་འདི་དག་གིས་ཉི་མ་རེའི་འཚོ་བ་དེ་བརྙན་འཕྲིན་རྩེད་མོ་དང་གློག་བརྙན་སོགས་ལ་བལྟ་བ་མ་གཏོགས་དཔེ་ཀློག་སོགས་བྱེད་ཀྱི་མེད་ཚུལ་འདུག དེར་བརྟེན་ཨོ་ལིམ་པིག་རྩེད་འགྲན་གྱི་རྗེས་ནས་གྲྭ་པ་འདི་དག་ཕྱིར་ཡོང་དུ་མ་བཅུག་ཚེ་གདན་ས་ཁག་ནས་ནང་ཆོས་སློབ་གཉེར་བྱེད་མཁན་གྱི་རྩེ་ཕུད་རིགས་ཕྱིར་ཡོང་མེད་པར་ཆགས་རྒྱུ་ཡིན་པའི་སེམས་ཁྲལ་བྱེད་ཀྱིན་ཡོད་འདུག

གཞུང་གི་ལས་བྱེད་ཚོས་ལྷ་ས་གྲོང་ཁྱེར་གྱི་ཐེམ་ཐོ་མེད་མཁན་གྱི་བོད་མི་ཚང་མ་ཕྱིར་སོ་སོའི་ཕ་ཡུལ་དུ་ལོག་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དང་། གནས་ཚུལ་འབྱོར་གསལ་ལྟར་ན། ལས་བྱེད་དེ་དག་གིས་མི་སྒེར་གྱི་གྱོན་ཆས་དང་སྐྲ། ཐ་ན་ཁ་ནང་གི་སོ་བཅས་ལ་བརྟག་དཔྱད་བྱེད་རྒྱུ་ཤུགས་ཆེར་བཏང་ཡོད་འདུག ཁམས་དང་ཨ་མདོའི་ས་ཁུལ་གྱི་མང་ཚོགས་ཁྲོད་སོ་གསེར་གྱིས་ཤན་མཁན་ཡོད་སྟབས་རྒྱ་མིའི་ལས་བྱེད་ཚོས་ལས་སླ་བོར་ངོས་འཛིན་ཐུབ་ཀྱི་ཡོད་འདུག

ལྷ་སར་གནས་སྡོད་བོད་མི་ཚོས་དེང་སྐབས་ཕྱུ་པ་གྱོན་གི་མེད་པ་དང་། དེ་ནི་ཉེན་རྟོག་པ་དང་དམག་མིས་ཁྲོམ་ལམ་ནས་བཀག་སྟེ་བསྔོག་བཤེར་དང་འདྲི་བརྩད་མི་བྱེད་པའི་ཆེད་དུ་ཡིན་འདུག ཕོ་སྐྱེས་ཚོས་རྐང་བཙུགས་ནས་སྐྲ་གསོག་གི་ཡོད་ལ། དེ་ནི་ཉེན་རྟོག་པས་ཁོང་ཚོ་གདན་ས་ཁག་གི་གྲྭ་པ་ཚོར་མི་ནོར་བའི་ཆེད་དུ་ཡིན་ཟེར། འོན་ཀྱང་། སྐྲ་རིང་པོ་ནི་གདམ་ཀ་ཡག་ཤོས་ཀྱང་མིན་ཏེ། ཟི་ཁྲོན་ནུབ་ཕྱོགས་ས་ནས་ཡིན་པའི་ཁམས་པ་ཞིག་གསུམ་བཅུའི་དུས་དྲན་རྗེས་ནས་བཟུང་ཞིང་། དེ་ནི་ཁོང་གི་རལ་བ་ལ་བལྟས་ནས་བཟུང་ཡོད་པ་དང་། ལར་ནས་ཁམས་པའི་མི་རྣམས་རྒྱ་རྒོལ་གྱི་ཕྱོགས་ནས་གྲགས་སྐད་ཆེ་བའི་དབང་གིས་ཡིན་འདུག

དེ་ལྟར་ཡང་། རྒྱ་གཞུང་གི་བདེ་འཇགས་དོ་དམ་ཅི་ཙམ་དམ་ནའང་དེས་བོད་མོ་ཚོས་ཏཱ་ལའི་བླ་མ་ཕྱིར་བོད་དུ་ཕེབས་འཇུག་རྒྱུ་དང་བོད་རང་བཙན་གྱི་སྐད་འབོད་ཁྲོམ་སྐོར་འགོག་ཐུབ་ཀྱི་མེད་ལ། ཕྱི་ཟླ་ ༦ པའི་ཚེས་ ༡༨ ཉིན་དཀར་མཛེས་གཅིག་པུ་ནས་མི་ ༦ གིས་ཁྲོམ་སྐོར་བྱས་ཡོད་པ་རེད།

འདིའི་སྐོར་བོད་མི་ཞིག་གིས་བཤད་དོན། མི་འདི་དག་གིས་ཁོང་ཚོ་འཛིན་རྒྱུ་ཡིན་པ་ཤེས་ཡོད་པ་རེད། ཡིན་ནའང་ཁོང་ཚོ་ཕྱིར་ཐོན་ནས་སྐད་འབོད་བྱེད་ཀྱི་ཡོད་པ་རེད། འདིའི་འཕྲོ་ནས་ཁྱེད་ཀྱིས་ཞི་མིས་ཙི་ཙི་འཛིན་པ་ལྟར་ཁོང་ཚོ་བཟུང་ནས་ཁྲིད་འགྲོ་བ་མཐོང་གི་རེད་ཟེར།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “གྲྭ་པ་འདི་དག་ཚང་མ་གང་དུ་ཕྱིན་པ་རེད།

  1. བོད་ཀྱི་གྲྭ་པ་འདི་ཚོ་ངོ་མ་ངར་བ་ལ། གསར་བུ་མགོ་འཐོམ་དེ་ཚོའི་ད་དུང་ཡང་ལབ་རྒྱག་གི་འདུག