རླབས་ཆེ་བའི་བོད་སྐྱོད་པ་དང༌། ཁོའི་ཆུང་མ།

དོན་འགྲུབ་དབང་ཆེན་ལ་སྔོན་ན་སྣེ་ཁྲིད་བྱེད་མཁན་གྱི་ཚོགས་པ་མེད་ལ། རྗེས་ན་རྒྱབ་སྐྱོར་ཞུ་མཁན་གྱི་སྦྱིན་བདག་མེད་པར། སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་གི་བཟའ་ཟླ་བུ་ཕྲུག་དང་ཕ་མ་གཉེན་ཉེ། ཐ་ན་སོ་སོའི་སྲོག་ལའང་མ་འཛེམ་པར་དཀའ་སྡུག་དང་ཉེན་ཁ་བརྒྱུད་དེ། ལས་དོན་འདི་འདྲ་ཞིག་དང་ལེན་བྱས་པ་རེད། ལས་དོན་འདི་ཡང་གསོད་པ་དང་བཏུབ་པ། གཏོར་བ་དང་བཤིག་པ་སོགས་དྲག་སྤྱོད་མ་རེད། བོད་ནང་གི་མི་དམངས་དཀྱུས་མའི་སེམས་ཀྱི་མངོན་འདོད་ངོ་མ་འཛམ་གླིང་ལ་སྟོན་ཆེད། ཡོད་ཚད་བློས་བཏང་བའི་རླབས་ཆེན་གྱི་བྱ་བཞག་ཞིག་སྒྲུབ་འདུག་སྙམ་སྟེ་སྤོབས་པ་ཡང་འདུག ཞེས་བོད་སྐྱོད་པ་དོན་འགྲུབ་དབང་ཆེན་གྱི་ཆུང་མས་བརྗོད་ཡོད།

ཟླ་འདིའི་ཚེས་ ༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལའི་རྒྱ་གར་བརྡ་འཕྲིན་ལྷན་ཚོགས་ཀྱི་ཚོགས་ཁང་ནང༌། རྒྱ་གར་དང་ཕྱི་རྒྱལ་ཁག་གི་གསར་འགོད་པ་དང་ཉམས་ཞིབ་པ་མང་པོར། བོད་སྐྱོད་པ་དོན་འགྲུབ་དབང་ཆེན་གྱི་བོད་ནང་གི་གནས་སྟངས་རྒྱུས་ལོན་དང་བཅར་འདྲི་བྱས་ཡོད་པའི་གློག་བརྙན་དེ་གཟིགས་འབུལ་དང༌། ཁོའི་བཟའ་ཟླ་ལྷ་མོ་མཚོ་ཡིས། རྒྱ་ནག་གི་བཙོན་དུ་ཡོད་པའི་ཁོ་མོའི་ཁྱོ་ག་དོན་འགྲུབ་དབང་ཆེན་གྱི་གནས་བབ་ངོ་སྤྲོད་བྱས་ཡོད་ལ། ཕྱི་ཚེས་ ༡༣ ཉིན་ནས་བཟུང་བཞུགས་སྒར་ཁུལ་གྱི་བོད་རིགས་མི་དམངས་ལ་གློག་བརྙན་དེ་སྤྱན་འབུལ་ཞུ་མགོ་བརྩམས་ཡོད།

གློག་བརྙན་དེ་ནི། ཨ་མདོ་མཚོ་སྔོན་བ་ཡན་རྫོང་ནས་ཡིན་པའི་བོད་རིགས་དོན་འགྲུབ་དབང་ཆེན་ ༢༠༠༧ ལོའི་ཟླ་ ༡༠ ཚེས་ ༡༤ ཉིན་གསང་སྟབས་ཀྱིས་བོད་ནང་དུ་འཛུལ་ཏེ། ཁོང་གི་གྲོགས་པོ་མགོ་ལོག་འཇིགས་མེད་དང་མཉམ་དུ་མདོ་དབུས་ཁམས་གསུམ་གྱི་གྲོང་ཁྱེར་དང་གྲོང་གསེབ། རོང་འབྲོག་ས་ཁུལ་མང་པོར་སྐོར་སྐྱོད་བྱས་ཏེ། བོད་ནང་གི་འཚོ་བའི་གནས་སྟངས་དངོས་དང༌། ལྷག་པར་དུ་གཞིས་ལུས་བོད་མིའི་སེམས་ཀྱི་རེ་འདུན་ངོ་མ་དེར་རྒྱུས་ལོན་བྱས་ཏེ། བོད་རིགས་སྐྱ་སེར་རྒན་གཞོན་ ༡༠༨ ཙམ་ལ་བཅར་འདྲི་བྱས་ཡོད་པའི་གློག་བརྙན་ཞིག་ཡིན། ཁོང་གིས་བོད་གནས་ཉམས་ཞིབ་ཀྱི་རྒྱུ་ཆ་དེ་དག་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་སུད་སིར་ཡོད་པའི་ཁོང་གི་གཉེན་ཉེ་འཇམ་དབྱངས་ཚུལ་ཁྲིམས་ལ་བསྐུར་ཟིན་ཀྱང༌། ཁོང་མུ་མཐུད་ལས་དོན་ཞིག་གི་ཆེད་དུ་བསྐྱར་དུ་བོད་ནང་སྐྱོད་སྐབས། སྟབས་མ་ལེགས་པར་ད་ལོའི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་མཚོ་སྔོན་ཟི་ལིང་ནས་ཆབ་ཆར་འགྲོ་བའི་ལམ་ཁར་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང༌། ཁོང་གི་གྲོགས་པོ་མགོ་ལོག་འཇིགས་མེད་ཚེས་ ༢༣ ཉིན་འཛིན་བཟུང་བྱས་ཡོད་འདུག སུད་སིར་གནས་བཞུགས་འཇམ་དབྱངས་ཚུལ་ཁྲིམས་ཀྱིས། བོད་གནས་ཉམས་ཞིབ་ཀྱི་རྒྱུ་ཆ་དེ་དག་ཕྱོགས་སྒྲིག་དང༌། མི་སྣའི་སྐད་ཆ་དབྱིན་ཡིག་ནང་ཕབས་སྒྱུར་གྱིས་རིང་ཚད་སྐར་མ་ ༢༥ ཅན་གྱི་གློག་བརྙན་ཞིག་བཟོས་ཡོད། གློག་བརྙན་དེའི་ནང་གི་མི་སྣ་མང་ཆེ་བར་མིག་ནས་མཆི་མ་བཞུར་བཞིན། ༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རོགས་ཟེར་གྱིན་འདུག་ལ། གཞན་དག་གིས། མུ་མཐུད་འདི་ལྟར་དུས་ཚོད་བསྐྱལ་བ་ཡིན་ན། ད་ནི་རྒྱ་འོག་ནས་བོད་ཡུལ་ཚར་ཐལ། ཞེས་ངུ་ངག་གིས་སྡུག་བསྔལ་རྗོད་བཞིན་འདུག

འདི་གའི་གསར་འགོད་པ་ཕྱི་ཚེས་ ༡༧ ཉིན་དོན་འགྲུབ་དབང་ཆེན་གྱི་བཟའ་ཟླ་ལྷ་མོ་མཚོ་ལ་ཐུག་འཕྲད་བྱས་ཏེ། ཁོ་མོའི་གནས་སྟངས་དང་ཐེངས་འདིའི་དོན་འགྲུབ་དབང་ཆེན་གྱི་ལས་དོན་ཐད་བཅར་འདྲི་ཞུས་པར་ཁོ་མོས་བཤད་རྒྱུར། ངའི་ཕ་ཡུལ་ཨ་མདོ་བླ་བྲང་ཡིན་ཞིང་མིང་ལ་ལྷ་མོ་མཚོ་ཟེར། སྤྱི་ལོ་ ༢༠༠༦ ལོའི་ཟླ་༡༠ བར་རྒྱ་གར་དུ་ཡོང་བ་ཡིན། ང་རང་ཕ་ཡུལ་ནས་སློབ་གྲྭར་འགྲོ་མ་མྱོང་ལ། ངའི་ཁྱོ་ག་དོན་འགྲུབ་དབང་ཆེན་ཡང་ང་དང་འདྲ་བར་སློབ་གྲྭར་འགྲོ་མྱོང་མེད། ངེད་གཉིས་ཀྱི་བུ་ཕྲུག་བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ནང་ཡོད་ལ། ངའི་ཁྱོ་གའི་ཕ་མ་སྤུན་ཉེ་ཚོ་ཡང་རྒྱ་གར་ནང་ཡོད། སྔར་ལོའི་སྤྱི་ཟླ་ ༡༠ ཚེས་ ༡༤ ཉིན་ཁོ་རང་ཕྱིར་བོད་ནང་དུ་ཕྱིན་སོང༌། འགྲོ་ཁར་ཕ་མ་གཉིས་ལ་ཚོང་ལས་ཤིག་གི་ཆེད་ཡིན་ཚུལ་བརྗོད་པ་ལས། མི་གཞན་གཅིག་གིས་ཀྱང་གར་སོང་ཤེས་མེད། ང་ལའང་གསལ་བོ་གང་ཡང་བཤད་མ་སོང་མོད། སྒེར་དོན་ཞིག་མིན་པའི་ཚོར་སྣང་བྱུང་སོང༌། ཡུན་རིང་བར་ས་གནས་གང་དུ་སླེབས་པ་དང་དོན་དག་ཅི་ཞིག་སྒྲུབ་ཀྱིན་ཡོད་པ་ཤེས་རྟོགས་མ་ཐུབ། ད་ལོའི་ཟླ་ ༣ ཚེས་ ༢༦ ཉིན་ཁོ་རང་ཟི་ལིང་ནས་ཆབ་ཆར་འགྲོ་བའི་ལམ་ཁར་རྒྱ་ནག་གིས་འཛིན་བཟུང་དང༌། ཁོའི་གྲོགས་པོ་མགོ་ལོག་འཇིགས་མེད་ཕྱི་ཚེས་ ༢༣ འཛིན་བཟུང་བྱས་སོང་བའི་སྐད་ཆ་ཐོས་སོང་ལ། ཁོའི་གཉེན་ཉེ་འཇམ་དབྱངས་ཚུལ་ཁྲིམས་བརྒྱུད། གློག་བརྙན་དེ་ངའི་ལག་ཏུ་འབྱོར་རྗེས་གཞི་ནས་ཐེངས་འདིར་ཁོ་བོད་ནང་སྐྱོད་དོན་ཧ་གོ་སོང་ཟེར།

ཡང་ཁོ་མོར་དོན་འགྲུབ་དབང་ཆེན་ད་ལྟ་རྒྱ་ནག་གི་བཙོན་དུ་ཡོད་ལ། གློག་བརྙན་ནང་གི་མི་སྣ་དེ་དག་ཀྱང་བོད་ནང་ཡོད་སྟབས། ཁོང་ཚོའི་བདེ་འཇགས་ཐད་བསམ་ཚུལ་ཅི་འདྲ་ཡོད་མེད་དྲིས་པར་ཁོ་མོས། གནད་དོན་དེའི་ཐད། གློག་བརྙན་འདི་ཁྱབ་བསྒྲགས་མ་བྱས་སྔོན་ལ། འཇམ་དབྱངས་ཚུལ་ཁྲིམས་དང་དོན་འགྲུབ་གྱི་ཕ་མ་གཉིས། དེ་བཞིན་ཁོའི་སྤུན་ཉེ་སོགས་དང་གྲོས་བསྡུར་མང་པོ་བྱས་པ་ཡིན། གློག་བརྙན་ནང་གི་མི་སྣ་དེ་དག་གི་བདེ་འཇགས་དང༌། དོན་འགྲུབ་ཀྱི་ཕ་མ་གཉིས་དང་སྤུན་མཆེད། ངའི་མི་ཚེ་གཅིག་གི་བཟའ་ཟླ་ད་ལྟ་རྒྱ་ལག་ཏུ་ཡོད་པ་སོགས་ལ་བསམ་ན། གློག་བརྙན་དེ་འཛམ་གླིང་ལ་ཁྱབ་བསྒྲགས་བྱ་རྒྱུ་སྡུག་བསྔལ་ཆེན་པོ་ཞིག་རེད། འོན་ཀྱང༌། དོན་འགྲུབ་དང་ཁོའི་གྲོགས་པོ་འཇིགས་མེད། དེ་བཞིན་གློག་བརྙན་ནང་གི་མི་སྣ་ཚང་མས་གཅིག་མཚུངས་ཀྱིས་གློག་བརྙན་དེ་འཛམ་གླིང་ལ་ཁྱབ་བསྒྲགས་བྱ་རྒྱུར་འབོད་སྐུལ་ཞུས་འདུག་ལ། དོན་གྲུབ་ཀྱིས་གློག་བརྙན་ཕབ་སྐྲུན་བྱེད་སྐབས་ཀྱང༌། མི་སྣ་དེ་དག་ལ་མོས་མཐུན་ཡོད་མེད་སྐད་ཆ་དྲིས་འདུག ཁོང་ཚོས་༧གོང་ས་མཆོག་གི་སྦྱན་ལམ་དུ་འབུལ་རྒྱུ་དང༌། བོད་པའི་རྩ་དོན་ལ་ཕན་ཐོགས་པ་ཞིག་ཡིན་ན། ང་ཚོའི་སྲོག་འདོར་དགོས་ཀྱང་འཕངས་སེམས་སྤུ་ཙམ་ཡང་མེད་ཅེས་བཤད་འདུག  མོས་མཐུན་མེད་མཁན་རེ་ཟུང་གི་གདོང་པ་མི་མཐོང་བ་བྱས་འདུག དེར་བརྟེན་སེམས་སྡུག་ཁོག་ཏུ་བཟུང་སྟེ། སོ་སོའི་ནང་མི་བློས་གཏོང་མི་བྱེད་ཐབས་མེད་ཆགས་སོང་ཟེར། 

ཡང་ཁོ་མོར་དོན་འགྲུབ་དབང་ཆེན་གྱི་དུས་རྒྱུན་གྱི་སྤྱོད་སྟངས་དང་གཤིས་ཀ་གང་འདྲ་ཡོད་མེད་དྲིས་པར་ཁོ་མོས། དོན་འགྲུབ་ཕ་ཡུལ་ནས་སློབ་གྲྭར་འགྲོ་མྱོང་ཡོད་མེད། སྔོན་མ་རྒྱ་གར་ལ་ཡོང་སྟེ་སུ་ཇ་སློབ་གྲྭར་ཞུགས་ཀྱང་རྒྱུན་རིང་སྡོད་ཐུབ་མེད། སྐབས་དེ་ནས་བཟུང་ཁོས་བོད་དོན་ལ་ལས་ཀ་མང་པོ་ཞིག་བྱས་མྱོང་ཞིང༌། ལས་དོན་འདི་རིགས་ལ་ཁོ་སེམས་གཏིང་ནས་དགའ་སྤྲོ་ཆེན་པོ་ཡོད། རྒྱ་གར་ལ་ཐེངས་ཁ་ཤས་སླེབས་མྱོང་ཡོད། ཁོ་རང་མི་གཞན་ལ་རོགས་རམ་དང་ལས་ཀ་བྱེད་རྒྱུར་དགའ་ཞིང༌། རང་ཉིད་ཀྱི་དངུལ་དངོས་གཞན་ལ་སྟེར་རྒྱུར་ཡང་ཕངས་སེམས་མེད། ཁོང་ལ་ཤེས་ཡོན་མེད་ཀྱང༌། དུས་རྒྱུན་དུ་བོད་ཀྱི་ལ་རྒྱ་དང༌། བོད་ཀྱི་གནད་དོན་བཤད་རྒྱུར་དགའ་ཞིང༌། བོད་དོན་ཆེད་མི་གཞན་ལ་ཁ་རྩོད་དང༌། རྒྱ་རིགས་ཚོར་འཁྲུག་འཛིང་ཤོར་བའང་ཐེངས་གཅིག་མིན། ངེད་གཉིས་བཟའ་སྒྲིག་བྱས་ཏེ་ལོ་ངོ་ ༡༣ སོང་ཡོད་ཀྱང༌། ད་ལྟའི་བར་ཁོས་སོ་སོའི་ཁྱིམ་ཚང་དང་བཟའ་ཟླ་བུ་ཕྲུག་གི་ཆེད་དུ། ཉི་མ་གཅིག་ལ་དཀའ་ལས་བརྒྱབས་པའང་ངས་དྲན་གྱིན་མི་འདུག ངས་སྔོན་མ་ནས་འདི་འདྲ་ཡོང་རྒྱུར་ཚོད་དཔག་བྱས་མྱོང་ཡོད་ལ། ཁོ་ལའང་བཤད་མྱོང༌། སྔོན་མ་ངེད་གཉིས་ལྷ་སར་སྡོད་སྐབས་ཀྱང༌། ང་རང་གཅིག་པུས་ཚོང་ལས་ཙག་ཙིག་རེ་དང༌། མཚམས་རེར་མི་གཞན་ལ་གཡོག་བྱས་ཏེ་འཚོ་བ་བསྐྱལ་བ་ཡིན་ཟེར།

ཡང༌། མོ་རང་སྒེར་ལ་དོན་འགྲུབ་དབང་ཆེན་གྱི་ལས་དོན་འདིའི་ཐད་བསམ་ཚུལ་ཅི་ཡོད་དྲིས་པར་ཁོ་མོས། ལོ་དྲུག་ཅུ་ནས་བདུན་ཅུར་སླེབས་ལ་ཉེ་བའི་དོན་འགྲུབ་ཀྱི་ཕ་ཕ་མ་གཉིས་དང༌། ནར་མ་སོན་པའི་ངེད་གཉིས་ཀྱི་བུ་ཕྲུག་དག་ལ་བསམ་བློ་བཏང་ན། ང་རང་གི་ནང་མི་ཞིག་གྲོངས་སོང་བ་ཡིན་ནའང་འདི་ལས་ལྷག་པའི་སེམས་སྡུག་ཅིག་ཨེ་ཡོད་སྙམ་ཞིང༌། མ་འོངས་པའི་འཚོ་བར་ཡང་སེམས་ཁྲལ་ཆེན་པོ་འདུག འོན་ཀྱང༌། ཐེངས་འདིའི་དོན་འགྲུབ་ཀྱི་གློག་བརྙན་འདི་བརྒྱུད་ནས། ངའི་ཕ་ཡུལ་གཅིག་པུ་མིན་པར་བོད་ས་ཡོངས་ཀྱི་རྒན་གཞོན་ཚང་མས་༧རྒྱལ་བ་རིན་པོ་ཆེར་རེ་སྒུག་བྱས་ཡོད་པ་དང༌། རྒྱ་ནག་ཨོ་ལིམ་ཕིག་ལ་འདོད་པ་མེད་པ། རྒྱ་རིགས་མང་པོའི་གནོན་བཙུར་འོག་སྡུག་བསྔལ་བཟོད་ཀྱིན་མེད་པ་ཧ་གོ་སོང༌། ཆབ་སྲིད་དྲིལ་བསྒྲགས་ཙམ་མིན་པར་བོད་མིའི་སེམས་དོན་ངོ་མ་དེ་ཧ་གོ་སོང༌། རྒྱ་ཆེ་ས་དེ་ཚོར་བསམ་བློ་རེ་བཏང་ན། ཁོ་ལ་སྔོན་ན་སྣེ་ཁྲིད་བྱེད་མཁན་གྱི་ཚོགས་པ་མེད་ལ། རྗེས་ན་རྒྱབ་སྐྱོར་ཞུ་མཁན་གྱི་སྦྱིན་བདག་མེད་པར། སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་གི་བཟའ་ཟླ་བུ་ཕྲུག་དང་ཕ་མ་གཉེན་ཉེ། ཐ་ན་སོ་སོའི་སྲོག་ལའང་མ་འཛེམ་པར་དཀའ་སྡུག་དང་ཉེན་ཁ་བརྒྱུད་དེ། ལས་དོན་འདི་འདྲ་ཞིག་དང་ལེན་བྱས་པ་རེད། ལས་དོན་འདི་ཡང་གསོད་པ་དང་བཏུབ་པ། གཏོར་བ་དང་བཤིག་པ་སོགས་དྲག་སྤྱོད་མ་རེད། བོད་ནང་གི་མི་དམངས་དཀྱུས་མའི་སེམས་ཀྱི་མངོན་འདོད་ངོ་མ་དེ་འཛམ་གླིང་ལ་སྟོན་ཆེད། ཡོད་ཚད་བློས་བཏང་བའི་རླབས་ཆེན་གྱི་བྱ་གཞག་ཞིག་སྒྲུབ་འདུག་སྙམ་སྟེ་སྤོབས་པ་ཡང་འདུག་ཟེར།

ཡང༌། ཁོ་མོར་དོན་འགྲུབ་དབང་ཆེན་གྱི་གནས་སྟངས་ཐད་རོགས་རམ་བྱེད་མཁན་ཡོད་མེད་དང༌། རྒྱལ་སྤྱིར་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་མེད་དྲིས་པར། ང་རང་རྒྱ་གར་ལ་གསར་དུ་འབྱོར་ཞིང༌། དབྱིན་སྐད་དང་རྒྱ་གར་སྐད་གང་ཡང་མི་ཤེས་སྟབས། སྐད་ཆ་འདྲི་ས་དང་འབྲེལ་བ་བྱེད་སའང་མི་ཤེས་ལ། ད་བར་ང་ལ་རོགས་རམ་བྱ་ཟེར་མཁན་ཡང་མ་བྱུང༌། ང་རང་སྒེར་ངོས་ནས་ཐེངས་མང་ཕ་ཡུལ་དུ་ཁ་པར་བཏང་སྟེ། ནང་མིར་སྐད་ཆ་འདྲི་སྐབས་ཁོང་ཚོས་འབྲེལ་ཡོད་རེ་ཟུང་ལ་ལྐོག་རྔན་སྤྲད་དེ་མྱུལ་ཞིབ་བྱས་ཀྱང༌། ནག་ཉེས་ཅི་ཞིག་བཙུགས་ཡོད་པ་དང༌། བཙོན་ཁང་གང་དུ་བཅུག་ཡོད་པ་སོགས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱིན་མི་འདུག་ཟེར། ཅེས་དང༌། ངས་མང་པོ་ཞིག་བཤད་ཤེས་ཀྱིན་མི་འདུག་མོད། རེ་འདུན་ཞུ་རྒྱུ་ཞིག་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག རང་རེ་བོད་གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག་གིས། ངའི་ཁྱོ་ག་དོན་འགྲུབ་དང་ཁོའི་གྲོགས་པོ་འཇིགས་མེད་ཚུད་པའི་བོད་རིགས་ཆབ་སྲིད་བཙོན་པ་ཡོངས་གློད་གྲོལ་དང༌། དེ་མིན་ན། ཁོང་ཚོའི་འཆི་གསོན་གནས་སྟངས་རྒྱ་ནག་གིས་གསལ་བཤད་ཡོང་རྒྱུར་རྒྱབ་རོགས་དང༌། ནུས་པ་འཐོན་པའི་ཕྱག་ལས་ཤིག་གནང་རོགས་ཞེས་གུས་མོས་འབོད་སྐུལ་ཤུགས་དྲག་གིས་ཞུ་རྒྱུ་ཡིན་ཟེར། 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “རླབས་ཆེ་བའི་བོད་སྐྱོད་པ་དང༌། ཁོའི་ཆུང་མ།

  1. འབྲོག་རུ་ཆོས་གྲགས།

    གོང་ནས་བཤད་པའི་གློག་བརྙན་དེ་མཐོང་ན།

    ངོ་མ་ཞེ་སྡུག་ནི་ཞིག་རེད། སེམས་སྨྲེང་ནི་ཞིག་རེད། བོད་ནང་གི་རྒན་རྒོན་ཚོས་བརྙན་འཕྲིན་ནང་གི་ྋགོང་ས་མཆོག་ལ་དད་ཕྱག་འབུལ་ཚུལ་དང་ཁོང་གི་སྐུ་པར་ལྐོག་བཤམས་བྱས་སྟངས་དེ་ཚོ་འཛམ་གླིང་གི་མཐོང་ནས་ཚང་མ།

    ཧང་སངས་སོང༌།
    ཧོན་འཐོར་སོང༌།
    རྒྱག་གི་ཁ་བཤད་དང་ལག་ལེན་གཉིས་ཀྱི་ཧེ་བག་ལ།

    ཡིན་ན་འང་ཆོས་ལུགས་ཀྱི་ངོས་ནས་བཤད་ན་འདི་ལས་རེད་ཟེར།

    ཆབ་སྲིད་ཀྱི་ཐད་ནས་བཤད་ན་འདི་ཚོང་རེད་ཟེར།
    གང་ལྟར་ཡང༌།

    གང་ཡིན་རུང་མི་དམངས་རྣམས་ཆོས་སྲིད་གཉིས་ཀྱི་པར་ན་ཚོང་ལས་ཀྱི་འགྲོ་བཞིན་འདུག
    ཡིན་ན་འང༌།
    བོད་ནང་གི་སེམས་ཀྱི་མིག་ཆུ་གཟིགས་ལམ་ནས་འཛམ་གླིང་ལ་སྟོན་མཁན་དོན་འགྲུབ་དབང་ཆེན་དང་འཇིགས་མེད་གཉིས་ལགས།
    ད་སྐབས་ཁྱེད་གཉིས་ཀྱི་ཚེ་སྲོག་མེ་མདའི་ཁ་ན་ཡོད་རུང༌། གཟི་བརྗིད་ཡིན།

    ཁྱེད་གཉིས་ཀྱི་སྐུ་གཟུགས་མུན་པའི་ཁྲིམས་ན་ཡོད་རུང༌། རླབས་ཆེན་ཡིན།

    འདི་མ་བརྗེད་པར་གྱིས།