མུ་གྷ་བྷེ་ཡི་ཡིད་རྟོན་མེད་པའི་ལག་པ།

ཛུམ་བྷ་ཝེའི་དབང་ཆ་སྒེར་གཅོད་པ་སྲིད་འཛིན་ རོ་བྷེར་ཊི་ མུ་གྷ་བྷེ་ ལ་ཡིད་ཆེས་བྱེད་རྒྱུ་མེད་པའི་རྒྱུ་མཚན་ནི་མང་པོ་རེད། ཡིན་ནའང་ཁ་གཏད་ཚོགས་པའི་དབུ་ཁྲིད་ མོར་གྷན་ཚི་ཝན་གྷི་རི་ སྟེ། ལུགས་མཐུན་གྱི་འོས་འཕེན་ཁྲོད་སྲིད་འཛིན་གྱི་རྒྱལ་ཁ་འཐོབ་ངེས་མཁན་འདིས་གོ་སྐབས་ཤིག་འཛིན་རྒྱུའི་བློ་ཐག་བཅད་དེ་བདུན་ཕྲག་འདིའི་ནང་ མུ་གྷ་བྷེ་ དང་མཉམ་དུ་དབང་ཆ་མཉམ་བགོ་བྱས་ན་འགྲིག་པའི་མོས་མཐུན་བྱས།

ལས་རླུང་རྟ་དང་མཚམས་མ་ཆད་པའི་རྒྱལ་སྤྱིའི་གནོན་ཤུགས་ཀྱི་འོག ཐེངས་འདིའི་གྲོས་མཐུན་དེ་ནི་དམར་གསོད་ཀྱི་གྲི་འོག་ལ་ཤོར་བའི་ཛུམ་བྷ་ཝེའི་མི་སེར་རྣམས་དམངས་གཙོ་དང་དཔལ་འབྱོར་བསྐྱར་གསོའི་ལས་དོན་ལ་འཇུག་པའི་མགོ་འཛུགས་ལྟ་བུ་ཞིག་ཆགས་ཡོད། མུ་གྷ་བྷེ་ ལ་ཡིད་རྟོན་རྟ་རྔ་ཙམ་མེད་པའི་ལོ་རྒྱུས་ལ་མ་ལྟོས་པར་སྐུ་ཞབས་ མོར་གྷན་ཚི་ཝན་གྷི་རི་ ལགས་ཀྱིས་ཐེངས་འདིར་མོས་མཐུན་བྱས་པའང་རྒྱུ་མཚན་འདིར་ཐུག་པ་ནི་སུ་ལའང་དོགས་པ་མེད།

ཝ་ཤིན་ཊོན་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱིས་ཐེངས་འདིའི་གྲོས་མཐུན་འདིར་དོན་དངོས་ཀྱི་འགྱུར་བ་ཞིག་འགྲོ་མིན་དང་། ཡང་ན། འདི་ནི་སླར་ཡང་མུ་གྷ་བྷེ་ཡི་གཡོ་ཐབས་གཞན་ཞིན་ཡིན་མིན་གསལ་ཐག་མ་ཆོད་བར་དུ་དཔལ་འབྱོར་གྱི་ཉེས་ཆད་མུ་མཐུད་འགེལ་བཞིན་པ་ནི་འཐབ་བྱུས་མ་ནོར་བ་དེ་ཡིན།

ཕྱི་ཚེས་ ༡༧ ཉིན་སྐུ་ཞབས་ མོར་གྷན་ ཚི་ཝན་གྷི་རི་ ཡིས་རླུང་འཕྲིན་གྱི་བཅར་འདྲི་ཞིག་དང་ལེན་བྱས་སྐབས། ཁོང་གི་ཁ་གཏད་དེ་ཁ་དན་ལ་གནས་རྒྱུའི་ཐད་ཁོ་རང་ལ་གདེང་ཚོད་མི་ཆུང་བ་ཞིག་བྱུང་། འོན་ཀྱང་། མུ་གྷ་བྷེ་ཡི་ལས་རོགས་ཤིག་གིས་གྲོས་མཐུན་དེའི་དོན་ཚན་འགའ་ཤས་ནི་ཟླ་བ་རྗེས་མ་བར་དུ་ལག་ལེན་དུ་འཁེལ་གྱི་མེད་སྐོར་གསལ་བསྒྲགས་བྱས་རྗེས་གདེང་ཚོད་ཏོག་ཙམ་ཉམས་པར་གྱུར་ཅེས་བརྗོད་ཡོད་པ་རེད།

གལ་སྲིད་རྒྱལ་ཁབ་འདི་དམངས་གཙོའི་ཛུམ་བྷ་ཝེ་དང་། ཡང་ན། དམངས་གཙོ་ལ་བརྩི་བཀུར་བྱེད་པར་མཐའ་གཅིག་ཏུ་ནན་སྐུལ་བྱེད་ཀྱིན་པའི་ཨབ་རི་ཀའི་རྒྱལ་ཁབ་ཅིག་ཡིན་ན། ད་ཆར་ མུ་གྷ་བྷེ་ སྲིད་འཛིན་དང་ མོར་གྷན་ ཚི་ཝན་གྷི་རི་ སྲིད་བློན་དུ་འདུག་རྒྱུའི་ཚབ་ཏུ། མོར་གྷན་ ཚི་ཝན་གྷི་རི་ སྲིད་འཛིན་དང་ མུ་གྷ་བྷེ་ ལས་གནས་ནས་ཕྱིར་འབུད་བྱེད་དགོས་ཆགས་ཡོད་པ་རེད། འོན་ཀྱང་འདི་བྱུང་ཡོད་པ་མ་རེད།

ད་ཆར་མུ་གྷ་བྷེ་ཡི་ཕྱོགས་ཁག་ནས་བློན་ཆེན་ ༡༥ གཞུང་འཛིན་ནང་བསླེབས་ཡོད་པ་དང་། མོར་གྷན་ཚི་ཝན་གྷི་རི་ཡི་ཕྱོགས་ཁག་ནས་བློན་ཆེན་ ༡༣ བསླེབས་ཡོད་པ་རེད། ཁོང་གཉིས་ལ་མི་གཏོགས་པའི་ཚོགས་ཁག་གཞན་པ་ནས་བློན་ཆེན་ ༣ བསླེབས་ཡོད་འདུག ཐེངས་འདིའི་གྲོས་མཐུན་ནི་གྲངས་ཀ་འདི་དག་གི་ཐོག་ནས་གསལ་བོར་ཤར་ཡོད་པ་མ་གཏོགས་སྲིད་འཛིན་དང་སྲིད་བློན་གཉིས་ཀྱི་དབང་ཆ་ཇི་ལྟར་བགོ་རྒྱུའི་ཐོག་བསླེབ་ཡོད་པ་མ་རེད། གཉིས་ཀས་རང་རང་གི་མཐར་ཐུག་གི་དབང་ཆ་གང་ཐོབ་དེ་ལག་ལེན་བསྟར་གི་རེད།

ད་ལྟ་གནད་འགག་ལ་ཐུག་ཡོད་པ་ནི་སྲིད་འཛིན་ མུ་གྷ་བྷེ་ ཡིས་རང་གི་ཁ་གཏད་དེའི་གཉའ་གཅོག་ཐབས་དང་དཔལ་འབྱོར་བསྒྱུར་བཅོས་ཀྱི་ཐད་ཁ་དབང་ཅི་ཙམ་ཞིག་འཁྱེར་ཐབས་སུ་དབང་ཆ་ཅི་ཙམ་ཞིག་ཉར་མིན་དེ་རེད། གྲོས་མཐུན་འདི་ནི་དམིགས་ཡུན་ནི་ཚོགས་པ་སྣ་འཛོམས་ཀྱི་སྲིད་དབང་ལམ་ལུགས་དང་སྨྲ་བརྗོད་རང་དབང་གི་རྩ་དོན་ལ་རྒྱབ་སྐྱོར་བྱེད་པ་དེ་ཡིན་ལ། འདིས་ད་དུང་མུ་གྷ་བྷེ་ཡི་ས་ཞིང་བཅོས་བསྒྱུར་གྱི་ཆག་སྒོའི་སྐོར་ཡང་གླེང་ཡོག་པ་རེད། གནས་ཚུལ་བརྒྱུད་ལམ་ཁག་ནས་ཐོན་པ་ལྟར་ན། མུ་གྷ་བྷེ་ཡིས་དམག་མིར་བཀོད་འདོམ་བྱེད་ཀྱི་ཡིན་པ་དང་། མོར་གྷན་ཚི་ཝན་གྷི་རི་ཡིས་ཉེན་རྟོག་པར་བཀོད་འདོམ་བྱེད་ཀྱི་ཡིན་པ་དང་། འོན་ཀྱང་། དམག་མི་ནི་རྒྱལ་ནང་གི་སྲིད་དོན་དཀའ་རྙོག་ཐོག་བཀོལ་མི་ཆོག་པ་བྱས་ཡོད་པ་རེད།

ཡུལ་འདིར་ས་ཞིང་རྒྱ་ཆེ་ཞིང་རང་བྱུང་གི་ཐོན་ཁུངས་ཕྱུག་པོ་ཡིན་སྟབས། མུ་གྷ་བྷེ་ཡིས་མུག་ཤི་དང་གཡུལ་ས་ཞིག་ལ་བསྒྱུར་བ་ལས། ཛུམ་བྷ་ཝེ་ནི་ཅིས་ཀྱང་གཡུར་དུ་སྨིན་ཞིང་། ཡིད་དུ་སྨོན་པའི་ཡུལ་ཞིག་ལ་འགྱུར་འོས། མིས་བཟོས་པའི་གོད་ཆག་ནི་དོན་ཕན་ལྡན་པའི་རོགས་སྐྱོར་མེད་པར་མཚན་གཅིག་ལ་བསྐྱར་གསོ་བྱེད་མི་ཐུབ།

ཨ་རི་དང་ཡུ་རོབ་གཙོ་བྱས་པའི་རྒྱལ་ཁབ་དག་གིས་ཐབས་བཀོད་དང་དངོས་ཟོག་གི་རོགས་རམ་བྱེད་པར་གྲ་སྒྲིག་བྱེད་དགོས་པ་རེད། ཡིན་ནའང་། ཐོག་མ་དེར་ཁོང་ཚོས་ཐེངས་འདིའི་གྲོས་མཐུན་ནི་དོན་ལ་གཞོལ་བ་ཞིག་ལས། མུ་གྷ་བྷེ་ ཡི་གཡོ་བྱུས་གཞན་ཞིག་མིན་པ་ངེས་ཤེས་ཐོབ་པ་བྱེད་དགོས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply