བོད་དོན་ཐོག་དམིགས་བསལ་ཚོགས་ཆེན་ཐོག་མ།

ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་མིའི་ཞི་རྒོལ་ཆེན་མོ་མདོ་དབུས་ཁམས་གསུམ་དུ་མེ་ལྕེ་བཞིན་མཆེད་དེ།རང་དབང་གི་འབོད་སྒྲའི་འོག་ནས་རྒྱལ་གཅེས་དཔའ་བོ་མང་པོའི་ཚེ་སྲོག་སྐད་ཅིག་ཏུ་ཤོར་ཞིང༌། ཐེངས་བདུན་པའི་བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་མ་བྱུང་བ། པེ་ཅིན་ཨོ་རྩེད་མཇུག་སྒྲིལ་ཡང་བོད་ནང་ཐབས་རྡུགས་ཀྱི་ངོ་བོ་སྔར་བཞིན་གནས་པ་སོགས་ལ་བརྟེན། ༧གོང་ས་མཆོག་གཙོས་པའི་བོད་རིགས་རྒྱ་ཆེའི་མི་མང་གིས་བོད་པའི་རྩ་དོན་ཐད། བསམ་བློ་བསྐྱར་དུ་བཏང་སྟེ། ཐག་གཅོད་བསྐྱར་དུ་བྱ་རྒྱུ་ཡིན་ཟེར། 

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དྲུག་པའི་སྟེང་ལ། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྒེར་ཡིག་ཚང་བརྒྱུད་དེ། བཀའ་སྤྱི་ལྷན་འཛོམས་ཐོག་ཆེད་དུ་བཀའ་ཡིག་ཅིག་གནང་ཡོད་ལ། ༧གོང་ས་མཆོག་གི་བཀའ་ཡིག་དེའི་ནང༌། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་དང༌། བཀའ་ཤག་ལྷན་རྒྱས་མཆོག་གི་དྲུང་དུ། བར་ལམ་བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་དང༌། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་ཆེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ནང་གསེས་ཁག་གི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་འདི་ལོའི་ཕྱི་ཟླ་ ༡༡ དང་ ༡༢ གང་རུང་ནང་བསྡུ་བསྐོང་དགོས་རྒྱུ་དང༌། ཚོགས་མི་དང་ཚོགས་དུས་བཅས་འཆར་འགོད་བྱས་ཏེ་གང་མྱུར་༧སྙན་འབུལ་གནང་དགོས། ཞེས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་རྒྱལ་སྤྱིའི་གནས་བབ་འོག དམིགས་བསལ་ཚོགས་ཆེན་ཞིག་མི་འགྱངས་པར་བསྐོང་ཚོགས་བྱས་ཏེ། བོད་ཀྱི་རྩ་དོན་ཐོག་བགྲོ་གླེང་གོ་བསྡུར་ཞིབ་རྒྱས་གནང་དགོས་སྟབས། ཐེངས་འདིར་བཀའ་སྤྱི་ལྷན་འཛོམས་སྟེང༌། ཚོགས་དུས་དང་ཚོགས་ཡུལ། ཚོགས་མི་བཅས་ཐག་གཅོད་གཏན་འབེབ་བྱས་ཏེ། གང་མྱུར་ཡར་ཞུ་བྱ་དགོས་ཞེས་བཀའ་ནན་བསྩལ་ཡོད།

བཀའ་ཤག་གིས་དམིགས་བསལ་ཚོགས་ཆེན་དེར་འཆར་ཟིན་ཞིག་བཟོས་ཏེ། ཕྱི་ཚེས་ ༡༥ ཉིན་བཀའ་བློན་ཁྲི་བས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་སྙན་སྒྲོན་ཞུས་ཏེ་བགྲོ་གླེང་གོ་བསྡུར་བྱས་ཡོད། བཀའ་ཤག་གི་འཆར་ཟིན་དེའི་ནང༌། སྤྱི་ཟླ་ ༡༡ ཚེས་ ༡༧ ནས་ ༢༢ བར་བཞུགས་སྒར་དྷ་རམ་ས་ལ། དྷ་སྟེང་བོད་ཁྱིམ་སློབ་གྲྭ་རུ་དམིགས་བསལ་ཚོགས་ཆེན་དེ་བསྡུ་སྐོང་གནང་རྒྱུ་དང༌། ཚོགས་མིའི་ཁུངས་སུ། བོད་མི་མང་སྤྱི་འཐུས་དང་སྤྱི་ཟུར་ཡོངས་རྫོགས་དང༌། བཀའ་བློན་དང་བཀའ་ཟུར་ཡོངས་རྫོགས། བཞུགས་སྒར་ཁུལ་གྱི་གཞུང་ཞབས་ཟུང་འབྲེལ་དྲུང་ཆེ་ཡན་ཆད་ཡོངས། དྲུང་གཞོན་མན་གྱི་འཛིན་སྐྱོང་དང་ལས་བྱའི་སྡེ་ཚན་སོ་སོའི་འཐུས་མི་གཉིས་རེ། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་དང་སྐུ་ཚབ་དོན་གཅོད་ཡོངས། ས་གནས་མགོ་འཛིན་ཡོངས། ས་གནས་འཐུས་མིའི་ཚོགས་འདུ་ཁག་གི་སྐུ་ཚབ་གཉིས་རེ། ས་གནས་འཐུས་མི་མེད་པའི་ས་གནས་ཁག་གི་མི་མང་གི་སྐུ་ཚབ་རེ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་རེ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་སྐུ་ཚབ་རེ། སློབ་གྲྭ་ཁག་གི་འགན་འཛིན་སྐུ་ཚབ་རེ། ཆོས་ལུགས་དང་ཆོས་བརྒྱུད་ཁག་གི་གྲྭ་བཙུན་སྐུ་ཚབ་དྲུག་རེ། གཞུང་འབྲེལ་མིན་པའི་ཚོགས་པ་ ༡༠ སྟེ། དབུས་གཙང་རྒྱུན་ལས་དང་མདོ་སྟོད་རྒྱུན་ལས། མདོ་སྨད་རྒྱུན་ལས། བོད་ཀྱི་གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས། རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ། མངའ་རིས་སྤྱི་མཐུན། བོད་རྒྱལ་ཡོངས་ཆིག་སྒྲིལ། ཆབ་སྲིད་བཙོན་གྲོལ་ཚོགས་པ་བཅས་ཀྱི་སྐུ་ཚབ་གཉིས་རེ། རང་སྐྱོང་སྡེ་ཚན་ཁག ༡༢ ཏེ། བོད་གཞུང་ཟློས་གར་དང་དཔེ་མཛོད། ཝ་ར་ན་སི། ནོར་གླིང༌། རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌། ལྡི་ལི་བོད་ཁང༌། བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས། མ་སུ་རི་བོད་ཁྱིམ། སམ་བྷོ་ཊ་བོད་སློབ་འཛིན་སྐྱོང་ཁང༌། ཆེས་མཐོའི་སྨན་པའི་ལྷན་ཚོགས། དབུས་སྨན་རྩིས་ཁང༌། བདེ་ལེགས་སྨན་ཁང་བཅས་ཀྱི་སྐུ་ཚབ་གཅིག་རེ། རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་མཁན་དགོངས་འཆར་གནང་འདོད་ཡོད་རིགས་དང་བླངས་ཕེབས་མཁན་རྒྱ་བལ་འབྲུག་གསུམ་ནས་ ༢༥ དང༌། དེ་མིན་ས་གནས་གཞན་ནས་༢༥ ལས་མ་མང་བ།  དེ་བཞིན། ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་དང་རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་ཚོགས་འདུའི་དབུ་འབྱེད་དང་མཇུག་སྡོམ་ལ་གདན་ཞུ་གནང་རྒྱུ་བཅས་བཀོད་འདུག

དམིགས་བསལ་ཚོགས་ཆེན་གྱི་འཆར་ཟིན་དེའི་ཐད། ༧གོང་ས་མཆོག་ཞུགས་དགོས་མིན་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཕར་སྣོན་བྱ་དགོས་མིན། དེ་བཞིན་མི་མང་གི་བསམ་ཚུལ་བསྡུ་ཕྱོགས། ལྷག་པར་དུ་བོད་ནང་གི་སྤུན་ཟླ་ཚོའི་དགོངས་འཆར་བསྡུ་ལེན་བྱེད་ཕྱོགས་བཅས་ལ་སྤྱི་འཐུས་རྣམ་པས་དགོངས་འཆར་དང༌། བགྲོ་གླེང་གོ་བསྡུར་ཞིབ་རྒྱས་བྱས་མཐར། དམིགས་བསལ་ཚོགས་ཆེན་དེར་༧གོང་ས་མཆོག་ཚོགས་ཞུགས་མི་གནང་རྒྱུ་དང༌། ཚོགས་མི་གཞན་རྣམས་གོང་གི་མིང་གཞུང་ལྟར། སྤྱི་ཟླ་ ༡༡ ཚེས་ ༡༧ ནས་ ༢༢ བར་བཞུགས་སྒར་བོད་ཕྲུག་ཁྱིམ་སྡེ་རུ་བོད་དོན་དམིགས་བསལ་ཚོགས་ཆེན་ཐོག་མ་དེ་བསྐོང་ཚོགས་བྱ་རྒྱུར་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དྲུག་པའི་སྟེང༌། སྤྱི་མོས་ཀྱིས་ཐག་གཅོད་གཏན་འབེབ་བྱུང་ཡོད། 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

5 thoughts on “བོད་དོན་ཐོག་དམིགས་བསལ་ཚོགས་ཆེན་ཐོག་མ།

  1. ཁ་སང་ངྷ་རམ་ཤྰ་ལའི་མི་རྒན་པ་ཁ་ཤས་སྐད་ཆ་བཤད་རྒྱུ་བྱུང་། ཁོང་ཚོས་གསུངས་པ་ལྟར་ན། གོང་ས་མཆོག་གིས་བོད་མི་ཚོར་བརྡ་ཞིག་བསྟན་ཡོད་པ་རེད་ལ། བརྡ་དེ་ནི་དབུ་མའི་ལམ་ཁོ་ནར་འགྱུར་བ་གཏོང་དགོས་མིན་ཙམ་མིན་པར་དེའི་ནང་དུ་དམིགས་བསལ་སྐུ་ཚབ་བརྗེ་བོ་རྒྱག་དགོས་མིན་ཡང་འདུས་ཡོད་ཟེར། ཡིན་ནའི། བོད་མི་ཚོ་ལྐུགས་དྲག་ནས་ཁོང་གི་དགོངས་པ་དངོས་ཤེས་ཀྱི་མེད་པ་འདྲ། དེ་བས། དབུ་མའི་ལམ་འགྲིག་གི་མེད་པ་རེད་དམ་དམིགས་བསལ་སྐུ་ཚབ་འཇོན་གྱི་མེད་པ་རེད་དམ་ཞེ་ན། འདིའི་ཐད་བོད་ནང་གི་བོད་མི་ཚོས་སྐུ་ཚབ་ཚོ་ག་དུས་ཡིན་ནའང་མགོ་བསྐོར་འོག་ཤོར་གྱི་འདུག་ཅེས་སྐུ་ཚབ་མ་འཇོན་པར་མཐོང་གི་ཡོད་ན། ཕྱི་སྡོད་བོད་མི་ཚོས་གོང་ས་མཆོག་མ་འགྲིག་པར་མཐོང་གི་ཡོད་དམ་སྐུ་ཚབ་མ་འཇོན་པར་མཐོང་གི་ཡོད་དམ།