དགེ་སློབ་ཀྱི་བརྩེ་བ།

 

སྟོན་པ་ཤཱཀྱ་ཐུབ་པ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་རྒྱ་གར་མི་ཞིག་ཡིན་ལ། མེས་བོ་དམ་པ་གྷན་དྷིའི་མཆོག་ཀྱང་རྒྱ་གར་བ་གྲུང་གྲུང་ཞིག་རེད། རྒྱ་གར་བ་ནི་ང་ཚོའི་བོད་པ་ཚོའི་དགེ་རྒན་ཡིན།

ཚེས་ ༡༦ ཉིན་ནི་རྒྱ་གར་སྤུན་ཟླའི་ཉིན་མོ་ཡིན་ལ། དབུས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་གྱི་ས་གནས་གནད་ཡོད་མི་སྣ་ཚོ་དང་ལྷན་དུ་ཐེག་ཆེན་གཙུག་ལག་ཁང་དུ་དུས་ཆེན་འདི་སྲུང་བརྩི་བྱས་ཡོད་པ་རེད། དེ་ནི་ཡུལ་མིའི་བར་གྱི་འབྲེལ་བ་ཇེ་བཟང་དང༌། རྒྱ་གར་བས་བོད་མི་རིགས་ཀྱི་རྩ་དོན་ཐད་སྔར་ལས་ལྷག་པའི་རྒྱབ་སྐྱོར་དང་དོ་སྣང་ཡོང་སླད་རེད་འདུག  ཉིན་འདིར་དབུས་བུད་མེད་ལྷན་ཚོགས་ཀྱིས་གསལ་བསྒྲགས་སུ་སྤེལ་དོན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནི་ས་སྐྱེས་རྡོ་སྐྱེས་ཀྱི་རྒྱ་གར་བ་ཞིག་ཡིན་ལ། ང་ཚོ་བོད་པ་ཡོངས་རྫོགས་ཀྱིས་རང་ཉིད་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པར་བཀུར་ཐོག་ད་ཆ་ཁོང་ཉིད་ཀྱི་དགོངས་པ་ཡང་དག་རྒྱུད་འཛིན་བྱེད་མཁན་ཡང་བོད་མི་ཡིན། དེར་མ་ཟད་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷིའི་འཚེ་བ་མེད་པའི་ལྟ་གྲུབ་ལ་གཞི་བཅོལ་ཏེ་བོད་མིའི་དཀའ་ངལ་སེལ་བར་རྩོད་ལེན་བྱེད་ཀྱི་ཡོད་པས་ན། རྒྱ་གར་བ་ནི་ང་ཚོའི་འཚེ་བ་མེད་པའི་དགེ་རྒན་ཡང་དག་ཅིག་དང༌། བརྩེ་སེམས་ཆེ་བའི་གཅེན་པོ་ཞིག་ཏུ་བརྩི་གིན་ཡོད། དེ་བས་སྤུན་ཟླ་རྒྱ་གར་བ་ཁྱེད་ཚོས་ཀྱང༌། བོད་མི་ང་ཚོའི་སྤུན་ཟླ་ཚོ་རྒྱ་ནག་གི་དྲག་གནོན་འོག་ཡོད་པའི་གནས་སྟངས་སྐྱོ་བོ་འདིར་དགོངས་བཞེས་ཐོག་གང་ཅིའི་མཐུན་འགྱུར་དང༌། བདེན་པར་རྒྱབ་སྐྱོར་སྔར་ལས་ལྷག་པ་གནང་རོགས་ཞུ། ཞེས་འཁོད་ཡོད་པ་རེད།

    ཡང་རྡ་ས་ས་གནས་བུད་མེད་ཀྱི་འགན་འཛིན་སྐལ་བཟང་གཡུ་སྒྲོན་གྱིས་གསུངས་དོན། འདི་ལྟ་བུའི་རྒྱ་གར་གྱི་སྲོལ་རྒྱུན་དུས་ཆེན་ཁག་སྲུང་བརྩི་བྱས་པ་ཡིན་ན།  རྒྱ་གར་ཡུལ་མིའི་འབྲེལ་བ་བཟང་དུ་གཏོང་ཐུབ་ལ། བོད་ཀྱི་གནས་སྟངས་ཛ་དྲག་ཡིན་པས་ང་ཚོས་རྒྱུད་ལམ་མང་པོ་ནས་རྒྱ་གར་གྱི་རྒྱབ་སྐྱོར་ཡང་ཐོབ་ཐབས་བྱེད་དགོས་པ་དང༌།  རྒྱ་གར་ནི་ད་ལྟའི་བོད་ཀྱི་འཐབ་རྩོད་ལམ་འདིའི་དགེ་རྒན་ངོ་མ་དེ་ཡང་ཡིན། ཞེས་གསར་ལམ་ཁག་ལ་འགྲེལ་བ་གནང་འདུག

    དུས་ཆེན་འདི་ནི་རྒྱ་གར་གྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ལ། ཉིན་འདིར་རྒྱ་གར་བུད་མེད་ཚོས་རང་གི་གཅེན་པོ་ཚོར་སྨོན་ཚིག་དང་ལེགས་སྐྱེས་སུ་ལག་པར་སྐུད་པ་འདོག་སྲོལ་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply