ཆེད་ལས་རྩོམ་པ་པོ་ཞིག་བྱ་རྒྱུ་ཡིན།

ཕྱི་ཚེས་༢༥ཉིན་འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་སྭ་ར་མཐོ་སློབ་ཏུ་ཆེད་བཅར་གྱིས་བོད་མི་མང་སྤྱི་འཐུས་དང་བོད་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ། སྭ་ར་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་རྩོམ་རིག་དགེ་རྒན་ཆབ་བྲག་ལྷ་མོ་སྐྱབས་ལགས་མི་འགྱངས་པར་སྭ་ར་མཐོ་སློབ་ཀྱི་དགེ་རྒན་ནས་རྩ་དགོངས་ཞུ་བཞིན་ཡོད་པའི་གོ་སྐབས་དང་བསྟུན་ཏེ་བཅར་འདྲི་བྱས་པ་གཤམ་གསལ་ལྟར།
 
དྲི་བ། སྐུ་ཉིད་སྔོན་མ་བོད་ནས་སློབ་ཆུང་དང་སློབ་འབྲིང་སོགས་ཀྱི་དགེ་རྒན་བྱས་མྱོང་ཞིང༌། ད་ལྟ་རྒྱ་གར་ནང་མཐོ་རིམ་སློབ་གྲྭར་དགེ་རྒན་གྱི་ཕྱག་ལས་གནང་མུས་ཀྱི་ཉམས་མྱོང་ཁྲོད། བོད་ཕྱི་ནང་གཉིས་ཀྱི་སློབ་ཕྲུག་ཚོའི་བསམ་སྤྱོད་ཐད་ཁྱད་པར་གཙོ་བོ་གང་མཐོང་སོང༌།
 
ལན། སྔོན་མ་༡༩༨༢ ཙམ་ནས་ཕ་ཡུལ་ནས་དགེ་རྒན་བྱས་པ་ཡིན། སྐབས་དེའི་སློབ་མ་ཚོར་སློབ་སྦྱོང་ལ་དོ་སྣང་ཆེན་པོ་དང༌། སྔ་དགོང་ལ་བསྐྱར་སྦྱོང་བྱེད་པ་དང་ནང་སྦྱོང་འབྲི་བ། ཚགས་ཤོག་དང་དེབ་གཞན་ཀློག་པ་སོགས་ཧ་ཅང་བཟང་ལ། བོད་ཡིག་ལ་སྐར་གྲངས་ཡང་མཐོན་པོ་ལེན་ཐུབ། དེ་དག་དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་ཁྲིད་ཐབས་ལམ་སོགས་ལ་ཕྱིར་འཁོར་ཏེ་བལྟས་ན། སློབ་མ་གསོ་སྐྱོང་བྱས་པའི་འགན་དེ་འགྲུབ་ཡོད་པ་འདྲ་བོ་རེད། ༡༩༨༩ ལོར་རྒྱ་གར་དུ་ཡོང་སྟེ་དར་རྒྱས་གླིང་མཁར་བྱང་སློབ་གྲྭའི་དགེ་རྒན་བྱས་པ་ཡིན། སྐབས་དེར་དགེ་རྒན་ང་རང་གཅིག་པུ་རེད། སློབ་དེབ་གང་འཚམ་ཡག་པོ་འདུག འོན་ཀྱང༌། སློབ་མའི་གནས་ཚུལ་ཧ་ཅང་སྐྱོ་བོ་རེད། ཡིག་རྩལ་སྐབས་སློབ་མ་ཚོས་ཕན་ཚུན་རྐུ་བལྟ་བྱེད་པ་དང༌། དགེ་རྒན་ཚོས་ཀྱང་ཡིག་རྩལ་གྱི་ནང་དོན་ནག་པང་སྟེང་བྲིས་ཏེ་བློ་འཛིན་བྱེད་དུ་འཇུག་པའི་ལུགས་སྲོལ་ཞིག་འདུག དེ་ཚོ་ནོར་འཁྲུལ་རེད། བོད་ནང་ལྟ་བུར་མཚོན་ན། རྨང་གཞིའི་སློབ་གསོ་སྤྲོད་སྐབས། རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་དང༌། རང་དོན་སྤུ་ཙམ་མེད་པར་གཞན་དོན་ལ་ཧུར་ཐག་བྱེད་དགོས་ཟེར་བ་ལྟ་བུའི་སློབ་གསོ་གཏོང་གིན་ཡོད། དགེ་རྒན་ཚོས་སློབ་མའི་ཀུན་སྤྱོད་ཡར་རྒྱས་གཏོང་ཐབས་ལ་བྱ་འགུལ་འདྲ་མིན་ཡོད། དཔེར་ན། གསུམ་བཟང་སློབ་མ་དང་གདོང་ལེན་རུ་ཁག རང་སྐྱོན་རང་བརྗོད། གཞན་སྐྱོན་རོགས་རམ་ཟེར་བ་ལྟ་བུའི་བསམ་བློའི་ཀུན་སྤྱོད་ཀྱི་སྦྱོང་བརྡར་ཡག་པོ་ཡོད། དགེ་རྒན་ལ་ཞེ་ས་རྒྱག་པ་དང༌། མགོ་སྒུར། ལག་པ་ཐལ་མོ་སྦྱར་བ་སོགས་ཕྱིའི་རྣམ་འགྱུར་སྟོན་སྟངས་རྒྱ་གར་ནང་ཡག་པོ་འདུག སྭ་ར་མཐོ་སློབ་ལྟ་བུར་མཚོན་ན་སློབ་སྦྱོང་དང་ཀུན་སྤྱོད་གཉིས་ལས་ཀུན་སྤྱོད་ཡག་པོ་མེད་འགྲོ་བསམ་པ་འདུག
 
དྲི་བ། བཙན་བྱོལ་བོད་པའི་ཤེས་ཡོན་སྤྱི་དང༌། ལྷག་པར་དུ་མཐོ་རིམ་སློབ་གྲྭ་ཁག་གི་ཤེས་བྱའི་སྒྲིག་གཞི། སློབ་གསོའི་ཁ་ཕྱོགས་བཅས་ཀྱི་ཐད་སྐུ་ཉིད་ལ་ལྟ་ཚུལ་གང་འདྲ་ཡོད་དམ།
 
ལན། སྭ་ར་མཐོ་སློབ་འདིར་མཚོན་ན། ༡༩༩༦ ཡས་མས་ལ་སློབ་མ་གསར་བསྡུའི་སྐབས་སློབ་མ་བརྒྱ་ཕྲག་མང་པོའི་ཁྲོད་ནས་སྐད་ཡིག་གཙོ་བོར་བྱས་ཏེ་དྲག་འདེམས་བྱེད་ཀྱིན་ཡོད་སྟབས་ཤེས་ཚད་ཡག་པོ་ཡོད། དེའི་སྐབས་སུ་དགེ་རྒན་ཚོར་སློབ་ཁྲིད་ལ་དོ་སྣང་ཆེན་པོ་ཡོད། རྗེས་སུ་རིམ་གྱིས་སློབ་མ་གསར་བསྡུའི་སྐབས་སྐད་ཡིག་གི་གནས་ཚུལ་སྐྱོ་རུ་སོང་སྟེ། རྒྱལ་རབས་དང་ནང་ཆོས། ཐ་ན་ཡིག་གཟུགས་སོགས་ལའང་སྐར་གྲངས་ཆ་སྙོམས་ཡོང་དགོས་པའི་སྒྲིག་གཞི་ཆགས་ཡོད། དེ་ཚོ་འགྲིག་གིན་ཡོད་པ་མ་རེད། སྐད་ཡིག་གི་རྨང་གཞི་ཡག་པོ་ཡོད་ན། གཞན་དག་གི་ཆུ་ཚད་དེ་ཙམ་མ་བཟང་ཡང༌། སྐད་ཡིག་གི་རྨང་གཞིའི་སྟེང་ནས་སྦྱོང་སླ་བོ་རེད། གཉིས་པ། སློབ་གྲྭའི་རྩོམ་རིག་སློབ་དེབ་ཀྱི་ཕྱོགས་རེད། གནའ་རབས་རྩོམ་རིག་གཅིག་པུ་མ་ཡིན་པར་དེང་རབས་ཀྱི་རྩོམ་རིག བོད་ཕྱི་ནང་གི་རྩོམ་རིག་ཕུལ་བྱུང༌། མི་རིགས་དང་རྒྱལ་ཁབ་གཞན་གྱི་རྩོམ་གྲགས་ཆེན་སོགས་འདེམས་འགོད་བྱ་རྒྱུ་གལ་ཆེན་རེད། གཞུང་གི་ངོས་ནས་ཀྱང་འཛིན་གྲྭ་བཅུ་བ་ཡན་གྱི་སློབ་དེབ་ནང་དེ་འདྲ་འཇོག་རྒྱུ་དེ་གལ་ཆེན་རེད། སྔོན་མའི་བོད་གཞུང་གི་སློབ་གྲྭའི་ཤེས་བྱའི་སྒྲིག་གཞིའི་ནང་དེ་འདྲ་ཡོད་པ་མ་རེད་ལ། སློབ་ཚན་གསར་བ་གཏན་འབེབ་བྱས་པའི་ནང་དུའང་དེ་འདྲ་མཐོང་མ་སོང༌། ས་མིག་སྟོང་པར་ལུས་ཡོད་པ་ལྟ་བུ་རེད། དེ་ཚོ་འཐུས་ཤོར་དང་ནོར་འཁྲུལ་ཆེན་པོ་རེད་བསམ་ཡོད།
 
དྲི་བ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཏན་འབེབ་བྱས་པའི་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་གསར་བའི་ཐད། སྐུ་ཉིད་ཀྱི་འབྱུང་འགྱུར་ཕན་གནོད་གང་འདྲ་
འོང་བར་ངོས་འཛིན་བྱེད་ཀྱིན་ཡོད་དམ།
 
ལན། ཤེས་ཡོན་སྲིད་ཇུས་གསར་བ་དེ་གཞིར་རྩའི་ཆ་ནས་ཡག་པོ་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། གང་ཡིན་ཟེར་ན། མི་རིགས་ཤིག་ལ་མཚོན་ན། མི་རིགས་དེའི་སྐད་ཡིག་དང་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཨང་དང་པོར་འཇོག་དགོས། འོན་ཀྱང༌། བཙན་བྱོལ་ནང་གི་མི་མང་ཆེ་བས་བོད་པ་ཞིག་ཡིན་དུས། བོད་པའི་སྐད་ཡིག་རིག་གནས་ཤེས་དགོས་པ་མ་ཟད། ནང་ཆོས་ཀྱང་ངེས་པར་དུ་ཤེས་དགོས་པའི་བསམ་ཚུལ་འདུག དེར་ང་ལ་བསམ་ཚུལ་མི་མཐུན་པ་ཡོད༌། རྗེས་མ་ང་ཚོའི་མི་རིགས་ལ་རང་སྐྱོང་དང་རང་བཙན་གང་ཞིག་ཐོབ་ཀྱང༌། རང་གི་མི་རིགས་ཀྱིས་འཛིན་སྐྱོང་བྱེད་པར་དེང་དུས་འཛམ་གླིང་གི་རྣམ་པར་བརྟེན་དགོས། བོད་ཀྱི་སྐད་ཡིག་རིག་གནས་དང་ནང་ཆོས་ཤེས་པ་ཙམ་གྱིས་དེང་རབས་ཀྱི་རྣམ་པ་འཐོན་མི་ཐུབ། བོད་ཡིག་བོད་སྐད་གཅིག་པུ་གལ་ཆེན་དུ་རྩིས་ན། ༧གོང་ས་མཆོག་གིས་ནམ་རྒྱུན་གསུང་བཞིན་པའི་རིགས་གཅིག་རྐང་འཛིན་པ་ཟེར་བ་དེ་ཡང་ཡོང་ཐུབ་པ་ཁག་པོ་རེད། རྒྱལ་ཁབ་ཅིག་འཛིན་སྐྱོང་བྱེད་པར་རིགས་གཅིག་རྐང་འཛིན་པ་གང་མང་དགོས།
 
དྲི་བ། སྐུ་ཉིད་ཀྱིས་སྔོན་མ་བོད་ནང་དང་ད་ལྟ་རྒྱ་གར་བཅས་ནས་རྒྱུན་རིང་ལ་དགེ་རྒན་གྱི་ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད། གདོང་ལེན་བྱེད་ཁག་ཤོས་དང་དཀའ་ངལ་ཆེ་ཤོས་གང་དག་ལ་འཕྲད་སོང་ངམ།
 
ལན། བོད་ནང་ཡོད་པའི་སྐབས་སུ་དཀའ་ངལ་འདི་འཕྲད་སོང་ཟེར་བ་ཞིག་དྲན་གྱི་མི་འདུག རྒྱ་གར་དུ་འབྱོར་ཏེ་མཁར་བྱང་སློབ་གྲྭའི་དགེ་རྒན་བྱེད་སྐབས། དགེ་རྒན་ང་རང་གཅིག་པུ་རེད། འཛིན་གྲྭ་བརྒྱད་ཡོད། ཉི་མ་རེར་འཛིན་གྲྭ་བརྒྱད་ལ་སློབ་ཁྲིད་བྱེད་དགོས། མཚམས་རེར་ཡིད་ཐང་ཆད་པ་དེ་འདྲ་བྱུང་མྱོང༌།  དེང་སང་དཀའ་ངལ་ཆེ་ཤོས་གོང་དུ་ཞུས་པ་ལྟར། རྩོམ་རིག་གི་སློབ་དེབ་དེ་མཐོ་སློབ་ཀྱི་ཚད་གཞི་ལྟར་གཏན་འབེབ་བྱེད་མ་ཐུབ་པ་དང༌། གཉིས་པ། སློབ་མ་གསར་བསྡུའི་སྐབས་སྐད་ཡིག་གི་ཤེས་ཚད་དམའ་དྲགས་ཏེ། སྙན་ངག་ལ་དཔེ་བརྗོད་ཙམ་ཡང་འཇོག་ཁག་པོ་ཆགས་ཡོད་སྟབས། ངས་ནམ་རྒྱུན་འདི་ལྟར་བཤད་ཀྱིན་ཡོད། ཐོག་མ་ནས་སྐད་ཡིག་གི་རྨང་གཞི་མེད་མཁན་འདི་དག་ལ། ལོ་གཉིས་གསུམ་རིང་སྐད་ཡིག་ཡར་རྒྱས་དང༌། རྩོམ་པ་པོ་ཚད་ལྡན་ཞིག་ཏུ་ང་རང་གིས་གཏོང་མི་ཐུབ་ཅེས་བཤད་ཀྱིན་ཡོད། དེར་བརྟེན། མཚམས་རེར་སློབ་ཁྲིད་བྱ་འདོད་མེད་པ་དང༌། བྱས་ཀྱང་ཕན་འབྲས་ཆུང་བའི་བསམ་ཚུལ་ཡོང་གིན་འདུག
 
དྲི་བ། སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དྲུག་པའི་སྟེང༌། སྐུ་ཉིད་ཀྱིས་ད་ལྟའི་བོད་ཕྱི་ནང་གི་རྩོམ་པ་པོ་དང་རྩོམ་རིག་ལ་གཞུང་འབྲེལ་གྱིས་དོ་སྣང་དང་བསྐྱར་ཞིབ་ཅིག་བྱ་གལ་ཆེ་བའི་དགོངས་འཆར་ཅིག་བཏོན་པ་དེར་གསལ་བཤད་ཅིག་གནང་རོགས།
 
ལན། སྐབས་དེར་ངས་འདི་ལྟར་ཞུས་པ་ཡིན། གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག དེ་བཞིན་མི་སྒེར་བ་བཅས་ཀྱིས་བོད་ནང་གི་བོད་མིའི་ལྟ་བ་དང་བསམ་ཚུལ། རེ་འདུན་དངོས་ལ་ཞིབ་ཚགས་ཀྱིས་ཞིབ་འཇུག་བྱེད་མཁན་མི་འདུག ཉེ་ཆར་བོད་ནང་གི་གླུ་བ་ཞིག་གིས་བོད་ནང་གི་བོད་མི་ཚོ་ཚེར་མགོའི་བྱེའུ་ཆུང་དང་འདྲ་ལ། དེ་ཚོ་བྱ་ཁྲའི་ནམ་ཞིག་ལ་གསོད་པ་དང་འཁུར་འགྲོ་ཆ་མེད་རེད་ཅེས་བརྩམས་འདུག བོད་ནང་ཛ་དྲག་ཅིག་ཏུ་སླེབས་ཡོད་པ་ཁོང་ཚོས་ངོས་ཟིན་ཏེ། ང་ཚོ་ལ་བརྡ་བརྒྱབས་པ་རེད། འོན་ཀྱང༌། ང་ཚོས་དེ་དག་ངོས་ཟིན་མེད་པར་སྣང་མེད་བཏང་བ་རེད། ང་ཚོས་རྟག་པར་ད་ལོ་བོད་ནང་འདི་འདྲའི་དོན་རྐྱེན་བྱུང་བ་བློ་ཡུལ་ན་མེད་ཟེར་གྱིན་ཡོད། ང་ལ་མཚོན་ན་དེ་དྲན་མ་མྱོང་བ་ཞིག་མིན། རྩོམ་ཡིག་དང་གཞས་ཚིག་དེ་དག་གི་ནང་དོན་ལ་བསམ་བློ་བཏང་བ་ཡིན། བོད་ནང་དྲག་པོའི་བསམ་བློ་ཅན་ཡོང་གིན་འདུག མི་རིགས་འདིའི་གཤིས་ཀའི་རང་བཞིན་ཡང་གྱོང་བོ་དང་མཁྲེགས་པོ་ཡོད་སྟབས། གཅིག་བྱས་ན་བོད་ནང་དྲག་པོའི་དམར་འཛིང་དེ་འདྲ་ཡང་ཡོང་མི་སྲིད་པ་མ་རེད་བསམ་ཡོད། བསམ་ཚུལ་དེའི་དབང་གིས་ང་རང་གིས་སྔོན་མ་ནས་རི་སྤྱསང་གི་སྒོ་ཟོག་ཟེར་བའི་སྒྲུང་རིང་ཞིག་འབྲི་བཞིན་ཡོད། དེའི་ནང་བོད་རྒྱ་གཉིས་བར་དྲག་པོའི་དམར་འཛིང་བྱས་པའི་གཏམ་བརྒྱུད་ཅིག་ཚོད་དཔག་བྱས་ཡོད།
 
དྲི་བ། མི་ལ་ལས་བཙན་བྱོལ་བོད་པའི་སློབ་གྲྭ་ཁག་གི་དགེ་རྒན་མང་པོ་ཞིག་ལ་ཀུན་སྤྱོད་དང་ལྷག་བསམ་ཚད་ལྡན་མེད་པ་དང༌། བཙན་བྱོལ་གྱི་ཤེས་ཡོན་པ་སྤྱི་ཡོངས་ཀྱི་ཆ་ནས་ཀྱང་ཤེས་ཡོན་པའི་འགན་མི་འཁུར་བར་ཆབ་སྲིད་ནང་ཞུགས་ཏེ་སྐབས་འཚོལ་དང་དྲང་བདེན་མིན་པའི་རྩོམ་ཡིག་དང༌། བཤད་སྤྱོད་སྣ་ཚོགས་ཡོང་གིན་འདུག་ཟེར་བའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
 
ལན། དེ་འདྲའི་རིགས་ཤིག་ཡོང་གིན་ཡོད་པ་བདེན་པ་རེད། དགེ་རྒན་དང་ཤེས་ཡོན་པ་ཟེར་བ་དེ་བསམ་བློ་དང་མི་གཤིས་ཀུན་སྤྱོད་གང་ཅིའི་ཐད་ནས་མི་དམངས་བྱིངས་ལས་ལྷག་པ་ཞིག་དགོས་པ་རེད། ཐུན་མོང་མིན་པའི་ལྟ་སྤྱོད་དེ་ཡང་བརྟན་ཅིང་འགྱུར་བ་མེད་པ་ཞིག་ཡིན་དགོས། འོན་ཀྱང༌། བཙན་བྱོལ་ནང་གི་ཤེས་ཡོན་པ་ཁ་ཤས་དཔལ་འབྱོར་དང༌། ཁ་ཤས་གོ་གནས་ཀྱི་དབང་གིས་གོ་སྐབས་དང་འཕྲད་ན་འགྱུར་འགྲོ་བའི་རྣམ་པ་ཡོང་གིན་འདུག དེ་ཚོ་ང་རང་གི་ངོས་ནས་ཡག་པོ་ཞིག་ལ་རྩ་བ་ནས་མཐོང་གི་མེད། ཚད་ལྡན་གྱི་དགེ་རྒན་དང་ཚད་ལྡན་གྱི་རྩོམ་པ་པོ་ཞིག་ཡིན་ན་དྲང་བདེན་སྐྱོང་བ་དང༌། བློ་གཟུ་བོར་གནས་པ། སོ་སོའི་མི་གཤིས་བརྟན་ཚུགས་ཐུབ་པ་ཞིག་ཡིན་དགོས། གོ་གནས་དང་དཔལ་འབྱོར་གྱི་ཀུན་སློང་ངན་པ་ཞིག་དང་ཐོག་མ་ནས་འགྲོག་ཡོད་མཁན་དེ་དག་གིས། རྐྱེན་དང་གོ་སྐབས་ལ་འཕྲད་ན་ཁ་ལག་མི་མཚུངས་བའི་འཁྲབ་སྟོན་སྣ་ཚོགས་ཤིག་བྱེད་ཀྱིན་ཡོད་པ་རེད།
 
དྲི་བ། ཡང་མི་ལ་ལས་བཙན་བྱོལ་ནང་གི་རྩོམ་ཡིག་ཕལ་ཆེ་བ་ཉེ་མཐོང་རང་བཞིན་ཅན་དང་རྩོམ་པ་པོ་མང་ཆེ་བ་ཕུགས་བསམ་དང་དཀྱེལ་ཡང་གི་བསམ་བློ་མེད་པའི་སྣང་ཚུལ་ཡོང་གིན་འདུག་ཟེར་བའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
 
ལན། རྩོམ་འབྲི་མཁན་མང་ཆེ་ཤོས་གཞོན་སྐྱེས་རེད། ཁོང་ཚོའི་བྲིས་བའི་རྩོམ་ཡིག་ཀྱང་སྙན་ངག་གི་རིགས་རེད། ཁོང་ཚོས་གནས་སྐབས་ཀྱི་བདེ་སྡུག་ཙམ་གླེང་གིན་ཡོད། དེ་དག་ལས་ཁག་ཅིག་སྐབས་བྱེ་བྲག་པའི་རིན་ཐང་ཅན་དང༌། ཁག་གཅིག་མ་འོངས་པའི་བདེ་སྡུག་ལ་ཡང་འབྲེལ་བ་ཡོད། ཐད་ཀར་རྒྱ་ནག་ལ་ཁ་གཏད་དེ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་འབྲི་བ་དང༌། བོད་པའི་སྤྱི་ཚོགས་ནང་གི་ལེགས་མི་ལེགས་དང་མཛེས་མི་མཛེས་ཀྱི་སྣང་ཚུལ་ཐད་ཀར་བརྗོད་ཀྱིན་ཡོད་པ་དེ་ཚོར་རྩོམ་རིག་གི་རིན་ཐང་ཆུང༌། རྩོམ་ཡིག་དེ་རིགས་ལ་གཏན་ཚུགས་དང་གནས་ལུགས། མཛེས་དཔྱོད་ཀྱི་ཕུགས་འདུན་མེད་སྟབས་རྩོམ་རིག་གི་རིན་ཐང་ཡང་མེད། དེར་བརྟེན། ངས་ནམ་རྒྱུན་འདི་ལྟར་འབོད་སྐུལ་ཞུ་བཞིན་ཡོད། ང་ཚོར་༧རྒྱལ་བ་རིན་པོ་ཆེ་ལྟ་བུའི་དེད་དཔོན་རླབས་ཆེན་ཞིག་ཡོད། དམངས་གཙོ་དང་འཛམ་གླིང་ཞི་བདེ། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་སོགས་ཀྱི་ལམ་སྟོན་འོག ང་ཚོའི་རྒྱལ་ཁབ་དང་ང་ཚོའི་མི་རིགས་ཟེར་བ་ཙམ་མ་ཡིན་པར། འཛམ་གླིང་རང་བཞིན་དང་རྒྱལ་སྤྱི་རང་བཞིན། འགྲོ་བ་མིའི་རིགས་སྤྱིའི་བདེ་སྡུག་མཉམ་འཁུར་གྱི་ལྟ་བ་འཛིན་དགོས་པ་དང༌། ༧གོང་ས་མཆོག་གི་དགོངས་གཞི་ལྟར་རྒྱ་མི་རིགས་དང་གྲངས་ཉུང་མི་རིགས་གཞན། ཁྱིམ་མཚེས་རྒྱལ་ཁབ་གཞན། རང་བྱུང་ཁོར་ཡུག་སོགས་ལའང་རྩོམ་རིག་གི་བསམ་བློས་ཁྱབ་ཐུབ་པར་བྱས་ཏེ། མཛེས་དཔྱོད་ཀྱི་ཕུགས་འདུན་ཞིག་ལ་སྙེགས་ཐུབ་པ་ཡིན་ན། ང་རང་ཚོའི་རྩོམ་རིག་གི་རིན་ཐང་ཇི་སྲིད་བར་གནས་ཐུབ་ལ། མི་སེམས་གཡོ་བའི་རྩོམ་རིག་གི་
ནུས་པའང་འཐོན་ཐུབ་ཅེས་བཤད་ཀྱིན་ཡོད།
 
དྲི་བ། སྐུ་ཉིད་ལ་ད་ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོར་ལྟ་ཚུལ་གང་འདྲ་ཡོད་པ་དང༌། ཞི་རྒོལ་དེ་ལྟ་བུ་ཞིག་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ངོས་འཛིན་བྱེད་ཀྱིན་ཡོད་དམ།
 
ལན། ད་ལོའི་བོད་ནང་གི་སྙིང་སྟོབས་དང་རྒྱལ་སྤྱིའི་རྒྱབ་སྐྱོར་སོགས་ལ་བལྟས་ན་རེ་བ་གསར་བ་ཞིག་ཡོང་གིན་འདུག འོན་ཀྱང༌། ཛ་དྲག་གི་གནས་སྟངས་དེ་ཤུགས་ཆེ་རུ་སོང་བ་ཡིན་ན། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་དོན་རྐྱེན་ལྟ་བུ་དང༌། བོད་མི་སྟོང་ཕྲག་དང་ཁྲི་ཕྲག་དམར་གསོད་གཏོང་གི་རེད་བསམ་ཡོད། དེ་ནི་མི་རིགས་དང་རིག་གནས་ཀྱི་སྙིང་སྟོབས་མིན་པར། བག་ཆགས་ཤིག་དང༌། ༧རྒྱལ་བ་རིན་པོ་ཆེས་གཟི་བརྗིད་ཀྱིས་རྒྱལ་སྤྱིའི་སྟེང་ནས་བོད་དོན་ལ་རེ་བ་སླེབས་པ། དབུ་མའི་ལམ་གྱི་སྲིད་བྱུས་འདིས་བོད་ཕྱི་ནང་གི་སྒོ་མོ་ཕྱེས་ཏེ། བོད་ཕྱི་ཡི་གནས་སྟངས་ནང་ནས་ཤེས་ཏེ་སེམས་ཤུགས་འཕར་བ་དང༌། བོད་ནང་གི་སེམས་ཤུགས་ཕྱི་ནས་རྟོགས་ཏེ་རེ་བ་སླེབས་པ་སོགས་ཕན་ཚུན་གཞོགས་འདེགས་ཀྱི་དབང་གིས་བྱུང་བ་རེད་བསམ་ཡོད།
 
དྲི་བ། གོ་ཐོས་སུ་རྒན་ལགས་ཀྱིས་སློབ་གྲྭ་ནས་དགོངས་པ་ཞུས་ཏེ་རྩོམ་པ་པོ་ལྗང་བུ་ལགས་ཀྱི་གདན་ཞུ་ལྟར། མི་འགྱངས་པར་ཧཕ་རིན་སིའི་གཙུག་ལག་སློབ་གྲྭ་ཞིག་ཏུ་དགེ་རྒན་ལ་ཕེབས་འཆར་ཡོད་པའི་སྐད་ཆ་འདུག་པ་བདེན་པ་རེད་དམ།
 
ལན། དེ་བདེན་པ་རེད། ཧཕ་རིན་སིའི་རྒྱལ་ས་ཕེ་རུ་སིར་མི་རིགས་འདྲ་མིན་ ༩༠ ལྷག་གི་སྐད་ཡིག་ཡོད་པའི་མི་རིགས་སྐད་ཡིག་གཙུག་ལག་སློབ་གྲྭ་ཞིག་ཡོད་པ་རེད། དེའི་ནང་བོད་ཡིག་སྡེ་ཚན་བཙུགས་ཏེ་ལོ་ངོ་ ༣༠ ཙམ་འགྲོ་བཞིན་ཡོད་ས་རེད། དེར་བོད་ཀྱི་སྐད་ཡིག་དང་ནང་ཆོས། རྒྱལ་རབས། རྩོམ་རིག་སོགས་སློབ་ཁྲིད་བྱེད་ཀྱིན་ཡོད་པ་དང༌། སྐུ་ཞབས་ལྗང་བུས་དེ་གར་གློག་བརྙན་བཟོ་སྐྲུན་གྱི་ཞོར་དུ་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་གིན་ཡོད་པ་རེད། འོན་ཀྱང༌། ཆེད་ལས་ཀྱི་སྟེང་ལ་འགྲོ་དགོས་སྟབས་ཁོ་རང་གི་ཚབ་ཏུ་མི་ཞིག་འཚོལ་ཕྱིར་ང་ལ་འབྲེལ་བ་བྱུང་སོང༌། སྔོན་མ་ནས་ང་རང་ཆེད་ལས་རྩོམ་པ་པོ་ཞིག་བྱ་འདོད་ཡོད་ལ། ལྷག་པར་དུ་སྒྲུང་གཏམ་དང་གློག་བརྙན་འཁྲབ་གཞུང་གི་རིགས་འབྲི་འདོད་ཡོད། ༢༠༠༢ ལོར་ངས་དབྱངས་ཅན་སྤྲུལ་བའི་གླེགས་བམ་ཞེས་པའི་དེབ་ཅིག་བྲིས་ཡོད། དེའི་ནང་འདི་ལྟར་བྲིས་ཡོད། ད་ལྟ་ཕྲན་གྱི་འདུན་པ་ནི་འཚོ་བའི་མཐུན་རྐྱེན་ནམ་རྒྱབ་སྐྱོར་གནང་མཁན་ཞིག་བྱུང་ན། ཆེད་ལས་རྩོམ་པ་པོ་ཞིག་བྱས་ཏེ་མི་རིགས་ཀྱི་སེམས་ཁམས་གསོ་སྐྱོང་བྱེད་མཁན་གྱི་ལྷ་རྗེ་ཞིག་ཆགས་འདོད་པའི་རྨི་ལམ་དེ་ཡིན། འོན་ཀྱང༌། རྨི་ལམ་ཚང་མ་རྨི་ལམ་རང་མིན་པའི་ཡིད་ཆེས་ཡོད། དེ་ནི་གཙོ་བོ་ཁྱེད་ཅག་གི་གཟིགས་སྐྱོང་ལ་རག་ལས་ཡོད་ཅེས་བྲིས་ཡོད་ལ། དེ་སྔོན་མ་ནས་རང་གཞུང་གི་བཀའ་བློན་ཚོ་དང་སྒྲིག་འཛུགས་ཁག་ལའང་བདག་གི་རེ་འདུན་དེ་ཞུས་མྱོང་ཡོད། འདི་གར་དུས་ཚོད་ཀྱི་དབང་གིས་ཆེད་ལས་རྩོམ་པ་པོ་ཞིག་ཡོང་ཐབས་མེད་པ་དང༌། ཐ་ན་དེབ་ཞིག་དཔར་སྐྲུན་བྱ་རྒྱུར་ཡང་དཔལ་འབྱོར་གྱི་དཀའ་ངལ་ཆེ་སྟབས། སློབ་གྲྭ་དེར་ཟླ་ཕོགས་སོགས་དངུལ་གྱི་ཡོང་སྒོར་ལྟ་ས་མེད་ཀྱང༌། བདུན་ཕྲག་རེར་སློབ་ཐུན་གསུམ་ཙམ་ལས་མི་འདུག དུས་ཚོད་དང་ཁོར་ཡུག་གི་ཆ་རྐྱེན་ཡག་པོ་འདུག དེར་བརྟེན་བདག་གིས་ངོས་ལེན་བྱས་པ་ཡིན་ལ། ཟླ་འདིའི་ཟླ་མཇུག་ཙམ་ལ་འགྲོ་རྒྱུ་ཡིན།
 
དྲི་བ། སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རྒྱུན་རིང༌། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་བཞིན་གྲོས་ཚོགས་འཐུས་མིའི་སྤུས་ཚད་བཅས་ལ་མཐོང་ཚུལ་གང་འདྲ་བྱུང་སོང་ངམ།
 
ལན། སྤྱི་འཐུས་གྲོས་ཚོགས་ནང་ནམ་རྒྱུན་འདི་འདྲ་ཞིག་ཡོང་གིན་འདུག གྲོས་ཚོགས་ཀྱི་ཚོགས་གཙོ་ཡིན་ན་ཅི་ཡང་འགྲིག་ཡོད་པ། དབང་ཆ་མཐོ་ཤོས། ནོར་འཁྲུལ་གང་ཡང་མེད་པ། དབང་ཚད་ག་རེ་བེད་སྤྱོད་བཏང་ཡང་འགྲིག་ཡོད་པའི་ལམ་སྲོལ་ཞིག་འདུག ངའི་བསམ་པར་དེ་ནི་རྒྱུ་མཚན་དང་གནས་ལུགས་མ་རྩིས་པའི་རྨོངས་དད་རང་རེད་དྲན་ཡོད། གཉིས་པ། ལས་དོན་བྱེད་ཕྱོགས་འགའ་རེ་ཁྲིམས་དང་སྒྲིག་གཞི་ལ་མཐུན་མི་མཐུན་ཡོང་སྐབས། འདི་སྔོན་མའི་འགྲོ་སྟངས་དང་ལུགས་སྲོལ་རེད། ཅེས་ལམ་ལུགས་སྲོལ་རྩ་ཆེན་བྱས་ཏེ་ཁྲིམས་སྒྲིག་གཞི་སྣང་མེད་བྱེད་པ་དེ་འདྲ་ཡོང་གིན་འདུག དེ་ཚོ་ཁྲིམས་ཀྱི་དབང་སྒྱུར་དང་གང་ཟག་གི་དབང་སྒྱུར་གང་གི་འོག་ཏུ་འགྲོ་བཞིན་ཡོད་མེད་ཉེན་ཁ་རེད། ལྷག་པར་དུ་སྤྱི་འཐུས་ཟེར་བ་དེ་ཁྲིམས་བཟོ་ལྷན་ཚོགས་ཤིག་ཡིན་དུས་སོ་སོས་བཟོས་པའི་ཁྲིམས་དེར་སོ་སོས་རྡོག་རོལ་བྱ་མི་རུང༌། དེ་བཞིན་ཚོགས་གཙོའི་སྟངས་འཛིན་བྱེད་ཕྱོགས་ཀྱང་དེ་འདྲ་འཐུས་ཚང་ཞིག་ཡོང་གིན་མི་འདུག དཔེར་ན། མཚམས་རེར་གནད་དོན་གལ་ཆེན་རེ་ཟུང་གི་ཐད་འཐུས་མི་ཚོས་དགོངས་འཆར་འདོན་སྐབས། ལ་ལར་ཆུ་ཚོད་ཕྱེད་ཀ་རེ་ཡོད་པ་དང༌། ལ་ལར་སྐར་མ་ལྔ་དྲུག་རེ་ལས་མེད་པ་དེ་འདྲ་རེད། དེ་ནི་ཚོགས་གཙོར་ཕྱོགས་རེས་ཡོད་པ་དེ་འདྲ་མ་རེད། ཚོགས་གཙོས་སྟངས་འཛིན་མ་ཐུབ་པ་རེད། གྲ་སྒྲིག་དང་དུས་ཚོད་ཆ་བགོས་བྱེད་སྟངས་ཡག་པོ་མ་བྱུང་བ་རེད། གཞན་གྲོས་ཚོགས་འཐུས་མིའི་སྤུས་ཚད་སྤྱིའི་ཆ་ནས་ཡག་པོ་འདུག འོན་ཀྱང༌། ངའི་བསམ་ཚུལ་ལ་མི་དམངས་ཀྱི་སྤྱི་འཐུས་ཤིག་བྱེད་པར་ཤེས་ཚད་དང་འཇོན་ཐང༌། ཉམས་མྱོང་གང་ཅིའི་ཐད་ཉུང་མཐར་ལོ་ལྔ་དྲུག་ལ་སྤྱི་ཚོགས་ཁྲོད་ནས་ལས་ཀ་བྱས་བའི་ཉམས་མྱོང་ཅན་ཞིག་ངེས་པར་དུ་ཡིན་དགོས་ཀྱིན་འདུག་དྲན་ཡོད། སྤྱི་འཐུས་རེ་ཟུང་གིས་ལོ་བཞི་ལྔའི་རིང་གྲོས་ཚོགས་ནས་གསར་དུ་ཉམས་མྱོང་གསོག་རྒྱུ་ལས་བསམ་ཕོད་པ་བཤད་ཕོད་པ་སྒྲུབ་ཕོད་པ་དེ་འདྲ་ཁག་པོ་རེད། གཞན་པ་ཞིག་ལ་གྲོས་ཚོགས་འཐུས་མི་མང་ཆེ་བར་བོད་ནང་ལ་རྒྱུས་མངའ་ཧ་ཅང་སྐྱོ་བོ་རེད། དེར་རྒྱུས་ལོན་བྱེད་མཁན་ཡང་མི་འདུག  དེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་གི་དོན་དག་ལ་ལ་སྤྱི་འཐུས་ཚོས་མ་ཤེས་བ་དང་ཤེས་ཀྱང་དུས་ཐོག་ཏུ་གཞུང་ལ་འབྲེལ་བ་མི་བྱེད་པ་དེ་འདྲ་ཡོང་གིན་འདུག དེ་ཚོ་གྲོས་ཚོགས་འཐུས་མི་ཞིག་གི་ངོས་ནས་འཐུས་ཤོར་ཆེན་པོ་རེད་བསམ་ཡོད།
 
དྲི་བ། བོད་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་ལྟ་བུར་མཚོན་ན། སྔོན་མ་སྤྱི་ཚོགས་ནང་གླེང་སློང་གང་འཚམ་བྱུང་ཡོད་ཀྱང༌། ད་ཆར་དེ་ཙམ་གྲགས་འགུལ་མེད་པའི་རྣམ་པ་འདུག་པས་སྐུ་ཉིད་ཚོགས་གཙོ་ཡིན་པའི་ཆ་ནས་དེའི་ཐད་དགོངས་ཚུལ་ཞིག་གསུང་རོགས།
 
ལན། བོད་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་དེ་ཐོག་མར་འཛུགས་སྐབས་ཡག་པོ་བྱུང་ཡོད། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་ཡིག་དང་འབྲེལ་ཡོད་ལྷན་ཁང་ཁག་གི་རྒྱབ་སྐྱོར་འོག་གཞུང་འབྲེལ་གྱིས་དབུ་འབྱེད་མཛད་སྒོ་ཡག་པོ་འཚོགས་ཡོད། དེ་ནས་ལོ་ཁ་ཤས་རིང་ལས་ཀ་བྱེད་པ་དང་ཚོགས་ཆེན་འཚོགས་པ། རྒྱལ་སྤྱིའི་མཐུན་ཚོགས་སུ་ཞུགས་པ་སོགས་གང་འཚམ་ཡག་པོ་བྱུང་ཡོད། རྗེས་སུ་སྐབས་དེའི་ཚོགས་གཙོ་དང་འབྲེལ་ཏེ་མི་དམངས་ཁྲོད་ཞལ་འདེབས་སློང་བ་དང་ལས་ཁུངས་ཀྱི་ཚགས་པར་ཡང་འདོན་མ་ཐུབ་པར་སྒོ་རྒྱག་དགོས་པ་བྱུང་བ་རེད། དེར་བརྟེན་ཚོགས་མི་ཚོར་བློ་ཕམ་བྱུང་སྟེ་ཚོགས་ཆེན་གཉིས་པའི་སྐབས་ཚོགས་མི་ཉི་ཤུ་ཙམ་ལས་མི་འདུག རྗེས་སུ་བསྐྱར་དུ་ལྐོག་ཟ་རུལ་སུངས་ཀྱི་ནོར་འཁྲུལ་བཅོས་སྒྱུར་དང་འགན་འཛིན་ལྷན་ཚོགས་གསར་འདམས་བྱས་ཏེ། ལས་བྱེད་ཁ་ཤས་བསྐོ་འཇོག་གིས་ཚགས་པར་འདོན་ཐུབ་ཙམ་བྱུང་ཡོད། འོན་ཀྱང༌། ང་ཚོའི་རོགས་ཚོགས་ཀྱིས་རོགས་སྐྱོར་དམིགས་ཡུལ་དང་མཐུན་གྱི་མི་འདུག་ཟེར་སྟབས། དེང་སྐབས་ང་ཚོའི་དྲུང་ཆེ་ལས་ཚབ་གཅིག་པུས་འགན་གཙོ་བོ་བཞེས་ཏེ། བོད་རྒྱ་དབྱིན་གསུམ་ཡོད་པའི་དྲ་རྒྱ་ཞིག་གསར་འདོན་ལ་ཤུགས་སྣོན་བྱེད་ཀྱིན་ཡོད། ང་ཚོར་དཀའ་ངལ་གཙོ་བོ་དཔལ་འབྱོར་དང༌། གཉིས་པ། རྩོམ་པ་པོ་མང་པོ་ཞིག་གཞོན་སྐྱེས་དང་སྐད་ཡིག་གཉིས་གསུམ་མཁྱེན་མཁན་དཀོན་སྟབས། རྒྱལ་སྤྱི་རང་བཞིན་གྱི་ཚོགས་ཆེན་ལ་ཞུགས་རྒྱུར་དཀའ་ངལ་འཕྲད་ཀྱིན་འདུག ངས་སྔོན་མ་ནས་བོད་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་དེ་གཞུང་འབྲེལ་ཞིག་ཆགས་ཐུབ་པ་ཡིན་ན། རྩོམ་པ་པོ་རྒན་རབས་པ་མང་པོ་ཞུགས་ཐུབ་པ་དང་དཔལ་འབྱོར་གྱི་དཀའ་ངལ་མེད་པ། རྒྱལ་སྤྱིའི་སྟེང་ལ་མཉམ་ཞུགས་ཀྱིས་བོད་དོན་ཐད་ཕན་ནུས་ཐོན་པ་སོགས་ཀྱི་དགེ་མཚན་ཆེ་བར་མཐོང་སྟེ། གྲོས་ཚོགས་ནང་གྲོས་འཆར་བཏོན་ཡང༌། བཀའ་ཁྲིའི་ཞལ་བཞེས་ཐོབ་མ་སོང༌།
 
དྲི་བ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་ཆབ་སྲིད་ལྟ་གྲུབ་དང༌། སྲིད་སྟེགས་སྟེང་གི་དུས་རྒྱུན་གྱི་ཕྱག་ལས་གནང་ཕྱོགས་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
 
ལན། ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་མ་ཕེབས་གོང་དུ་བོད་པའི་ཤེས་ཡོན་སློབ་གསོར་འགྱུར་བ་གཏོང་དགོས་པའི་སྐོར་གྱི་དཔྱད་རྩོམ་ཞིག་བྲིས་ཡོད། དེ་ཡང་དག་པ་ཞིག་ཏུ་མཐོང་སོང༌། བདུན་ཅུ་དོན་གྲངས་ནས་དགོངས་ཚོད་དེ་ཡོད་པ་ཞིག་རེད། རྗེས་སུ་བཀའ་ཁྲིར་ཕེབས་རྗེས་དམིགས་འདུན་དེ་མངོན་འགྱུར་བྱས་པ་རེད། མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་གཙོ་བོར་བྱས་པའི་ཐོག་ནས་མི་རིགས་ཀྱི་ངོ་བོ་སྲུང་འཛིན་བྱེད་པ་དེ་ཡང་དག་དང་ཕུགས་རྒྱང་རིང་པོའི་དགོངས་གཞི་རེད། ཆབ་སྲིད་ཐད་ནས། ཁོང་གི་ལྟ་གྲུབ་གཙོ་བོ་སེམས་དཔའ་ཆེན་པོ་གྷན་ངྷི་མཆོག་གི་རྗེས་འབྲངས་རེད། དེ་བཞིན་དེང་སྐབས་འཛམ་གླིང་ཡོངས་སུ་བདེན་པ་དང་འཚེ་བ་མེད་པ་ཤུགས་ཆེན་བཤད་ཀྱིན་ཡོད་པ་རེད། བཀའ་ཁྲི་མཆོག་གི་ཆབ་སྲིད་ལྟ་གྲུབ་དང་ཤེས་ཡོན་སྲིད་བྱུས། སྤྱི་ཚོགས་འཛུགས་སྐྲུན། དཔལ་འབྱོར་སྒྲུབ་སྟངས་ཡོངས་རྫོགས་བདེན་པ་དང་འཚེ་བ་མེད་པར་གཞི་བཅོལ་ཏེ་ཕན་ཚུན་འགལ་བ་མེད་པར་ཟུང་དུ་འདྲེས་ཏེ་འགྲོ་ཐུབ་ཀྱིན་འདུག
 
དྲི་བ། ༧གོང་ས་མཆོག་གི་བཀའ་བཞིན་སྤྱི་ཟླ་བཅུ་གཅིག་པའི་ནང་གི་བོད་པའི་རྩ་དོན་ཐད་ཀྱི་ཚོགས་ཆེན་དེའི་སྟེང༌། བོད་པའི་རྩ་དོན་སྲིད་བྱུས་ལ་འགྱུར་བ་འདྲ་འགྲོ་
བར་མཐོང་གིན་ཡོད་དམ།
 
ལན། ངས་རྩ་དོན་སྲིད་བྱུས་ལ་འགྱུར་བ་ཆེན་པོ་འགྲོ་གི་མ་རེད་དྲན་ཡོད། དེ་ལ་རྒྱུ་མཚན་གཙོ་བོ་གཉིས་ཡོད། དང་པོ། ༧གོང་ས་མཆོག་གི་བཀའ་ཡིག་ནང་ད་ལོའི་བོད་ནང་གི་དོན་རྐྱེན་གྱི་རྒྱུ་རྐྱེན་ལ་བརྩད་གཅོད་ཡག་པོ་བྱ་དགོས་པ་དང༌། དེང་གི་རྒྱལ་སྤྱིའི་གནས་བབ་འོག་ནས་བོད་པའི་རྩ་དོན་དེ་གང་འདྲ་ཞིག་ཆགས་ཀྱིན་ཡོད་པ་བཅས་ལ་བགྲོ་གླེང་བྱ་དགོས་གསུངས་ཡོད། བགྲོ་གླེང་ཟེར་དུས་ཐག་གཅོད་གང་ཡང་མ་རེད། ལྷག་པར་དུ་རྒྱལ་སྤྱིའི་གནས་བབ་འོག་ནས་བོད་པའི་རྩ་དོན་ཟེར་དུས་རྒྱལ་སྤྱིའི་གནས་བབ་འོག་གི་བོད་དོན་དེ་དབུ་མའི་ལམ་ལ་རེ་ཆེ་བ་དང་རྒྱབ་རྩ་བརྟན་པོ་ཡོད་པ་ཞིག་ཆགས་ཡོད། གཉིས་པ། འགའ་རེ་ཡིས་གཞིས་ལུས་བོད་མི་བརྒྱ་ཆའི་བརྒྱ་ཐམ་པའི་ལྟ་བ་རང་བཙན་རེད། ཅེས་འུད་སྒྲོག་བྱེད་ཀྱིན་ཡོད་པ་དེ་ཚོ་ཡང་དག་མ་རེད། རང་བཙན་གྱི་སྐད་སྒྲ་གང་སར་བྱུང་བ་བདེན་པ་རེད། འོན་ཀྱང༌། རང་བཙན་ཁ་ནས་སྒྲོག་པ་ཙམ་གྱིས་སེམས་ཀྱི་རེ་འདོད་ཡིན་མིན་ལ་བསམ་བློ་ཞིབ་ཚགས་གཏོང་དགོས། དཔེ་མཚོན་ཙམ་ཞུས་ན། བཙན་བྱོལ་ནང་ལས་འགུལ་སྤེལ་སྐབས། རང་ཉིད་ཀྱི་ལངས་ཕྱོགས་གང་ཡིན་ཡང་རུང༌། རྒན་དར་གཞོན་གསུམ་སེར་སྐྱ་ཕོ་མོ་ཡོངས་ཀྱིས། བོད་རང་བཙན་གཙང་མ་ཡིན་ཟེར་བ་ལས། ང་ཚོར་དབུ་མའི་ལམ་དགོས་ཟེར་མཁན་ཐོས་མ་སོང༌། དེ་ཙམ་གྱིས་མངོན་འདོད་རང་བཙན་ཡིན་པ་མཚོན་མི་ཐུབ། དེ་བཞིན་བོད་ནང་གི་སྦྱར་ཡིག་སྟེང༌། བོད་མིའི་སྐྱིད་སྡུག་མཉམ་མྱོང༌། ཞི་བདེ་དམངས་གཙོ། ཚེ་སྲོག་ནི་རླབས་ཆེན་ཡིན་ཟེར་བ་སོགས་ལ་ཞིབ་ཏུ་བསམ་བློ་གཏོང་དགོས། མདོ་དོན། རྒྱ་ནག་གི་བཙན་འོག་ནས་འདུག་འདོད་མེད་པ་དང༌། ༧རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་འདོད་ཀྱི་རེ་བ་ཆེ་བ་དེ་གསལ་བོ་རེད། དེར་བརྟེན། སྤྱི་ཟླ་བཅུ་གཅིག་པའི་ཚོགས་ཆེན་སྟེང་བོད་ནང་གི་ཛ་དྲག་གི་རྒྱུ་རྐྱེན་བཙལ་ཏེ། གྱེན་ལངས་ནང་ཞུགས་མཁན་དང་ཏིང་སྙོམས་སུ་འདུག་མཁན། ཕྱི་ཡི་སྐད་སྒྲ་དང་ནང་གི་སེམས་འདུན། སྦྱར་ཡག་གི་ནང་དོན་སོགས་ལ་མཐུལ་ཕྱིན་པའི་དཔྱད་ཞིབ་བྱ་ཐུབ་ན་ད་གཟོད་གསལ་བོ་ཆགས་ཡོང་གི་རེད། ལྷག་པར་དུ་རྒྱལ་སྤྱིའི་གནས་བབ་འོག་གི་བོད་དོན་ཟེར་ན་རང་བཙན་ལ་རེ་ཕྲན་བུ་ཙམ་ཡང་མཐོང་གི་མི་འདུག

བསྐྱར་བཅོས།: ༢༠༠༨/༡༠/༢༣

Leave a Reply

One thought on “ཆེད་ལས་རྩོམ་པ་པོ་ཞིག་བྱ་རྒྱུ་ཡིན།

  1. འདིའི་མིང་ལ་ཁས་ལེན་ཨུ་ཚུགས་མ་ཞེས་བཏགས་ན་གང་འདྲ་རེད། སྐུ་རྩེད་ཡིན། དགེ་རྒན་ཁོང་གི་རེ་བ་དང་གཤིས་ཀ་གཉིས་ཆ་མཉམ་དུ་ཁ་བྱང་འདིའི་ནང་དུ་བཙན་གྱིས་བཅུག་འདུག གསར་འགོད་པའི་ཁ་དབང་དེ་འདི་འདྲ་ཞིག་ཡིན་པ་འདྲ། གང་ལྟར་ཀྱང་དགེ་རྒན་ལགས། བཀྲ་ཤིས་བདེ་ལེགས་ཡོད། ཕུན་སུམ་ཚོགས་ནས་ཤོག