བཀུར་འོས་པའི་སྐུ་ཞབས་སྒྲོལ་མ་སྐྱབས། དང་པོ།

འོད་ཟེར་གྱིས་བརྩམས། གཟུངས་ཕྱུག་སྐྱིད་ཀྱིས་བོད་བསྒྱུར་བྱས། རྡ་ས 

       
    བོད་ཀྱི་ལོ་རྒྱུས་ཀྱིས་ཁོ་ལ་དྲན་གསོ་ཞུ་ངེས། ཁོ་ནི་གངས་ལྗོངས་གདངས་སུ་གྱེར་བའི་འགྱུར་ཁུགས་ངོ་མ་ཞིག་རེད།   ང་ཚོས་འཇགས་ཐབས་བྲལ་བའི་སེམས་ཀྱི་ཟུག་གཟེར་དང་ལྷན་དུ་ཁོ་རང་འབྲི་འོས། ཁོང་གི་ཉམས་པ་མེད་པའི་མི་རིགས་ཀྱི་སྙིང་སྟོབས་དང༌། གནའ་བོའི་ཞི་ལའི་བསམ་བློ་བ་ལྟར་བྲིས་པའི་རྩོམ་ཡིག དེ་མིན་མི་ལོ་བཅུ་དང་ཕྱེད་ཀའི་ཁྲིམས་ཆད་ཁུར་བའི་དཀའ་སྡུག་གི་བྱུང་རིམ་བཅས་ལས། རྒྱ་ནག་གི་རིག་གནས་སློབ་གསོའི་འོག་བཅུག་པའི་བོད་མི་ཞིག་གི་ཁྱད་འཕགས་རང་བཞིན་གྱི་རྟོགས་སད་དང་འཚོལ་ཞིབ་གསལ་སྟོན་བྱས་ཡོད། གཞན་ཡང་བོད་མི་མང་པོ་ཞིག་གིས་ཁོ་རང་ཤེས་རྟོགས་བྱ་བཞིན་མེད་ཀྱང་སྲིད་པས། ངས་ཆེད་དུ་ཁོ་རང་ངོ་སྤྲོད་ཅིག་བྱེད་འདོད་བྱུང་སོང༌། ཡིན་ནའང་རྒྱུས་མངའ་ཉུང་བས་རྐྱེན་གྱིས་ལོ་རྒྱུས་རགས་བསྡུས་ཙམ་འགོད་པར་ཞུ།  ཕ་ཡུལ་ཨ་མདོར་སྐྱེས་པའི་འབྲོག་ཕྲུག་འདིས་ཀྲུང་གོའི་ལོ་རྒྱུས་ས་ཁམས་ཞིབ་འཇུག་གི་གནས་སྟངས་ལ་རྒྱུས་ལོན་བྱ་ཆེད་དམ། ཡང་ན་བོད་རང་ལ་ལོ་རྒྱུས་ས་ཁམས་ཐད་ཞིབ་འཇུག་བྱེད་པའི་བདག་དབང་མེད་པ་སོགས་ཀྱི་འགྱུར་འགྲོས་མང་པོ་ཞིག་ཤེས་རྟོགས་བྱ་ཆེད། མིང་གྲགས་ཆེ་བའི་རྒྱ་ནག་མཐོ་རིམ་སློབ་གྲྭ་སྟེ། པེ་ཅིན་སློབ་གྲྭ་ཆེན་མོའི་ཁང་བརྩེགས་འོག་མར་ལོ་ངོ་གསུམ་གྱི་དཀའ་སྡུག་འོག་ནས་རང་གི་འོས་འགན་ལ་གྲུབ་འབྲས་བླངས་པའི་བོད་མི་ཞིག་རེད་ལ། གོ་ཐོས་ལྟར་ན་འབྱོར་བ་ཞན་ཞིང་སྙིང་རུས་ཆེ་བའི་སྒྲོལ་མ་སྐྱབས་དབྱིན་ཡིག་གི་སྐར་གྲངས་ཙམ་མ་ལོངས་པར་བརྟེན། པེ་ཅིན་ཞིབ་འཇུག་སློབ་མར་ཡིག་རྒྱུགས་མ་འཕྲོད་ནའང༌། ལོ་རྒྱུས་ས་ཁམས་རིག་པའི་དགེ་རྒན་ཞིག་གི་བཀའ་དྲིན་ལས། དེ་རུ་ཟུར་ཞུགས་བྱས་ཏེ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་མཁན་ཞིག་རེད་ཟེར། ཁོས་མཚོ་སྔོན་དགེ་འོས་སློབ་ཆེན་འདོན་སྐབས་སུ་ད་གཟོད་རྒྱ་ཡིག་ཐོག་མར་སྦྱང་སྐད། ངས་ད་དུང་ཁོང་དང་ཁོང་གི་གཏམ་རྒྱུད་ཅིག་གོ་མྱོང་སྟེ། གྲང་ངར་ཆེ་བའི་དགུན་ཁའི་གུང་གསེང་ཞིག་ལ། པེ་ཅིན་སློབ་ཆེན་གྱི་སློབ་མ་ཚང་མ་ཕྱིར་རང་ཡུལ་དུ་ལོག་སོང༌། སྐབས་འདིར་རླངས་འཁོར་གྱི་གླ་རིན་ཙམ་ཡང་མེད་པའི་སྒྲོལ་མ་སྐྱབས་གཅིག་པུ་ཤུལ་དུ་ལྷག་ནས་དཔེ་ཆར་སྦྱང་བརྩོན་མཛད། དཔེ་ཆ་ཀློག་པ་ཙམ་གྱིས་ཁོའི་འཚོ་བའི་ལྟོགས་སྐོམ་རེ་རེ་སེལ་མི་ཐུབ་པའང་དོན་དངོས་ཡིན་ལ། བར་སྐབས་དེ་འདྲ་ཞིག་ལ་ཡང་ཁོང་གིས་ཆེས་ཉུང་བའི་གོ་རྡོག་རེ་རེ་ཡིས་འཚོ་བའི་ཉིན་ཞག་རེ་རེ་ཕར་བསྐྱལ་ཐུབ་བྱས། ཨ་མདོའི་ལོ་གསར་གྱི་གནམ་གང་དགོང་མོར། ཁོར་ཕ་ཡུལ་གྱི་གྲོགས་པོ་ཞིག་གིས་ཁ་པར་འབྱོར། འདི་ལྟར་ལྟོགས་སྐོམ་དང་དཀའ་སྡུག་མང་དུ་མྱང་བཞིན་པའི་སྒྲོལ་མ་སྐྱབས་ཀྱིས་བཤད་རྒྱུར། མདང་དགོང་ཁོས་ལུས་པོ་གཙང་མ་ཞིག་བཀྲུས་རྗེས། ༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་གྱི་མདུན་དུ་གདུག་སྤོས་རྐང་ཞིག་ལ་མེ་བསྒྲོན་ཏེ། ཕྱག་གསུམ་འཚལ་དུས་སུ་རང་དབང་མེད་པར་ཡིད་སྐྱོ་བའི་ངང་མིག་ཟུང་ནས་མཆི་མ་ཤོར་ཞིང༌། དེ་ལྟར་མཚན་གང་བོར་ཁོ་རང་གཅིག་པུ་ངུས་པ་ཡིན་ཟེར།   

        ཡང་བསྐྱར་ཁོང་གི་ངོ་སྤྲོད་མདོར་བསྡུས་ཤིག་ཁ་གསལ་དུ་བཀོད་ཡོད་པ་འདི་ལྟར། སྒྲོལ་མ་སྐྱབས། ༡༩༧༦ལོར་མདོ་སྨད་ཨ་རིག་ཞེས་པའི་རུ་སྡེ་དེར་ཕ་མཁས་བཙུན་དང་མ་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས། དེང་གི་མཚོ་སྔོན་ཞིང་ཆེན་གྱི་མཚོ་བྱང་ཁུལ་ཏོའོ་ལན་རྫོང་གི་སྡེ་ཚོ་ཞིག ཁོ་ནི་མིང་སྲིང་ལྔ་ཡོད་པའི་གྲས་ཀྱི་བཞི་པ་རེད། ༡༩༩༥ལོར་སློབ་འབྲིང་མཐར་ཕྱིན་རྗེས། མཚོ་སྔོན་དགེ་འོས་སློབ་ཆེན་དུ་ཞུགས། སློབ་མཐར་ཕྱིན་རྗེས་ཕྱིར་ཏོའོ་ལན་རྫོང་དུ་སོང་ནས་སློབ་འབྲིང་ཞིག་གི་དགེ་རྒན་བྱས། དེའི་རྗེས་སུ་པེ་ཅིན་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སྡེ་ཁག་ནས་སློབ་སྦྱོང་བྱས། ༢༠༠༣ལོར་ལམ་བར་གྱི་དཀའ་ངལ་དུ་མ་མྱང་བཞིན་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལར་འབྱོར་ཏེ། བཙན་བྱོལ་བོད་གཞུང་གིས་བཙུགས་པའི་ཤེས་རབ་དགའ་ཚུལ་སློབ་གླིང་ནས་དབྱིན་ཡིག་སྦྱང་ཞོར་དུ། ཁོས་བྲིས་པའི<<ལྷིང་འཇགས་མེད་པའི་རི་བོ་ཧི་མ་ལ་ཡ>>ཞེས་པའི་དཔེ་དེབ་དེ་བྲིས་ནས་མཇུག་རྫོགས། ༢༠༠༤ལོའི་ཟླ་༥པའི་ནང་ཕྱིར་བོད་དུ་སོང་ནས་ལྷ་སར་སློབ་འབྲིང་ཞིག་གི་ལོ་རྒྱུས་དགེ་རྒན་བྱས། ༢༠༠༦ལོའི་ཟླ༣པའི་ནང་ཁོས་བརྩམས་པའི<<ལྷིང་འཇགས་མེད་པའི་རི་བོ་ཧི་མ་ལ་ཡ>>ཞེས་པ་དང་གསར་དུ་འབྲི་བཞིན་པའི་བོད་ཀྱི་ལོ་རྒྱུས་ས་ཁམས་ཞེས་པ་གཉིས་བྲིས་པའི་ཉེས་མིང་འོག་ལྷ་ས་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་གསང་བའི་སྒོ་ནས་་རྒྱལ་ཁབ་ངོ་ལོག་པ་ཞེས་པའི་ཉེས་མིང་འོག་ལོ་ངོ་བཅུ་དང་ཕྱེད་ཀྱི་ཁྲིམས་ཆད་བཅད་དེ། ལྷ་སའི་ཉེ་འཁོར་གྱི་ཆབ་སྲིད་བཙོན་མ་འཇུག་སའི་ཁྲིམས་ཁང་ཞིག་ཏུ་བཅུགས།  ༢༠༠༧ལོའི་ཟླ་༧པའི་ནང་ཕྱིར་མཚོ་སྔོན་དུ་ཁྲིད་ནས་ཟི་ལིང་གྲོང་ཁྱེར་གྱི་ངལ་རྩོལ་བསྒྱུར་བཀོད་བཟོ་གྲྭར་དུས་བཀག་བཙོན་འཇུག་བྱེད་བཞིན་ཡོད་ལ། ན་ཚ་ལྕི་མོ་ཞིག་ཀྱང་བྱུང་ཡོད་སྐད།

    ས་བཅད༥༧དང་ཡིག་འབྲི་ཁྲི༡༨ལྷག་ཡོད་པའི་སྒྲོལ་མ་སྐྱབས་ཀྱི་རྩོམ་དེབ་<<ལྷིང་འཇགས་མེད་པའི་རི་བོ་ཧི་མ་ལ་ཡ>>ཞེས་པའི་ནང་གི་བརྗོད་དོན་མི་འདྲ་བའི་འབོལ་རྩོམ་དེ་དག་རེ་རེ་བཞིན་ཀློག་དུས་སུུ། གནད་དུ་འཁེལ་བའི་ཁ་བྱང་རེ་རེ་འགོད་སྟངས་དང་རིག་པའི་རྣམ་དཔྱོད་བཅས་ནི་ཅི་འདྲའི་བློ་ཡུལ་དུ་མི་ཤོང་བ་ཞིག་རེད་ཨང༌། དཔེར་ན། ས་བཅད་རེ་རེ་ནི་འདི་ལྟར་བོད་ཀྱི་ལོ་རྒྱུས་ས་ཁམས་ཀྱི་མཚན་ཉིད། ཆོལ་ཁ་གསུམ་གཅིག་གྱུར་གྱི་འཐབ་ཕྱོགས། བདག་དབང༌། དམངས་གཙོའི་དབུ་འཛུགས། ཀྲུང་གོའི་ཆབ་སྲིད་ཀྱི་ངོ་བོ། བོད་ཀྱི་རང་སྲིད་བདག་དབང༌། དབང་བསྒྱུར་རང་ལུགས། མི་རིགས་རིང་ལུགས། གུང་ཁྲན་རིང་ལུགས་འོག་གི་བོད། བོད་ཀྱི་དངོས་བྱུང་ལ་བསྐྱར་དྲན་བྱེད་པ། ནག་ཉེས་ཅན་གྱི་སྲིད་དབང༌། གུ་ཡངས་ཁྲོད་ཀྱི་འཐབ་རྩོད། སྤྲུལ་སྐུའི་འགན་འཁྲི། བོད་ཀྱི་མདུན་སྐྱོད་དང་ཉེན་ཁ། མི་རབས་གསར་པའི་བོད་མི་སོགས་ཀྱིས་མཚོན་པའི་བརྗོད་དོན་རེ་རེ་དང་དེའི་ནང་དུ་འདུས་པའི་བསམ་བློ་དང་བརྩེ་སེམས། ལྷག་པར་དུ་ཁོའི་ཕུལ་དུ་བྱུང་བའི་རྒྱ་ཡིག་གི་བྱང་ཆ་དང༌། རྗོད་བྱེད་ཚིག་གི་འབྲི་རྩལ་བཅས་ལ་ང་རང་ཧ་ལས་སོང༌། བརྩམས་ཆོས་དེ་དག་ཀློག་རྗེས། ངས་རྩོམ་ཡིག་དེའི་མ་ཕྱི་སྐུར་མཁན་གྱི་གྲོགས་པོར་འདི་ལྟར་བཤད་པ་ཡིན། ཁོང་གི་རྒྱ་ཡིག་གི་ཤེས་ཚད་དེ་འདྲ་ཞིག་ཡིན་པ་ངའི་ཡིད་ལའང་འཁོར་མྱོང་མེད། ཁོང་གིས་བྲིས་པའི་ཡིག་འབྲི་རེ་རེ་ལས་གནའ་རབས་གཞུང་ལུགས་པ་དག་གི་བསམ་བློ་དང་དཔྱོད་ཤེས་ཀྱི་རང་བཞིན་མངོན་བྱུང་བ་མ་ཟད། མེ་ལྕེ་ལྟར་འབར་བའི་ཚོར་འདུ་དྲག་པོ་དེ་ལས། ཁོ་ནི་རླབས་ཆེ་བའི་གནའ་བོའི་སྙན་ངག་པ་ཞིག་གི་སྐྱོ་སྡུག་གི་ཚོར་བས་བོད་ཀྱི་བདེ་སྡུག་དབྱངས་སུ་གྱེར་བ་དང་ཀུན་ནས་མཚུངས། ཁོང་གིས་ང་ཚོའི་ལོ་རྒྱུས་ཀྱི་བདག་དབང་ལ་འོད་སྟོང་འཕྲོ་བར་བྱས་ཤིང༌། ད་ལྟའི་ཉམས་རྒུད་དུ་འགྲོ་བཞིན་པའི་ང་ཚོའི་བདག་དབང་གི་སྡུག་བསྡལ་དེ་ཡང་མཚོན་པར་བྱས་ཡོད་པས། དེ་ནི་བོད་ཀྱི་སྙན་ངག་གི་ལོ་རྒྱུས་ནང་ངེས་པར་དུ་འགོད་འོས་པ་ཞིག་རེད། དེ་བཞིན་དུ་ང་ཚོས་རང་ཉིད་ཀྱིས་རང་ཉིད་སྐྱོབ་དགོས་པའི་གནས་ལུགས་དེ་རྟོགས་དགོས་ལ།  ཁོང་གི་རེ་བ་དེ་ཉིད་མངོན་འགྱུར་བྱ་རྒྱུར་འབད་བརྩོན་བྱེད་དགོས་པ་ཡང་ཧ་ཅང་གལ་ཆེན་རེད།

    དཔེར་ན་ཁོས་བྲིས་པའི་བོད་ཀྱི་མདུན་སྐྱོད་དང་ཉེན་ཁ་ཞེས་པའི་མཇུག་ཏུ་འདི་ལྟར་བྲིས་ཡོད་དེ།  ད་ལྟའི་དུས་སྐབས་འདི་འདྲ་ཞིག་ལ། ང་ཚོས་འདས་ཟིན་པའི་ལོ་རྒྱུས་དག་ལ་དྲན་གསོ་མ་བྱས་ན། མིག་སྔའི་དཀའ་སྡུག་དང་གནོན་ཤུགས་དག་གིས་མ་འོངས་པར་ང་ཚོ་འཆི་ལམ་དུ་འདེད་རྒྱུ་ཡང་གཞོལ་དུ་མེད་པའི་ལམ་ཁ་ཉག་ཅིག་རེད། དེ་བས་ད་ལྟའི་གོ་སྐབས་འདི་ང་ཚོས་གཙིགས་ཆེན་དུ་མ་བཟུང་ན། རྗེས་སུ་ང་ཚོར་གཅིག་གྱུར་རང་བཞིན་གྱི་ནུས་པ་ཞིག་ཡོང་མི་སྲིད་ལ། རང་གི་བསམ་བློའི་འདུ་ཤེས་ལ་བརྟེན་ནས་རང་ཉིད་ལ་ཚད་ལྡན་གྱི་སྤྱི་ཚོགས་ཁོར་ཡུག་ཞིག་བསྐྲུན་རྒྱུ་ཧ་ལམ་ཁག་པོ་ཞིག་རེད། མིག་སྔར་འབྱུང་བཞིན་པའི་བྱ་དངོས་དག་ང་ཚོས་ད་ལྟའི་རང་ཉིད་གསར་སྐྲུན་གྱི་སྒུལ་ཤུགས་སུ་མ་བཞག་ན། ཉམས་རྒུད་དང་ལྷོད་ཡངས། ཡང་ན་ཤེས་མེད་ཚོར་མེད་དུ་གནས་པའི་ང་ཚོས་རང་ཉིད་ཀྱི་དབུགས་རྒྱུན་བཀག་བྱེད་ཀྱི་ལྕེབ་ཐག་དེ་རང་ཉིད་ལ་བསྐོན་རྒྱུ་ཡང་མངོན་གསལ་དོད་པོ་རེད། སྣང་ཚུལ་འདིའི་རིགས་ནི་ངས་དེ་སྔའི་བོད་པའི་སྤྱི་ཚོགས་ཁྲོད་ནས་མང་དུ་མཐོང་མྱོང༌། ཡིན་ནའང་དགའ་འོས་པ་ཞིག་ལ། དེ་ལྟར་ཉམས་རྒུད་དང་ལྷོད་ཡངས་ཀྱི་ཕྱོགས་སུ་འགྲོ་བཞིན་པ་དག་ནི་ཆེས་ནུས་མེད་དང་བླ་འཚོང་གི་བོད་མི་སྐོར་ཞིག་ལས་ཡོངས་རྫོགས་མ་རེད། ཡང་གཅིག་བཤད་ན་རུལ་སུངས་ཀྱི་ནད་གཞི་དྲག་པོ་འདིས་མ་ཟིན་པའི་བོད་མི་མང་པོ་ཞིག་གིས་རང་ཉིད་ཀྱི་འཚོ་བའི་གྲུབ་ཆ་དེ་གསལ་བོར་ངེས་འཛིན་བྱས་ཡོད་ལ། དེ་ཙམ་ལ་ཡང་རྒྱུས་ལོན་བྱ་མི་ཐུབ་པ་དག་ནི་བྱིས་པའི་ཚོར་ཉམས་རིམས་ནད་ལྟ་བུས་ཟིན་ཡོད་པའི་ནད་པ་སྐོར་ཞིག་ཡིན་པས། ང་ཚོས་ཆེད་དུ་དེ་དག་ལ་ལྟ་རྟོགས་བྱེད་པའི་སྨན་པ་བཏང་ནས་ནད་བཅོས་གང་ལེགས་བྱེད་དགོས། གཞན་ཡང་ང་ཚོར་གནད་དོན་གཞན་ཞིག་ཡོད་པ་ནི་སེམས་ཁམས་ཀྱི་ནད་རྙིང་ཞིག་སྟེ། བོད་མི་མི་མང་པོ་ཞིག་གིས་བོད་ཀྱི་འབྱུང་འགྱུར་ནི་ཧ་ཅང་གིས་མག་མོག་ཞིག་རེད་སྙམ་པའི་ལྟ་ཚུལ་དེ། ཡང་དག་པ་ཅིག་ཏུ་བསམ་གྱིན་ཡོད་པ་མ་ཟད། ད་ལྟའི་བོད་ཟེར་བ་འདི་ཡང་ལོ་རྒྱུས་ཀྱིས་བཞག་པའི་མཐའ་མཇུག་གི་ཤུལ་རྗེས་ཙམ་དུ་གོ་མཁན་ཡང་ཡོད། དེ་དག་ནི་མ་འོངས་པར་ང་ཚོ་རང་ཉིད་ལ་དོགས་སློང་དང་ཡིད་ཆད་སྐྱེས་པའི་འབྱུང་རྩ་གཙོ་བོ་ཡིན།  དངོས་ནས་བཤད་ན། དེ་ནི་ལྟ་ཚུལ་ཡང་དག་མ་ཡིན་ཏེ། ཕྱོགས་གཅིག་ཙམ་ཁོ་ནར་ཅེར་ནས་བྱ་དངོས་ཀྱི་བདེན་རྫུན་འབྱེད་པའི་བསམ་ཚུལ་ཕྱེད་ཀ་ཙམ་རེད། ང་ཚོས་བསམ་བློ་ཞིབ་ཏུ་གཏོང་དགོས་ལ། དཔྱོད་ཤེས་ཀྱི་ལམ་ནས་བསམ་གཞིགས་མང་དུ་བྱས་ན། ད་གཟོད་དཔག་དཀའ་བའི་བྱ་དངོས་གང་ཞིག་ཡིན་ཡང་དེའི་ངོ་བོ་དང་རྣམ་པ་གསལ་པོར་ཕྱི་རུ་མངོན་ཡོང་བ་མ་ཟད། དེ་ནི་མིའི་བསམ་བློས་ཕྱི་རོལ་ཡུལ་གྱི་བྱ་དངོས་ངོས་འཛིན་བྱེད་པའི་ཐབས་ལམ་ཡག་པོ་ཞིག་རེད་ལ།  ད་དུང་གསོན་ཤུགས་རྒྱས་པའི་གངས་ལྗོངས་ཤིག་ཀྱང་ཡང་བསྐྱར་བཞེངས་བསྐྲུན་བྱེད་ན། ངར་སེམས་དང་སྟོང་བཤད་ཀྱི་སྐུལ་འདེད་ཙམ་ལ་བརྟེན་ནས་བཞེངས་སྐྲུན་བྱེད་ཐུབ་པ་ཞིག་མ་ཡིན་པར། དེ་ནི་བོད་མི་རང་ཉིད་ཀྱི་བསམ་བློའི་སྟོབས་ཤུགས་ལ་བརྟེན་ནས་བཞེངས་སྐྲུན་བྱེད་དགོས་པའང་ཤེས་དགོས། འདི་ལྟར་དཔྱོད་ཤེས་ཀྱི་རིག་པ་རྩལ་དུ་སྤྲུགས་ནས་བསམ་བློ་མང་དུ་བཏང་བ་ཡིན་ན། ང་ཚོར་གཞན་གྱིས་མགོ་སྐོར་གཏོང་བའི་ཕམ་ཉེས་དེ་ཙམ་གྱིས་ཉུང་དུ་གཏོང་ཐུབ་ལ། རང་ཉིད་དང་བྱ་དངོས་གཞན་དག་བར་གྱི་རྒྱུས་ལོན་ཡང་ཁ་ཕྱོགས་ཡངས་པ་ཞིག་ཏུ་འཕེལ་ཐུབ་པས། ནམ་ཞིག་གི་ཚེ་ང་ཚོས་མཐོང་དགོས་པའི་སྣང་ཚུལ་མང་པོ་ཞིག་མཐོང་བར་འགྱུར་ལ། སྐབས་དེར་ཐོན་དུས་གནད་དོན་གང་ཞིག་ཐག་གཅོད་བྱས་ཀྱང་ཅུང་སྟབས་བདེ་ཡིན། དེ་དུས་བོད་མི་ཡོངས་རྫོགས་བོད་ཀྱི་ལས་དོན་ལ་འཛུལ་ཞུགས་བྱས་ཏེ། ད་གཟོད་རང་ཉིད་ལ་ཐོབ་འོས་པའི་ཁེ་དབང་གི་རྒྱལ་ཕམ་བརྩོན་ལེན་བྱེད་ཐུབ།  ཞེས་བཀོད་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply