གྲྭ་འཇིགས་མེད་རྒྱ་མཚོ་འཛིན་བཟུང༌བྱས་འདུག

རྒྱ་གཞུང་གི་ཉེན་རྟོག་པས་ཁ་སང་ཕྱི་ཚེས་ ༤ ཉིན་གྱི་བོད་ནང་གི་ཆུ་ཚོད་དང་པོའི་སྟེང་བླ་བྲང་དགོན་པའི་གྲྭ་འཇིགས་མེད་ལགས་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

གློག་ཀླད་བརྒྱུད་འདི་གའི་གསར་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་གཞུང་གི་ཉེན་རྟོག་པས་ཁ་སང་ཕྱི་ཚེས་ ༤ ཉིན་གྱི་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡ ཐོག་བླ་བྲང་རྒྱུད་སྟོད་གྲྭ་ཚང་གི་གྲྭ་འཇིགས་མེད་རྒྱ་མཚོ་འམ། འཇིགས་མེད་མགོ་རིལ་ལགས་རང་ཤག་ནས་འཛིན་བཟུང་བྱས་འདུག གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན། སྤྱིར་བཏང་ཟླ་སྔོན་མ་ཙམ་ནས་རྒྱ་གཞུང་གི་ཉེན་རྟོག་པའི་སུན་གཙེར་ལ་གཞའ་ཆེད། གྲྭ་འཇིགས་མེད་རང་ཤག་ནས་འདུག་མ་ཐུབ་པར་ཕྱོགས་འདྲ་མིན་ལ་བྲོས་བྱོལ་དུ་སོང་ཡོད། འོན་ཀྱང༌། ཁ་སང་དགོན་པའི་གྲྭ་བ་རྣམས་ཚོགས་ཚོགས་སྐབས། གྲྭ་འཇིགས་མེད་ཀྱི་སྒོ་ཁར་རླངས་འཁོར་གཉིས་བཞག་ཡོད་པ་གྲྭ་བ་མང་པོ་ཞིག་གིས་མཐོང་འདུག ཚོགས་གྲོལ་ཏེ་ཉིན་གུང་ཆུ་ཚོད་ ༡ ཐོག་གང་ནས་ཡིན་པ་གསལ་བོ་མི་ཤེས་ཤིང༌། ཉེན་རྟོག་པའི་སྒྲིག་ཆས་ཡང་གྱོན་མེད་པའི་མི་མང་པོ་ཞིག་གིས་གྲྭ་འཇིགས་མེད་རང་ཤག་ནས་འཛིན་བཟུང་བྱས་ཏེ་ཁྲིད་སོང་ཟེར། སྐབས་དེར་གྲྭ་བ་མང་པོ་ཞིག་གིས་རླངས་འཁོར་འགོག་ཐབས་བྱས་ཡོད་ཀྱང༌། འགོག་ཐུབ་མ་སོང་ཟེར། 

དགོན་པའི་གྲྭ་བ་ཚོས་ད་བར་ཁོ་རང་ནང་དུ་ཡིབ་ཡོད་པ་ཤེས་ཡོད་པ་མ་རེད། ཁོང་འཛིན་བཟུང་བྱས་པའི་རྗེས་སུ་སྐད་ཆ་ཐོས་གསལ་ལྟར་ན། ཉེ་སྔོན་ཁོང་གིས་བླ་བྲང་སྲིང་སྟོད་ཀྱི་ཚོང་ཁང་ཞིག་ནས་ལག་འཛིན་གློག་སྒྲོན་གཉིས་ཉོས་ཏེ་ཕྱིན་ཡོད་པ་མཐོང་མཁན་འདུག ཁོང་འཛིན་བཟུང་བྱེད་སྐབས་ཀྱི་རླངས་འཁོར་དང་ཉེན་རྟོག་པ་དག་ས་ཁུལ་གང་ནས་ཡིན་པ་དང༌། ཁོང་འཛིན་བཟུང་བྱས་རྗེས་གང་དུ་ཁྲིད་པ་སོགས་ད་ལྟ་གང་ཡང་ཤེས་རྟོགས་མི་འདུག དགོན་པའི་གྲྭ་བ་ཚང་མས་ཁོང་ལ་སེམས་ཁྲལ་བྱེད་ཀྱིན་འདུག གལ་སྲིད་སྔོན་མ་ནས་ཁོང་གྲྭ་ཤག་ཏུ་ཡུབ་ཡོད་པ་ཤེས་ན། ཚང་མས་རོགས་རམ་གྱིས་ཐབས་ལམ་ཞིག་འཚོལ་ཡོད་པ་རེད། ད་འཛིན་བཟུང་བྱས་ཚར་བ་རེད། རྒྱ་གཞུང་གིས་ཐེངས་འདིར་ཁོང་ལ་ཉེས་རྡུང་མནར་གཅོད་ཚད་མེད་བཏང་སྟེ། མི་ཕྱེད་ཀ་ལྟ་བུ་བཟོ་སྲིད་པ་རེད་ཟེར་གྱིན་འདུག ཅེས་བརྗོད་སོང༌།

གྲྭ་འཇིགས་མེད་རྒྱ་མཚོ་ལགས་ནི་བླ་བྲང་དགོན་པའི་ཉེ་འདབ་ཕུག་སྡེ་ཞེས་པ་ནས་ཡིན་ཞིང༌། ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་ཨ་མྲ་ཝ་ཏི་ལ་ཆེད་ཕེབས་ཀྱིས་༧གོང་ས་མཆོག་གིས་བསྩལ་བའི་དུས་འཁོར་དབང་ཆེན་ཞུས་རྗེས། ཕྱིར་ཕ་ཡུལ་དུ་ལོག་མ་ཐག་བསང་ཆུ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱས་ཏེ། དུས་ཡུན་གང་འཚམ་རིང་བཙོན་འཇུག་མནར་གཅོད་ཚད་མེད་བཏང་ཡོད། ད་ལོའི་བོད་ནང་གི་ཞི་རྒོལ་སྐབས་ཁོང་གིས་ཨ་རིའི་བོད་སྐད་རླུང་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཇིགས་ཞུམ་མེད་པར་བོད་ནང་གི་དཀའ་སྡུག་གནས་སྟངས་དང༌། གཞིས་ལུས་བོད་མིའི་རེ་འདུན་ངོ་མ་དེ་གསལ་བཤད་བྱས་ཡོད།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “གྲྭ་འཇིགས་མེད་རྒྱ་མཚོ་འཛིན་བཟུང༌བྱས་འདུག

  1. སྟག་སྨྱོན།

    རྒྱལ་ཞེན་ཅན་གྱི་བོད་མི་འདི་འདྲ་གྲོགས་མེད་ཁེར་རྐྱང་དུ་གར་འགྲོ་འདིར་འདུག་གི་ཁ་ཕྱོགས་མེད་པར་ཁེར་རྐྱང་དུ་བཞུགས་པའི་གནས་ཚུལ་རྣམས་དྲན་ན་སེམས་ཁོང་གི་སྐྱོ་སྡུག་མེ་རི་ལྟར་འཕྱོར་ཡོང་གི་འདུག ཇི་འདྲའི་མི་རིགས་ཁྲེལ་ཡོད་ཞིག་རེད་འདུག

  2. ཨ་ཁ་ཁ། ད་ནུས་བ་ཡོད་ན་ཐོན་། གལ་ཏེ་བཙན་བྱོལ་བོད་གཞུང་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་ཚོགས་པ་ཁག་ལ་ནུས་པ་རེ་ཡོད་ན། ད་འདོན་པའི་དུས་ལ་བབ་ཡོད། ང་ཚོར་ཁོང་གི་སྐུ་སྲོག་སྐྱོབས་པའི་ནུས་པ་རེ་ཡོད་དམ། ཟམ་དོང་བླ་མ། བོད་ཀྱི་གཞོན་ནུ་དང༌། བུད་མེད། དགུ་བཅུ་གསུམ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རྣམས་ལ་འདི་ལྟ་བུ་མི་རིགས་ཀྱི་རྒྱལ་གཅེས་པ་འདིའི་ཚེ་སྲོག་ལ་ཉེན་ཁ་མི་ཡོང་ཆེད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་སྙན་ཞུ་དང༌། རྒྱ་གཞུང་ཁྲིམས་མེད་ལུགས་མིན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་ན་བྱེད་རན་རེད།