མི་སེར་གསར་འགོད་རིག་པ།

མི་སེར་གསར་འགོད་རིག་པའམ། མང་ཚོགས་གསར་འགོད་རིག་པ། ཡང་ན། མཉམ་ཞུགས་གསར་འགོད་རིག་པ་ནི་མེ་སེར་རྣམས་ཀྱིས་གནས་ཚུལ་དང་བསམ་ཚུལ་བསྡུ་སྒྲིག་དང་། འདོན་སྤེལ། དབྱེ་ཞིབ། ཡོངས་བསྒྲགས་བྱེད་པའི་བརྒྱུད་རིམ་ཁྲོད་མཉམ་ཞུགས་བྱེད་པ་ལ་ཟེར། གསར་འགོད་ལས་རིགས་འདིའི་དམིགས་ཡུལ་ནི་དམངས་གཙོའི་སྤྱི་ཚོགས་ཤིག་ལ་མེད་ཐབས་མེད་པའི་རང་དབང་དང་ཁུངས་ཐུབ། གསལ་བོ། ཡོངས་ཁྱབ། འབྲེལ་ཡོད་བཅས་ཀྱི་གནས་ཚུལ་རྣམས་སྤེལ་རྒྱུ་དེ་རེད། མི་སེར་གསར་འགོད་པའམ་མཉམ་ཞུགས་གསར་འགོད་པ་ནི་ནམ་རྒྱུན་ང་ཚོས་བཤད་ཀྱིན་པའི་ཀློག་མཁན་མང་ཚོགས་ཡིན། སྔོན་ཆད་ཡིན་ན་གསར་འགོད་པ་གཅིག་གིས་གང་སྤེལ་བ་དེར་ལྷག་འཕྲོས་ཀྱི་འཛམ་གླིང་དེས་ཁུ་སིམ་པོ་དང་ཁེར་རྐྱང་གིས་ཉན་བསྡད་ཡོད་པ་རེད། འོན་ཀྱང་། ད་ཆར་གནས་སྟངས་འདི་འགྱུར་ཏེ་སྔོན་ཆད་ཀྱི་ཁུ་སིམ་པོའི་ཉན་མཁན་རྣམས་ཀྱིས་རང་རང་གི་མིག་མཐོང་ལག་ཟིན་གྱི་གནས་ཚུལ་རྣམས་སྤེལ་གྱིན་ཡོད་པ་རེད། ཁོང་ཚོ་ད་ནས་བཟུང་སྔོན་ཆད་ཀྱི་ཁུ་སིམ་པོའི་ཉན་མཁན་དེ་མིན་པར། གསར་འགོད་ལས་རིགས་ཀྱི་ནང་དུ་དངོས་སུ་མཉམ་ཞུགས་བྱེད་མགོ་བཙུགས་ཚར་ཡོད་ཅིང་། མི་སེར་རེ་རེ་ནི་གསར་འགོད་པ་རེ་དང་བདེན་དོན་གྱི་དཔང་པོ་རེ་རེ་ཆགས་ཡོད་པ་རེད། སྔོན་ཆད་ཀྱི་ཉན་མཁན་མང་ཚོགས་ནི་གསར་འགོད་ོ་ཡིན་པས་མི་ཚད་རྩོམ་སྒྲིག་པར་ཡང་གྱུར་ཡོད།

དམངས་གཙོའི་སྤྱི་ཚོགས་ཤིག་ལ་མེད་ཐབས་མེད་པ་ནི་སྨྲ་བརྗོད་རང་དབང་ཡིན་སྟབས། གསར་འགོད་ནི་དམངས་གཙོའི་ཀ་བ་བཞི་བར་ངོས་འཛིན་བྱས་ཡོད། ཨ་རིའི་རང་བཙན་སྒྲག་གཏམ་གྱི་མ་ཟིན་འབྲི་མཁན་སྲིད་འཛིན་གསུམ་པ་ཐོ་མ་སི་ རྗེ་ཧྥུར་སོན་ལགས་ཀྱིས་གནས་ལུགས་འདི་མཁྱེན་ཏེ། གལ་སྲིད་ཁོང་ལ། སྲིད་གཞུང་ཡོད་ཅིང་གསར་འགོད་རང་མེད་པ་དང་། གསར་འགོད་རང་དབང་ཡོད་ཅིང་སྲིད་གཞུང་མེད་པ་གཉིས་ལས་གང་འདེམ་གི་ཡིན་ཅེས་དྲིས་ཚེ་ཁོང་ནས་ཐེ་ཚོམ་མེད་པར་རྗེས་མ་དེ་འདེམ་གི་ཡིན་ཅེས་གསུངས་པ་རེད།

དམངས་གཙོ་དང་གསར་འགོད་རང་དབང་གཉིས་ནི་མི་ཞིག་ལ་མཚོན་ན་རྐང་བ་གཉིས་ཡིན་ལ། བྱ་ཞིག་ལ་མཚོན་ན་གཤོག་པ་གཉིས་ཡིན། འདི་གཉིས་གཅིག་ལ་གཅིག་རྟེན་གྱི་རྣམ་པའི་ཐོག་ནས་ད་བར་དུ་སླེབས་པ་རེད། གཅིག་མེད་ན་ཅིག་ཤོས་དེས་རང་རྐྱ་མི་ཐུབ་པར་གྱུར་ཡོད།

དམངས་གཙོའི་མཚན་ཉིད་ནི། མི་དམངས་ཀྱི་ཆེད་དུ། མི་དམངས་ཀྱིས་བཙུགས་པའི། མི་དམངས་ཀྱི་གཞུང་ཞེས་ཟེར། ཡིན་ནའང་ད་ལྟ་བར་དུ་གསར་འགོད་ལ་འདི་ལྟ་བུའི་མཚན་ཉིད་བཞག་མེད། གསར་འགོད་རིག་པ་ལ་རང་གི་སྲུང་བྱ་དང་། ཆེད་ལས་ཀྱི་ངོ་བོའི་སྟེང་ནས་མཚན་ཉིད་བཞག་ཡོད། འོན་ཀྱང་། ད་ཆར་གསར་འགོད་རིག་པས་ཀྱང་རང་སྟེང་གི་མཚན་ཉིད་འཇོག་མགོ་བརྩམས་ཡོད་ལ། དེ་ནི་མི་སེར་གསར་འགོད་རིག་པ་དར་བའི་ཁ་མཚམས་ནས་མངོན་འགྱུར་བྱེད་མགོ་བརྩམས་ཤིང་། འབོད་ཚིག་ཏུའང་། མི་སེར་ཚང་མ་གསར་འགོད་པ་རེ་ཡིན། ཞེས་སོགས་བྲིས་ཡོད་ལ། བརྡ་འཕྲིན་དུས་རབས་ཀྱི་ནང་འདིར། དམངས་གཙོའི་མཚན་ཉིད་བཞིན། མི་སེར་གསར་འགོད་རིག་པ་ནི། མི་སེར་གྱི་ཆེད་དུ། མི་སེར་གྱིས་སྤེལ་བའི། མི་སེར་གྱི་གསར་འགྱུར། ཞེས་པའི་མཚན་ཉིད་འདིར་སྙེག་གི་ཡོད།

མི་སེར་གསར་འགོད་རིག་པ་ནི་དྲ་ཐོག་གི་ཟིན་བྲིས་བྱུང་བ་ནས་འཕེལ་མགོ་བརྩམས་ཡོད། དེང་སྐབས་ཡར་རྒྱས་ཆེ་བའི་རྒྱལ་ཁབ་དག་གི་ནང་དུ་ཟིན་བྲིས་ཀྱིས་མི་ཚད། མི་སེར་གསར་འགོད་རིག་པའི་དྲ་རྒྱའང་ཡོད་ལ། དེར་མི་སེར་རྣམས་ཀྱིས་གནས་ཚུལ་བྲིས་ཤིང་རང་ངོས་ནས་རྩོམ་སྒྲིག་བྱས་ཏེ་སྤེལ་གྱིན་ཡོད་པ་རེད།

ལུང་རིགས་རྒྱལ་ཀྱིས། ༢༠༠༨།༠༨།༢༡།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “མི་སེར་གསར་འགོད་རིག་པ།