རྒྱལ་སྤྱིའི་སྟེང་གི་ཆེས་ཆུང་བའི་རྒྱལ་མོ།

རཱ་ནཱ་ འལ་ཡཱ་ཟིན་གྱི་ཁྱོ་ཀ་ ༡༩༩༩ ལོར་ཇོར་ལྡན་རྒྱལ་ཁབ་ཀྱི་རྒྱལ་པོར་གྱུར་བ་ནས་ཁོ་མོ་ནི་འཛམ་གླིང་སྟེང་གི་ཆེས་ཆུང་བའི་རྒྱལ་མོར་གྱུར།   རྒྱལ་མོ་ཞིག་ལ་རང་གི་སྤོབས་པ་མཐོན་པོ་ཡོད་ངེས་མོད། དེ་དང་ལྷན་དུ་གཞོལ་དུ་མེད་པའི་འགན་ཡང་ལྗིད་མོ་ཡོད། རྒྱལ་མོར་གྱུར་རྗེས་ཁོ་མོས།  མི་ཚོས་ང་ལ་རྒྱལ་མོ་ཞེས་འབོད་ཀྱང་ཁྱེད་ཚོས་ཤེས་གསལ་བཞིན་དོན་དངོས་སུ་ང་ནི་རཱ་ནཱ་ཡིན། མི་ཚོས་རྒྱལ་མོ་ཞེས་འཆར་སྣང་ལས་དངོས་ཡོད་ཀྱི་འཚོ་བར་བསམ་གཞིགས་མི་བྱེད་མཁན་ཞིག་ལ་ངོས་འཛིན་བྱ་ངེས་མོད། འོན་ཀྱང་བདེན་པ་མཐར་ཐུག་གི་སྐད་ཆ་བཤད་ན།  ཉིན་རེ་རེའི་འཚོ་བའི་ཁྲོད་དུ་ངས་རྒྱལ་ཁབ་ཀྱི་དཀའ་ངལ་དང་གནད་དོན་ལ་བསམ་ཞིབ་བྱེད་བཞིན་ཡོད། ཅེས་གསུངས་ཡོད། 

རཱ་ནཱ་ནི་རྒྱལ་སྤྱིའི་སྟེང་གི་བུད་མེད་ཐོབ་ཐང་གི་ཁྲིམས་རྩོད་པ་ཡིན་ལ།  ༢༠༠༥ ལོར་འཛམ་གླིང་གི་མཛེས་སྡུག་ལྡན་པའི་བུད་མེད་གསུམ་གྱི་ཁྲོད་ནས་གཅིག་ཡིན།  དེས་མི་ཚད་འཛམ་གླིང་གི་དབང་ཤུགས་ཆེ་བའི་བུད་མེད་བརྒྱའི་ཁྲོད་དུ་ཡང་ཡོད།  རཱ་ནཱ་ཡང་འཇིག་རྟེན་གྱི་བུད་མེད་སྤྱི་མཚུངས་བཞིན་བྱིས་པ་བཞི་ཡི་ཨ་མ་ཡིན། ཁོ་མོས་རང་གི་བྱིས་པ་ཚོའི་འབྱུང་འགྱུར་ཐད། ང་རང་གི་རྒྱལ་སྲས་ཚོར་མཚོན་ན་ཆེས་གལ་ཆེ་བ་ནི།  བདེན་པའི་རིན་ཐང་ངེས་དགོས་པའི་ཤེས་རིག་སྤེལ་དགོས་པ་དང༌།  ངས་བསམ་ན་བདེན་པའི་རིན་ཐང་གིས་མི་ཚེ་མགོ་མཇུག་ཧྲིལ་བོར་རང་ཉིད་ལ་འགེབས་སྲུང་བྱེད་ཐུབ་པ་མ་ཟད༌།   དོན་གནད་གང་ལ་འཕྲད་ཀྱང་བདེན་པའི་རིན་ཐང་ནི་དུས་ནམ་ཡང་རང་ཉིད་དང་ལྷན་དུ་ཡོད། ཅེས་གསུངས་ཡོད་པ་རེད།
 
རཱ་ནཱ་ནི་རྒྱལ་སྤྱིར་མིང་དུ་གྲགས་པའི་བུད་མེད་ཞིག་སྟེ།  བུད་མེད་ཀྱི་ཐོབ་ཐང་དང་བུད་མེད་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་བར་སྦྱིན་པ་ཆེས་ཆེར་གནང་བཞིན་ཡོད། ཁོ་མོས་ཤེས་ཡོན་ཡར་རྒྱས་དང༌།  ཉམ་ཐག་འདོར་བ་གཉིས་ལ་ཐད་ཀར་འབྲེལ་བ་ཡོད་པར་དགོངས་ཀྱིན་ཡོད་ལ།  ཁོ་མོས་གསུངས་དོན། ངའི་སེམས་ལ་ཉམ་ཐག་ཟེར་བ་འདི་བུད་མེད་ལ་གོ་བ་ལེན་གྱིན་ཡོད། ཤེས་ཡོན་གྱི་ནུས་པ་བརྒྱུད་ནས་ཁྱེད་ཀྱིས་མི་རིགས་ཀྱི་གནད་དོན་བསྒྱུར་བཅོས་གཏོང་ཐུབ་པ་དང༌།  ཁྱེད་ཀྱིས་བུད་མེད་ཚོའི་ཆེད་དུ་ཆེས་རླབས་ཆེན་དང༌། གལ་ཆེན་རང་བཞིན་གྱི་བྱ་བ་ཞིག་སྒྲུབ་རྒྱུ་ནི་བུད་མེད་ཚོའི་ཤེས་ཡོན་སློབ་གསོ་ཡར་རྒྱས་གཏོང་རྒྱུ་དེ་ཡིན།  བུད་མེད་ཚོ་ལ་ཡང་ཤེས་ཡོན་ལྡན་ཚེ་ཁོ་ཚོར་རང་གི་མི་ཚེ་གདམ་གསེས་དང༌།  མི་ཚེར་འགྱུར་བ་གཏོང་བའི་ནུས་པ་ཡོད། ཅེས་གསུངས་ཡོད། 

ཆོས་ལུགས་ཀྱི་གོམས་སྲོལ་ནི།  གདམས་གསེས་ཀྱི་གནད་དོན་ཞིག་གིས་ཡར་རྒྱས་འགྲོ་བཞིན་པ་དང༌།  ཇོར་ལྡན་ནི་ཁ་ཆེའི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་འདིའི་ནང་དུ་ཧ་ལམ་བུད་མེད་བརྒྱ་ཆ་ ༦༠ ཙམ་གྱིས་སེང་རས་སམ་ཡང་ན་གདོང་ཁེབས་གྱོན་གི་ཡོད་པར་ཁོ་མོས་གསུངས་དོན།  གདོང་ཁེབས་གྱོན་མིན་ནི་མི་སྒེར་གྱི་གདམ་གསེས་ཡིན་པ་དང༌།  ང་རང་ཉིད་ཀྱིས་དུས་ནམ་ཡང་གདོང་ཁེབས་གྱོན་མ་མྱོང༌།  ཡིད་སྐྱོ་བ་ཞིག་ལ་ནུབ་ཕྱོགས་པ་མང་པོས་གདོང་ཁེབས་གྱོན་པའི་བུད་མེད་ནི་ཉམ་ཆུང་ནུས་མེད་ལ་བརྩི་གིན་ཡོད།  ཡིན་ན་ཡང་གདོང་ཁེབས་གྱོན་མཁན་གྱི་བུད་མེད་ཕལ་ཆེ་བས་རང་གི་ཡིད་ཆེས་དང་དད་གུས་ཀྱི་ཕྱིར་དུ་གྱོན་གྱིན་ཡོད་ཟེར། རཱ་ནཱ་ཡིས་ནུབ་ཕྱོགས་པས་ཁ་ཆེའི་ཆོས་ལུགས་དང༌།  རིག་གཞུང་ལ་བཟུང་བའི་ལྟ་བར་འགྱུར་བ་གཏོང་དགོས་པ་དང༌།  དེར་འགྱུར་བ་གཏོང་བར་ནུབ་ཕྱོགས་སྤྱི་ཚོགས་དང་འབྲེལ་འདྲིས་བྱས་ཏེ།  ནུབ་ཕྱོགས་པར་རང་གི་རྒྱལ་ཁབ་ཀྱི་ཆོས་ལུགས་དང་རིག་གཞུང་ལ་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ཡིན་པར་དགོངས་ཀྱིན་ཡོད་པ་རེད།

རཱ་ནཱ་ཡིས།  འབྱུང་འགྱུར་འཛམ་གླིང་འདི་དེ་ལས་སྒོ་འབྱེད་དང་བརྟན་བརླིང་ལ་འགྲོ་བར་རེ་བ་བྱེད་བཞིན་པའི་ཐོག་ནས་གསུངས་དོན།  ང་ཚོས་འཛམ་གླིང་གི་ས་ཆ་གང་དང༌།  རྒྱལ་ཁབ་གང་དུ་དཀའ་ངལ་ཡོད་ཀྱང༌།  དེ་ས་གནས་དེ་ག་རང་གི་དཀའ་ངལ་ལ་བརྩི་གིན་ཡོད་པ་དང༌།  ངོས་གཅིག་ལས་ངོས་སོ་སོར་ལྟ་བའི་གོམས་སྲོལ་མེད།    ཡིན་ན་ཡང་གལ་ཏེ་ཁྱེད་ཀྱིས་ཕྱོགས་གཅིག་གི་དཀའ་ངལ་སེལ་རོགས་བྱེད་ཐུབ་ཚེ་དེ་ནི་མཐར་གཏུགས་ན་ཁྱེད་རང་ཉིད་ལ་རོགས་རམ་བྱེད་པ་དང་འདྲ། རྒྱུ་མཚན་ནི་དེང་དུས་ང་ཚོའི་འཛམ་གླིང་འདི་ཕན་ཚུན་བརྟེན་པ་དང་ཐག་ཉེ་བོར་འགྱུར་གྱིན་ཡོད།  ཅེས་གསུངས། 

རཱ་ནཱ་ཡིས་བཟོད་སྒོམ་མི་བྱེད་པར་་ཁ་གཏད་བཅག་སྟེ་དཀའ་ངལ་སེལ་དགོས་པ་སྟེ་འཇིགས་སྐུལ་རིང་ལུགས་པ་དང༌། རིག་གཞུང་བགྲོ་གླེང་བྱེད་དགོས་པ།  ཤེས་ཡོན་དང་གོ་སྐབས་ཡར་རྒྱས་གཏོང་བ་སོགས་ཀྱི་ཐད་གསུངས་དོན།  ང་ཚོས་མི་ཚེ་ནང་གོ་སྐབས་ཡོད་པའི་གཞོན་སྐྱེས་ཚོར་གོ་སྐབས་མཐོར་འདེགས་གཏོང་དགོས།  ནམ་ཞིག་ཁྱེད་རང་ལ་འགོག་རྐྱེན་ཐེབས་ཏེ་ལས་ཀ་མི་རག་པ་དང༌།  མ་འོངས་པ་བོར་སོང་བསམ་པའི་དུས་སུ་ཁྱེད་རང་འཇིགས་སྐུལ་རིང་ལུགས་པ་དང༌།  མཐར་ལྷུང་གི་བསམ་ཚུལ་འཛིན་མཁན་གྱི་ཤུགས་རྐྱེན་ཐེབས་སླ་བའི་དུས་དེ་ཡང་ཡིན། ཅེས་གསུངས་ཡོད། 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “རྒྱལ་སྤྱིའི་སྟེང་གི་ཆེས་ཆུང་བའི་རྒྱལ་མོ།

  1. མིང་བྱང་ལ་བལྟས་ན་ཕལ་ཆེར་ལོ་བཅུ་གྲངས་ཤིག་ལ་སླེབས་ཙམ་ཤིག་མིན་མིན་སྙམ་བྱུང་ཡང་། གཤམ་ནས་བལྟས་དུས་ཕྲུ་གུ་བཞིའི་ཨ་མ་ཞིག་རེད་འདུག

  2. མྱི་སྨྱོན།

    ཡག་པོ་འདུག རྒྱལ་སྤྱིའི་སྟེང་གི་ཆེས་ཆུང་བའི་རྒྱལ་མོ་ལོ་ག་ཚེ་ལ་རྒྱལ་མོ་ཐོབ་པ་བཀོད་མེད་པའི་ཆེས་ཆུང་བ་ཡིན་པ་ཤེས་མ་སོང།