དགེ་འདུན་པ་ཚོ་ཕྱིར་སྒར་ལ་ཕེབས་རོགས་ཟེར།

རྒྱ་ནག་གི་ཆབ་སྲིད་སློབ་གསོ་དང་དྲག་པོའི་བྱ་སྤྱོད་ཀྱིས་གྲྭ་པ་རྣམས་ལ་ཚད་ལས་བརྒལ་བའི་སུན་གཙེར་དང་རང་དབང་མེད་པར་བཟོ་བཞིན་ཡོད་ལ། ཟླ་ ༦ ཚེས་ ༢ ནས་བཟུང་རྔ་པ་ཀིརྟི་དགོན་གྱི་གྲྭ་པ་རྣམས་བྲོས་བྱོལ་དུ་འགྲོ་དགོས་ཆགས་ཏེ། དགོན་པར་འདུག་མཁན་གྲྭ་པ་གཅིག་ཀྱང་མེད་པའི་གནས་ཚུལ་བྱུང་ཡོད་ནའང་། རྒྱ་གཞུང་གི་ལས་བྱེད་པ་གྲོང་སྡེ་ཚང་མར་ཉུལ་ཏེ་གྲྭ་པ་ཚོ་ཕྱིར་དགོན་པར་མ་ཡོང་ཚེ་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པར་བརྟེན་ད་ལྟ་གྲྭ་པ་རྣམས་དགོན་པར་ཕྱིར་འབྱོར་གྱིན་ཡོད་འདུག
ཀིརྟི་བྱེས་པ་གྲྭ་ཚང་གིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་ ༣ ཚེས་༡༦ ཉིན་རྔ་པ་རྫོང་གི་བོད་མི་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱེད་སྐབས་རྔ་སྲིབ་སྤྲོ་ཚིགས་ཞང་སྤྲོ་ཚིགས་དགོན་པ་དང་རྡོ་བ། ཆུ་ཤུལ། སྤྲོ་ཚིགས་མཐའ་བ། ཐང་བ་མ་བཅས་བོད་མི་ཚོས་སྤྲོ་ཚིགས་ཞང་ཐོག་གི་སློབ་གྲྭའི་རྒྱལ་དར་མར་ཕབས་པ་དང་ལས་ཁུངས་ཐོག་གི་དར་དམར་མེད་པར་བཟོས་པ། ཁ་ཤས་སྐད་འབོད་བྱེད་བཞིན་རྫོང་ཐོག་ཏུ་བསྐྱོད་པ་དང་། ཁག་ཅིག་རྔ་ཆུའི་ཟམ་ཁར་དྲག་ཆས་དམག་མི་དང་ཉེན་རྟོག་པས་བཀག་འགོག་བྱས་ཡོད་པས་རྫོང་ཐོག་ཏུ་ཐར་མེད་མོད། ཉིན་ཤས་རྗེས་ཐང་བ་མའི་རང་ལོ་ ༡༨ ཡིན་པའི་གྲྭ་རབ་བརྟན་དང་། རང་ལོ་ ༢༠ ཡིན་པའི་གྲྭ་ཐུབ་པ་སྐྱབས། རང་ལོ་ ༢༦ ཡིན་པའི་གྲྭ་ཚེ་འཕུར་སོགས་གྲྭ་པ་ ༡༨ དང་མི་སྐྱ་མང་བོ་བཟུང་ཡོད་ཅིང་། དེ་དག་ལས་ད་ལྟ་མི་དྲུག་མ་གཏོགས་གློད་ཡོད་ནའང་བཙོན་ཁང་དུ་ཚད་ལས་བརྒལ་བའི་ཉེས་རྡུང་དྲག་པོ་བཏང་བ་སོགས་ཀྱིས་ཁག་ཅིག་འཁར་བ་གཉིས་མེད་པར་འགྲོ་མི་ཐུབ་པ་དང་། རེ་ཟུང་གཅོང་ནད་ཅན་དུ་གྱུར་ཡོད་འདུག ཁོང་ཚོ་གློད་སྐབས་རེ་ཟུང་ལ་སྒོར་ཆད་བཅད་འདུག་ལ། གོང་གསལ་གྲྭ་པ་ལྔ་དང་མི་སྐྱ་གཅིག་བཅས་མི་དྲུག་ད་སྐབས་དམར་ཐང་རྫོང་དུ་ཁྲིད་ཡོང་ཡོད་ནའང་ཉེ་འབྲེལ་སོགས་ལ་འབྲེལ་གཏུགས་བྱེད་འཇུག་གི་མེད་པ་རེད།
ཟླ་ ༦ ཚེས་ ༢ དང་ ༣ ནས་བཟུང་རྔ་པ་ཀིརྟི་དགོན་གྱི་གྲྭ་པ་རྣམས་བྲོས་བྱོལ་དུ་སོང་ཡོད་ནའང་། ཚེས་ ༤ དང་ ༥ ཉིན་གཉིས་རིང་གྲྭ་པ་བྲོས་བྱོལ་དུ་ཕྱིན་པ་ཁག་ཅིག་ཉེན་རྟོགས་པས་བཟུང་སྟེ་དགོན་པར་ཁྲིད་ཡོང་རྗེས་དགོངས་ཤོག་འབྲི་བཅུག་སྟེ་མངགས་ཡོད་མོད། ད་ལྟ་དགོན་པའི་ལྷ་སྡེ་ཚང་མའི་ནང་རྒྱ་གཞུང་གི་ལས་བྱེད་ཚོིས་དགོན་པའི་ལས་སྣེ་རེ་ཟུང་ཁྲིད་ནས་བྲོས་བྱོལ་དུ་ཕྱིན་པའི་གྲྭ་པ་ཡོངས་ལམ་སེང་དགོན་པར་འབྱོར་དགོས་པའི་བརྡ་ཁྱབ་གཏོང་གི་ཡོད་འདུག གཞུང་གི་ལས་བྱེད་ཟླ་དྲུག་པའི་ཚེས་ ༢༠ ཉིན་གཅའ་རུ་ཞང་དང་རྨེའུ་རུ་མ་ཞང་གཉིས་ཀར་སོང་ནས་བརྡ་ཁྱབ་བཏང་བ་དང་། ཚེས་ ༢༡ དམར་ཐང་རྫོང་དང་ལུང་ཟི། ཚེས་ ༢༢ ཉིན་ཁང་གསར་དང་གཅིག་སྒྲིལ་རྫོང་། ཚེས་ ༢༣ ཉིན་རོང་ཁོག་པོ་ཞང་དང་མཁར་སར་ཞང་བཅས་སུ་སོང་ཡོད་འདུག་ལ། ས་གནས་དེ་དག་ཏུ་ལས་བྱེད་པས་གྲྭ་པ་རྣམས་ཚུར་དགོན་པར་ཡོང་ན་སྔར་བཞིན་ཚོགས་འཚོགས་རྒྱུ་དང་། སློབ་གཉེར་བྱ་རྒྱུ་སོགས་ལ་བཀག་འགོག་མི་བྱེད་པ་མ་ཟད། ལྷག་པར་སི་ཁྲོན་ས་ཡོམ་ཁྲོད་རྐྱེན་འདས་སུ་སོང་བ་རྣམས་ཀྱི་ཆེད་དུ་སྨོན་ལམ་གསུང་རྒྱུ་དང་རྨས་མ་ཚོའི་ཆེད་དུ་ཞབས་བརྟན་བསྒྲུབ་དགོས་ཤིང་། རྒྱ་གཞུང་གི་མང་ཇ་གཏོང་མི་ཡིན་ཚུལ་བཤད་འདུག་ཀྱང་། གྲྭ་པ་རྣམས་ཀྱིས་ཡིད་ཆེས་མ་བྱས་པ་མ་ཟད། དགོན་པའི་ན་གཞོན་རེ་ཟུང་ཡོད་པ་རྣམས་ཀྱང་དགོན་པ་ནས་ཐོན་ཏེ། ད་ལྟ་དགོན་པའི་མཐའ་དང་ཁྲོམ་གཞུང་ཚང་མར་དམག་མི་ཉིན་རེ་བཞིན་ཇེ་མང་དུ་འགྲོ་གི་ཡོད་ཅིང་། ས་གནས་ཡུལ་མི་ཚོས་གྲྭ་པ་རྣམས་དགོན་པར་འཛོམས་རྗེས་སྔར་ལས་དམ་དྲག་ཤུགས་ཆེར་གཏོང་རྩིས་རེད་ཅེས་དང་། དེང་སྐབས་དགོན་པའི་ནང་མི་བདུན་བརྒྱད་ཙམ་རེ་མཉམ་འཛོམས་བྱས་ནའང་། ལམ་སེང་དམག་མི་སླེབས་ཀྱི་ཡོད་པས། དེ་ནི་དགོན་པའི་ཉེ་འགྲམ་གྱི་དགེ་འཕེལ་རི་རྩེར་སྔོན་མ་ནས་སོ་ལྟ་ཁང་ཞིག་ཡོད་པ་དེར་དེང་སྐབས་དམག་མི་རྒྱུན་སྡོད་བྱེད་ཀྱི་ཡོད་པས། ཁོང་ཚོས་དགོན་པར་རྒྱང་ཤེལ་གྱིས་བལྟས་ཏེ་མི་མང་བོ་མཉམ་དུ་འཛོམས་ཚེ་དགོན་འདབས་ཀྱི་དམག་མིར་བརྡ་བཏང་བ་རེད། ཅེས་ས་གནས་བོད་མི་ཚོས་བརྗོད་ཡོད་འདུག གཞན་ཡང་དམག་མི་ ༣༠ ཡས་མས་ཤིག་རེས་མོས་ཀྱིས་དགོན་པའི་ཕྱི་ནང་ཚང་མར་སྐོར་གཡེང་བྱེད་ཀྱིན་ཡོད་པ་མ་ཟད། དགོན་པའི་གླིང་མདོ་ན་ཁུག་མའི་ནང་ས་བླུགས་ཏེ་འཐབ་ར་བརྩིགས་ཡོད་པ་མ་ཟད། གྲྭ་པ་རྣམས་ཁྲོམ་ལ་ཅ་ལག་ཉོ་བར་འགྲོ་སྐབས་དེ་དག་སར་ཐོ་འགོད་ཀྱིས་དགོངས་ཞུ་བྱེད་དགོས་པ་དང་ཕྱིར་སླེབས་དུས་ཀྱང་འབྱོར་ཐོ་འགོད་དགོས་ཀྱི་ཡོད་འདུག
ཟླ་ ༦ ཚེས་ ༢༢ ཉིན་གྲྭ་ཤག་ཡོངས་སུ་རྒྱ་གཞུང་གི་ལས་བྱེད་རྣམས་ཉུལ་ཡོད་པ་དང་། ཉིན་དེ་ནས་བཟུང་དགོན་པར་ཆོས་སྒོ་ཕྱེས་པ་ཡིན་པས་ཚོགས་འཚོགས་ཆོག་པར་བརྗོད་པར་ཚེས་ ༢༣ དང་  ༢༤ ཉིན་གཉིས་ལ་ཚེ་འདས་གཉིས་ཀྱི་ཕུང་པོ་དགོན་པར་སྦྱང་ཆོག་ཞུ་བར་ཡོང་འདུག་ཀྱང་དགུང་ལོ་བགྲེས་པའི་དགེ་འདུན་པ་བརྒྱ་མ་ཟིན་ཙམ་ལས་འཚོགས་ཐུབ་མེད་ཚུལ་འདུག
ཟླ་ ༦ ཟླ་དཀྱིལ་ཙམ་ལ་ཁྲིན་ཀན་མཐའ་བ་གོང་མའི་ཁྱིམ་ཚང་ཞིག་གིས་བ་གླང་བོར་བརླག་སོང་བ་རྩད་གཅོད་བྱེད་སྐབས་དམག་མི་ཁ་ཤས་ཀྱི་བཤའ་བཞིན་པའི་སྐབས་དང་འཁེལ་བར་དམག་མི་རྣམས་བྲོས་འདུག་ཀྱང་། དམག་མི་གཅིག་གི་ངོ་སྤྲོད་ལག་འཁྱེར་ལྷག་ནས་ངོས་ལེན་བྱེད་དགོས་པར་གྱུར་བ་དང་། ཁོང་ལ་བ་གླང་གི་སྐྱིན་ཚབ་རྒྱ་སྒོར་ ༡༠༠༠ སྤྲད་ནས་གཞན་ལ་མི་བཤད་རྒྱུ་བྱས་ཏེ་ཁ་བཀག་ཡོད་འདུག
ཟླ་ ༧ ཚེས་ ༡ ནས་གྲྭ་པ་རྣམས་དགོན་པར་མ་ཡོང་ན་ཁྱིམ་ཚང་རེ་རེ་བཞིན་སྒོ་ཉུལ་བྱེད་རྒྱུ་ཡིན་ཚུལ་བརྗོད་པ་དང་། རྔ་པ་རྨེའུ་རི་ནང་ལས་བྱེད་པ་དང་ཉེན་རྟོག་པས་གྲྭ་པ་གང་མཚམས་བཟུང་ནས་དགོན་པར་ཁྲིད་ཡོད་འདུག་ལ། ཚེས་ ༥ ཚུན་ལ་དགོན་པར་མ་ཡོང་ན་ས་གནས་སོ་སོར་དམག་བཏང་སྟེ་གྲྭ་པ་ཚང་མར་འཛིན་བཟུང་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་པས། ད་ལྟ་གྲྭ་པ་མང་བོ་ཕྱིར་དགོན་པར་འབྱོར་ཡོད་འདུག
ཟླ་ ༤ ཚེས་ ༢༠ ཡས་མས་སུ་རྔ་པ་རྫོང་གཅའ་རུ་མ་ཞང་། གཅའ་རུ་བའི་ཚེ་དབང་ཐབས་མཁས། གི་ནི་ཀེ ཚུལ་ཁོ། ཕུན་ཚོགས་སྔོ་རྡོ། མི་རྐྱང་སྟོན་པ། བཀྲ་བྷེ། བློ་གྲོས། ལྷུན་འགྲུབ་བཅས་དང་། རྔ་པ་རྫོང་གཅའ་རུ་ཞང་། རྭ་རུ་བའི་དར་རྒྱས། སངས་རྒྱས། རིན་ལོ། ནོར་བུ། རྔ་པ་རྫོང་གཅའ་ཞང་ནགས་ཚང་མའི་མཛོད་ཚང་གི་འཛམ་བྷ། ནང་རིན་སོགས་དེ་སྔོན་ནས་བཟུང་ཞིང་ད་ལྟ་བཙོན་ཁང་ནང་མནར་གཅོད་མྱོང་བཞིན་ཡོད་ནའང་། ས་གནས་གང་སར་དམ་དྲག་ཆེ་བ་དང་ཁོང་ཚོ་འབྲོག་ཁུལ་ནས་ཡིན་པར་བརྟེན་ད་བར་གནས་ཚུལ་ཤེས་རྟོགས་བྱུང་མེད་པར་ལྷག་པ་དང་། སྦྱིན་པ་དང་འཛམ་བྷ། ནང་རིན་གསུམ་ལ་ཁྲིམས་ཐག་གཅོད་རྒྱུ་ཡིན་ཚུལ་འདུག
ཟླ་ ༦ ཚེས་ ༡༡ ཉིན་རྔ་པ་རྫོང་སེ་དགོན་པ་ཉེན་རྟོག་པས་སྔོག་བཤེར་བྱས་ཏེ་གྲྭ་ཐོས་པ་དགའ་དང་ཁམ་གོ དཔལ་ལྡན་རྒྱ་མཚོ། དེ་མིན་གཞན་ཞིག་བཅས་བཟུང་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply