བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༢༢ སྟེང་གི་རྩོམ་སྒྲིག་པའི་གཏམ།
བོད་མིའི་མགོ་ཐོག་ལ་ལྷུང་བའི་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ཕན་ནས། ང་ཚོས་གོ་ལ་གཅིག་གྱུར་གྱི་དཀའ་ངལ་ལ་གདོང་ལེན་བྱེད་དགོས། གཅིག་གྱུར་ཆེན་པོ་འདི་གཉིས་ནི་སྔོན་བསག་གི་ལས་དབང་ལྟར་གཡོལ་ས་མེད་ལ། ཞུ་སའང་མེད་པར་ང་ཚོའི་མི་འདོད་པའི་གཞི་དེར་སྨིན་གི་ཡོད། ལྗིད་ཁོག་འདི་གཉིས་ཀྱིས་བོད་དོན་འཐབ་རྩོད་ལ་ཁ་ཕྱོགས་བྲིས་ཤིང་བཟོ་ལྟ་བཏོད་ཀྱི་ཡོད་པའང་ང་ཚོའི་ཁ་ཐོག་མིག་ཐོག་ལ་ཤར་གི་ཡོད།
༧གོང་ས་མཆོག་ནི་གཅིག་གྱུར་ཆེན་པོ་འདི་གཉིས་ཀར་ཞལ་བཞེས་དང་རྒྱབ་སྐྱོར་གནང་མཁན་སྔ་ཤོས་ཀྱི་གྲས་ཡིན། བོད་ཀྱི་ཆབ་སྲིད་ཀྱི་བདག་དབང་དང་རིག་གཞུང་གི་རང་དབང་གང་བརྩད་ཀྱང་མཐའ་མཇུག་བདེན་ཁ་སྟེར་དགོས་སའང་གོང་གི་གཅིག་གྱུར་ཆེན་པོ་འདི་གཉིས་ཡིན། ཉིན་ཤས་སྔོན་༧གོང་ས་མཆོག་གིས་ཨོ་ལིམ་པིག་མཇུག་སྒྲིལ་མ་ཐག་རྒྱ་མིའི་མི་འབོར་ས་ཡ་གཅིག་ལྷག་གང་མགྱོགས་སྒོས་བོད་དུ་གཞིས་སྐྱོད་བྱེད་པའི་ཉེན་ཁ་འདུག་ཅེས་ཧྥ་རན་སི་ནས་གསུངས་ཡོད། ལར་ནས་རྒྱལ་སྤྱིའི་ཆེད་ལས་ཉམས་ཞིབ་པ་ལྟར་ན། ད་ལྟའི་ཆར་འཛམ་གླིང་གི་མི་འབོར་ས་ཡ་ ༢༠༠ ལྷག་སོ་སོའི་ལུང་པ་མིན་པའི་ཡུལ་ལུང་གཞན་དུ་ཡོད་པ་དང་། ཁོང་ཚོའི་ཕལ་ཆེ་བ་ནི་ཡུལ་ལུང་གཞན་དེར་གནས་བཅའ་འདོད་ཡོད་པ་རེད་ཟེར་ལ། འདི་ལས་ལྷག་པའི་གྲངས་འབོར་ཞིག་འགྲོ་ཐུབ་པ་ཡིན་ན་ཡུལ་ལུང་གཞན་ལ་སྙེག་མཁན་ཡིན་ཡང་། འོན་ཀྱང་། ད་ལྟའི་ཆར་འགྲོ་ཐུབ་གི་མེད་པ་རེད་ཟེར། སྣང་ཚུལ་འདི་དག་གིས་མ་འོངས་པ་དེ་ད་ལྟ་ནས་ང་ཚོའི་མིག་མདུན་ལ་འཁྱེར་ཡོང་གི་ཡོད། བོད་མིའི་བདག་དབང་ཤོར་བའི་རྗེས་སུ་གོ་ལ་གཅིག་གྱུར་གྱི་ནུས་ཤུགས་དང་མི་འབོར་གནས་སྤོར་གྱིས་ང་ཚོའི་རིག་གཞུང་རང་སྐྱོང་ལའང་ད་ལྟ་ནས་ལྗིད་ཁོག་དེ་སྤྲོད་ཀྱི་ཡོད།
དབུ་མའི་ལམ་གྱི་སྲིད་བྱུས་ལ་དངོས་ཤུགས་བརྒྱུད་གསུམ་ནས་འགྱུར་བ་ཐེབས་ཡོད་མེད་གང་ལྟར་ཡང་། བོད་དོན་གླེང་མཁན་ཚོས་༧གོང་ས་མཆོག་གིས་ཡོངས་བསྒྲགས་མ་བྱས་པའི་སྔོན་དུ་ཁོང་གི་བོད་དོན་ཐག་གཅོད་ཀྱི་མཐའ་མའི་འབབ་ས་དེ་གླེང་མགོ་བཙུགས་ཡོད། ལར་ནས་ཀྱང་། དབུ་མའི་ལམ་གྱི་སྲིད་བྱུས་ནི་ཆབ་སྲིད་ཀྱི་དཀའ་རྙོག་ཆེན་པོ་ཞིག་ཐག་གཅོད་ཕྱོགས་ཀྱི་སྲིད་བྱུས་ཡིན་ཕྱིན་དེར་མཐའ་མའི་འབབ་ས་ཞིག་དགོས་པ་ནི་སུས་ཀྱང་ཤེས་ཐུབ་པ་ཞིག་ཡིན།
ཉེ་ཆར་ནེའུ་ཡོག་དུས་བབ་ཀྱི་ཆེད་བརྗོད་པ་ནེ་ཁོ་ལ་སི་ཡིས་གསར་ཤོག་དེའི་སྟེང་བོད་དོན་ཐག་གཅོད་ཕྱོགས་ཀྱི་ཆེད་རྩོམ་གཉིས་སྔ་ཕྱི་ལྟར་བཏོན་ཞིང་། བོད་ལ་གལ་ཆེ་བ་ནི་ཆོས་རིག་དང་བོད་མིའི་ཁྱད་ཆོས་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན་པ་ལས་ཆབ་སྲིད་མིན་པ་དང་། དམངས་གཙོའང་མི་དགོས་པར་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱ་ཆོག་སྐོར་༧གོང་ས་མཆོག་གིས་གསུངས་ལ། དེ་ནི་༧རྒྱལ་བ་རིིན་པོ་ཆེ་མཆོག་གི་མཐའ་མའི་འབབ་ས་དང་རྒྱ་ནག་གི་མཐའ་མའི་གོ་སྐབས་ཡིན་པར་བཤད། འདིའི་ཐད་བཙན་བྱོལ་བོད་གཞུང་གིས་ནེ་ཁོལ་ལགས་ཀྱིས་གང་བཤད་པ་དེ་དག་ནི་ཁོང་སྒེར་གྱི་བསམ་ཚུལ་ཡིན་པ་ལས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ད་ལྟའི་སྲིད་བྱུས་མིན་པར་བཤད། འདི་བོད་གཞུང་གི་ད་ལྟའི་སྲིད་བྱུས་མིན་ཡང་བཀའ་ཁྲི་མཆོག་གིས་དེང་སྐབས་ཤུགས་ཆེར་གླེང་བཞིན་པའང་བོད་ཀྱི་ཆོས་དང་རིག་གཞུང་ཡིན་པ་དང་། བོད་ལ་ཆོལ་གསུམ་ཆིག་སྒྲིལ་གྱི་ཆབ་སྲིད་རང་སྐྱོང་མིན་པའི་རིག་གཞུང་རང་སྐྱོང་ཞིག་གླེང་མྱོང་ཡོད་པ་མིན་ནམ། འདི་ལྟར་ ༡༩༩༠ གོ་གྲངས་ནང་ཐག་བཅད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་མའི་གོ་དོན་ནི་ལོ་ཤས་སྔོན་ནས་འགྱུར་མགོ་ཚུགས་ཤིང་། བཀའ་ཟུར་རྣམ་པའི་ཐུགས་འཚབ་ཀྱང་རིམ་པས་ཇེ་ཆེར་གྱུར་ཡོད། ད་ནི་དབུ་མའི་ལམ་གྱི་མཐའ་མའི་འབབ་ས་དེར་ཐུག་གི་ཡོད་པ་དང་། ཉིན་ཤས་སྔོན་༧གོང་ས་མཆོག་གིས་ཧྥ་རན་སི་ནས་གསུངས་པ་བཞིན། འཆར་ཟླའི་ནང་གྲོས་ཚོགས་འཚོགས་སྐབས་༧གོང་ས་མཆོག་གིས་བོད་མི་མང་གྲོས་ཚོགས་ལ་ད་ལྟའི་བོད་རྒྱ་འབྲེལ་མོལ་གྱི་ནང་དོན་སྐོར་བཀའ་གནང་སྲིད་པ་ལྟར། བོད་མི་ཚོའི་ངོས་ནས་ཀྱང་འབྱུང་སྲིད་པའི་ཆབ་སྲིད་ཀྱི་ལམ་ཁ་གང་ལའང་གོ་བསྡུར་བྱེད་རྒྱུ་ནི་གནད་དམ་པར་ཐུག་ཡོད་པར་འདོད་དོ།།