གནོང་འགྱོད་ཆེ་བའི་མི་ལོ་ ༣༠ ཤེས་ཡོན།

འདས་པའི་ལོ་ ༣༠ རིང་གི་ང་ཚོའི་འཐུས་ཤོར་ཚབས་ཆེ་ཤོས་ཤིག་ནི་ཤེས་ཡོན་གྱི་ཕྱོགས་ཡིན་ལ། འདས་པའི་ཟླ་གཅིག་གི་ནང་ཚུད་༧གོང་ས་མཆོག་གིས་འཐུས་ཤོར་འདིའི་ཐད་བཀའ་སློབ་ཐེངས་གཉིས་ལ་གནང་ཡོད། བཀའ་སློབ་འདི་དག་གི་ཐད་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ནས་ཞིབ་འཇུག་དང་གྲོས་བསྡུར་བརྒྱུད་མཐུན་འགྱུར་དང་ཁ་ཕྱོགས་འཚོལ་དགོས་སྟབས། འདི་གའི་གསར་ཁང་གིས་ཤེས་ཡོན་གྱི་སྡེ་ཚན་དང་འགན་ཡོད་མི་སྣ། ཆེད་ལས་པ། མང་ཚོགས་བཅས་ཀྱི་བགྲོ་གླེང་དང་དགོངས་ཚུལ་འཚོལ་བའི་སྟ་གོན་ལྟ་བུར། ཐོག་མར་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གཞི་རྐང་ལྟ་བུ་བོདཕྲུག་ཁྱིམ་སྡེར་ཕྱིན་པ་ཡིན།

ཕྱི་ཚེས་ ༢༧ གྱི་ཉིན་རྒྱབ་དེར་དགུན་ཁའི་ཉི་འོད་སྐྱ་ཐིང་ངེ་བ་ཞིག་གིས་ངྷ་སྟེང་བོད་ཁྱིམ་སློབ་གྲའི་རི་འབུར་དེར་དྲོད་ཀྱི་ལྷག་མ་རེ་སྤྲོད་ཀྱི་འདུག་ལ། ལོ་རྒན་ ༥༠ འཁོར་ལ་ཉེ་ཞིང༌། ཉིན་ཤས་སྔོན་ཚོགས་ཆེན་ཞིག་ཛ་དྲག་གིས་བསྡུས་ཤིང་གྲོལ་སའི་སློབ་གྲ་འདི་ནི་སླར་ཡང་བོད་མི་རིགས་ཀྱི་མ་འོངས་པའི་ལས་དབང་དང་འབྲེལ་བའི་བགྲོ་གླེང་གི་བསྟི་གནས་གལ་ཆེ་ཤོས་དེར་གྱུར་ཡོད། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་ནི་མི་ལོ་ ༥༠ རིང་གི་བོད་མིའི་ཤེས་ཡོན་གྱི་ཕམ་ཁ་དང༌། མ་འོངས་པའི་བོད་ཡིན། 

བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་ནི་དྲི་བ་མང་པོ་ཞིག་དང་བཅས་ཁོང་གི་ཡིག་ཚང་དུ་བཞུགས་འདུག ཁོང་གིས། བོད་ཁྱིམ་གྱི་མ་རྐང་སློབ་སྦྱོང་དེ་ ༡༩༨༦ ནས་ལག་བསྟར་བྱས་ཡོད་པས་སྲིད་བྱུས་གསར་བ་དེ་འདྲ་མ་རེད། ༡༩༨༦ ལོ་ནས་ང་ཚོས་ལངས་ཕྱོགས་དང་པོར་བོད་ཡིག་བསླབ་པའི་ལས་གཞི་དེ་མགོ་བརྩམས་ཡོད། ཡིན་ནའང༌། མིའི་འགྲོ་སྟངས་དང་བསྟུན་དགོས་པས། དབྱིན་ཇི་མེད་ན་འགྲིག་གི་ཡོད་པ་མ་རེད། ང་ཚོ་མུ་མཐུད་སློབ་སྦྱོང་ལ་ཕྱིའི་རྒྱལ་ཁབ་གང་དུ་འགྲོ། དེ་དག་ལ་ང་ཚོས་བསམ་བློ་གཏོང་དགོས་པ་དང་འགན་འཁུར་དགོས་གི་རེད། བཙན་གྱིས་བསྒྲུབ་ན་འགྲིག་གི་མ་རེད། ང་ཚོར་བོད་ཡིག་རྐྱང་པའི་ཐོག་སློབ་པའི་ཆ་རྐྱེན་གང་དུ་ཡོད། རྒྱ་གར་རྒྱལ་ཡོངས་ཡིག་རྩལ་གཏོང་གི་མིན་ནམ། ཡིག་རྩལ་བཏང་རྗེས་མཐོ་སློབ་གང་ཏུ་འགྲོའམ། ཇི་ལྟར་ལག་བསྟར་བྱེད་མིན་གྱི་ཆ་རྐྱེན་གང་ཡང་མེད་པར་ལས་རྒྱུ་ཡིན་ཟེར་ན་སྟོང་པ་རཻད། བསམ་བློ་དང་འཆར་གཞི་བཏང་ཆོག་གི་རེད། ང་ཚོས་ཡོད་བསྡད་པ་དེའི་སྟེང་མུ་མཐུད་ཡར་རྒྱས་གཏོང་བར་འབད་བཞིན་ཡོད།་ཅེས་གསུང་གི་འདུག
སློབ་གྲྭ་ཞིག་གི་སློབ་གསོ་གཙོ་བོ་དགེ་རྒན་ལ་ཐུག་ཡོད་པ་དང༌། སློབ་གྲྭ་བཟང་མིན་དང་སློབ་སྦྱོང་ཚད་ལྡན་ཡིན་མིན་དེ་ཡང་དགེ་རྒན་ལ་ཐུག་ཡོད། ཁོང་གིས་འདི་ལྟར་དགོངས་བཞིན་མུ་མཐུད་དགེ་རྒན་གྱི་སྤུས་ཚད་ཐད་གསུངས་དོན། དགེ་རྒན་འོས་སྦྱོང་ཐད་ནས་ང་ཚོ་བོད་པའི་དགེ་རྒན་ལ་སྦྱོང་བརྡར་གང་ནས་སྤྲད་ཡོང་གི་ཡོད་པ་དང༌། གང་དུ་སྤྲོད་ཀྱིན་པ་སོགས་སུ་གཅིག་ལའང་བཤད་རྒྱུ་མེད། ཚང་མ་རྒྱ་གར་ལ་རག་ལས་བསྡད་ཡོད་པ་རེད། སཱ་ར་མཐོ་སློབ་དང་ཝ་ར་ཎ་སི་ནས་ཐོན་པ་དེ་དག་ལ་རྩ་བའི་བོད་ཀྱི་སྐད་ཡིག་སློབ་སྦྱོང་ཐོབ་ཡོད་ནའང༌། དངོས་གནས་དགེ་རྒན་བྱ་རྒྱུའི་སློབ་སྦྱོང་དེ་སྤྲོད་ཀྱིན་ཡོད་པ་མ་རེད། དེ་དག་ཚང་མ་ཉམས་ཞིབ་གནང་དགོས་པ་རེད། ཤེས་རིག་ལས་ཁུངས་ལ་གྲ་སྒྲིག་གང་ཡང་མི་འདུག ཟབ་སྦྱོང་འཁྱུག་ཙམ་སྤྲད་པ་དེས་ཕན་གི་མ་རེད་ལ་ཁུངས་འཁྱོལ་གི་མ་རེད། ང་ཚོས་གཞི་རིམ་འོག་མའི་དགེ་རྒན་ལ་ང་རང་ཚོའི་ཟབ་སྦྱོང་སྤྲོད་ཀྱིན་ཡོད་པ་རེད། འབྲས་བུ་མ་ཐོན་པའི་གནད་བཙལ་ཏེ་གང་འདྲ་བྱས་ན་གྲུབ་འབྲས་ཐོན་མིན་ཐད་ཞིབ་འཇུག་བྱེད་དགོས་པ་རེད། ཅེས་འཐུས་ཤོར་དུ་ཕྱིན་སའི་ཕྱོགས་ཤིག་གླེང་བཞིན་མ་འོངས་པར་ཇི་དགེའི་ཐད་ཞིབ་འཇུག་གནང་དགོས་པ་རེད་ཟེར། འོན་ཀྱང༌། 
ཉེ་ལམ་གོང་ས་མཆོག་གིས་བོད་ཁྱིམ་མཛད་སྒོའི་སྟེང་ཆེད་ལས་པ་ཡོད་ན་སྟོན་རོགས། ཅེས་གསུངས་ཤིང་ཆེད་ལས་པའམ་རིགས་གཅིག་རྐང་འཛིན་པ་སྐྱེད་སྲིངབྱེད་དགོས་སྐོར་གསུངས་ཡོད། འདིའི་ཐད་ཚེ་དབང་ཡེ་ཤེས་ལགས་ཀྱིས་གསུངས་དོན། ང་ཚོས་ངྷ་སྟེང་བོད་ཁྱིམ་དུ་ཚན་རིག་སྡེ་ཚན་དང༌། གྷོ་པ་པུར་བྱུང་རིག་སྡེ་ཚན། བྷེལ་ཀོལ་དུ་ཚོང་འབྲེལ་སྡེ་ཚན་སོགས་དབྱེ་བའི་དམིགས་ཡུལ་དེ་རིགས་གཅིག་རྐང་འཛིན་ཐོག་ཤུགས་རྒྱག་པའི་ཆེད་ཡིན། དེ་བཞིན་ང་ཚོས་འཐུས་ཤོར་དང་ཆེད་ལས་པ་ཡོང་གི་མེད་པའི་རྒྱུ་རྐྱེན་དེ་གང་ཡིན་པ་ངེས་པའི་ཐོག་ནས་ཆ་རྐྱེན་སྐྲུན་དགོས་པ་དང༌། ལམ་སྟོན་གནང་ཕྱོགས་དང་འགྲོ་སོང་གཏོང་ཕྱོགས་སོགས་འཆར་གཞི་གང་འདྲ་ཞིག་འདིང་དགོས་པ་དང༌། ང་ཚོ་སྐྱབས་བཅོལ་བའི་རྣམ་པ་ཡིན་པའི་ཆ་ནས་རྒྱ་གར་གྱིས་དམིགས་བསལ་དགོངས་བཞེས་ཀྱི་ས་མིག་མེད་པ་ཡིན་ན་ང་ཚོ་ལངས་ཕྱོགས་གཞན་པ་གང་འདྲ་ཞིག་ལ་འགྲོ་མིན་ཐད་ལའང་ཤུགས་རྒྱག་དགོས་པ་རེད། དེ་བཞིན་ཕྱིའི་གོ་སྐབས་ཀྱང་བཙལ་དགོས་པ་རེད། ཤེས་རིག་ལས་ཁུངས་དང་འབྲེལ་འདྲིས་ཀྱིས་བོད་པ་སྤྱི་ཡོངས་ཀྱི་ཕྱི་འབྲེལ་བའི་ཐོག་དགོས་མཁོ་གང་ཡོད་དེ་དག་ཚང་མ་བཙལ་རྗེས་ཤུགས་རྒྱག་དགོས་པ་རེད། ང་ཚོར་རིག་གཞུང་རང་གི་སྟེང་ནས་མཐོ་སློབ་ཝ་ར་ཎ་སིར་ལོ་གཅིག་ལ་སློབ་མ་ ༥༠ ལས་འགྲོ་ཐུབ་ཀྱི་ཡོད་པ་མ་རེད། མཐོ་སློབ་ཁག་དང་མཚན་ཉིད་གྲ་ཚང་མཚོན་པའི་མང་ཆེ་བ་གྲ་བ་རེད། སཱ་ར་མཐོ་སློབ་ནང་སློབ་མ་ཁ་ཤས་འགྲོ་བ་ལས་ང་ཚོ་ལ་འགྲོ་ས་ཡོད་པ་མ་རེད། བོད་པ་རང་སྟེང་ནས་བཤད་པ་ཡིན་ན་ཧ་ཅང་ཉུང་ཉུང་རེད། རིགས་གཅིག་རྐང་འཛིན་ཡིན་ནའང་ད་ལྟའི་ཆར་གང་ལ་གང་འཚམ་ཐོན་ཡོད་པ་རེད། ད་ལྟ་ང་ཚོའི་ངོས་ནས་སྐད་ཡིག་སློབ་སྦྱོང་དེ་གཞི་རྩར་བཟུང་སྟེ་ཚན་རིག་ལ་དམིགས་བསལ་གྱི་ཤུགས་རྒྱག་གི་ཡོད གང་ཡིན་ཟེར་ན་སློབ་མ་ཚོས་ཆུང་དུས་ནས་རྒྱ་ཆེ་ས་དེར་བསམ་བློ་གཏོང་ཐུབ་གི་མེད་པ་དང༌། བོད་པའི་སྤྱི་ཚོགས་ནང་ཚན་རིག་བླངས་པ་ཡིན་ན་དགེ་རྒན་ཞིག་བྱ་རྒྱུ་ལས་དམིགས་བསལ་ལས་ཐུབ་ཀྱིན་མི་འདུུག གཞོན་དུས་ཀྱི་བསམ་བློ་ཆུང་དྲག་པས་རེད། དེ་བས་སྐུ་མདུན་གྱི་བཀའ་སློབ་ཕེབས་པ་གཞིར་བཟུང་ཐོག་གཞི་རྒྱ་ཆེ་སར་བསམ་བློ་གཏོང་དགོས་པ་རེད།  སློབ་སྦྱོང་སློབ་གྲྭ་གཅིག་པུར་བློ་གཏད་ན་འགྲིག་གི་ཡོད་པ་མ་རེད་ལ། མཐའ་གཅིག་ཏུ་ཕ་མས་འགྲིག་གི་མི་འདུག་ཅེས་ལབ་ནང་འགྲིག་གི་ཡོད་པ་མ་རེད། སྤྱི་ཚོགས་དང་སློབ་གྲྭ་མཉམ་རུབ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་ཚང་མར་འགན་འཁྲི་ཡོད་པ་རེད་བསམ། ཉེ་ཆར་༧གོང་ས་མཆོག་གི་བཀའ་སློབ་དེ་ཚང་མར་སྨན་ཏུ་གྱུར་ཡོད་པ་རེད། ང་ཚོར་འདི་འདྲ་ཞིག་བྱེད་དགོས་བསམ་པའི་སེམས་ཤུགས་ཡོད་པ་རེད། ཡིན་ནའང་འགྲིག་མེད་པའི་ཕྱོགས་ཡོད་སྟབས་མ་འོངས་པར་ཚང་མ་མཉམ་རུབ་ཀྱིས་ཤུགས་རྒྱག་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུངས་བྱུང༌།
བོད་ཁྱིམ་ཤེས་ཡོན་འགན་འཛིན་བསྟན་འཛིན་བཟང་པོ་ལགས་ཀྱིས་བོད་ཁྱིམ་སློབ་གྲའི་གོམ་སྟབས་གསར་བ་རེ་ཟུང་གི་ཐད་གས྄ུཡས་དོན། ད་ལྟའི་བར་འཛིན་གྲྭ་དྲུག་པ་ནས་བརྒྱད་པའི་བར་རྒྱལ་རབས་དེ་དབྱིན་ཡིག་གི་ལམ་ནས་ཁྲིད་གི་ཡོད་པ་རེད། ཀློག་དེབ་སོགས་ཀྱི་དཀའ་ངལ་དང་མི་རིགས་རང་གི་ལོ་རྒྱུས་དེ་རང་གི་སྐད་ཡིག་གི་ལམ་ནས་སློབ་ན་ཕན་ནུས་ཡོད་པར་བསམ་སྟེ། ༢༠༠༩ ལོ་ནས་བཟུང་རྒྱལ་རབས་བོད་ཡིག་ཐོག་འཁྲིད་རྒྱུའི་འཆར་གཞི་གཏན་འབེབས་བྱས་ཡོད། འཐུས་ཤོར་གྱི་ཐད་ནས་ང་ཚོས་སྔོན་མ་བསླབ་བྱ་གཞན་ཐོག་རང་གི་སྐད་ཡིག་ལ་དོ་སྣང་སྤྲད་མེད་པ་རེད། ད་ལྟ་བསླབ་བྱ་ཁག་གི་དགེ་རྒན་ཡོངས་ཀྱིས་མ་སྐད་དང་མཉམ་དུ་ཚན་རིག་སོགས་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད། རང་གི་སྐད་ཡིག་གི་རྨང་གཞིའི་སྟེང་གཞན་སྦྱང་ན་ནུས་པ་འདོན་ཐུབ་གི་རེད། ད་ལྟ་ང་ཚོས་སྐད་གཉིས་སློབ་གསོ་ཡར་རྒྱས་གཏོང་ཐད་ལ་འབད་བརྩོན་བྱེད་བཞིན་ཡོད། ད་ལྟའི་ཆར་ལོ་གཅིག་ནང་བོད་པའི་སློབ་མ་ ༡༥ ལྷག་མ་གཏོགས་ཕྱི་རྒྱལ་ཏུ་སློབ་སྦྱོང་ལ་འགྲོ་ཐུབ་ཀྱིན་ཡོད་པ་མ་རེད། གལ་སྲིད་ལོ་རེར་སློབ་མ་བརྒྱ་ནས་ཉིས་བརྒྱ་གཏོང་ཐུབ་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་ཕན་ནུས་གང་འདྲ་ཞིག་ཆགས་ཐུབ་བམ། ༧གོང་ས་མཆོག་གིས་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་གི་ཡོད་ནའང༌། ང་ཚོའི་ཤེས་ཡོན་དང༌། འཛིན་སྐྱོང༌། གཞུང་ནང་ལས་ཀ་བྱེད་མཁན་དག་གིས་བསམ་བློ་འཁོར་གྱིན་མི་འདུག སྐུ་མདུན་ནས་ཐེངས་འདིའི་བཀའ་སློབ་བསྩལ་བ་དེ་ཕུགས་རྒྱང་རིང་པོ་ཞིག་ལ་བསམ་བློ་བཏང་རྗེས་གསུངས་ཡོད་པ་རེད། ང་ཚོ་ཤེས་རིག་གི་ཐོག་ལས་ཀ་བྱེད་བཞིན་པ་ཚོར་མིག་རྒྱང་རིང་པོའི་ལམ་ཀ་ཞིག་བསྟན་པ་རེད། སྐུ་མདུན་གྱི་དགོངས་པ་བཞིན་གོམ་པ་རྒྱག་རྒྱུའི་བློ་ཁོག་ང་ཚོར་གནང་བ་རེད༌། ང་ཚོས་བོད་རྒྱལ་ཁབ་དང་མི་མང་ལ་ཞབས་ཞུ་བསྒྲུབས་ནའང་ད་ལྟ་ཞབས་ཞུ་སྒྲུབ་སྟངས་མི་འདྲ་བ་ཞིག་གི་ཐོག་བསམ་བློ་གཏོང་གཞི་ཆགས་ཡོད་པ་རེད།ཅེས་གསུངས་སོང༌།
ཡང་འགན་འཛིན་ལས་ཚབ་ལེགས་བཤད་བསྟན་པ་ལགས་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་ཐད་བོད་ཁྱིམ་སློབ་གྲ་ནས་དོ་སྣང་དང་བགྲོ་གླེང་བྱས་པ྄་སྐོར་གསུངས་དོན། ཉེ་ཆར་༧གོང་ས་མཆོག་ནས་ཤེས་ཡོན་འཐུས་ཤོར་ཐད་བཀའ་སློབ་གནང་བ་དང་ང་ཚོའི་ངོས་ནས་གཟབ་གཟབ་བྱ་དགོས་འདུག་བསམ་པའི་ཚོེར་བ་ཤུགས་ཆེར་སྐྱེས་བྱུང༌། ད་ལྟ་བར་ཏུ་ང་ཚོས་ནུས་ཤུགས་ཡོད་དགུ་བཏོན་པ་ཡིན་ནའང་གྲུབ་འབྲས་མ་ཐོན་པས་བོད་མི་རིགས་དང༌། ང་ཚོ་རང་ཉིད་ཀྱི་མདུན་ལམ་ལའང་ཕན་ཐོགས་གི་མ་རེད། ༧གོང་ས་མཆོག་གི་བཀའ་སློབ་གནང་བའི་རྗེས་ལ་ང་ཚོ་འགན་འཛིན་གྱི་ཚོགས་འདུ་ཐེངས་མང་ཚོགས་པ་ཡིན་ལ། དམའ་རིམ་འཛིན་གྲྭ་ནས་འཛིན་གྲྭ་མཐོ་རིམ་བར་ང་རང་ཚོས་༧གོང་ས་མཆོག་གི་བཀའ་གནང་བ་གཞིར་བཟུང་གྲུབ་འབྲས་ཐོན་པའི་ཐད་གྲོས་བསྡུར་ཤུགས་ཆེན་གནང་བ་ཡིན། མ་འོངས་པར་དགེ་སློབ་གཉིས་ཀྱིས་འབད་བརྩོན་བྱེད་གི་ཡིན། རིགས་གཅིག་རྐང་འཛིན་གྱི་ཐད་ཚན་རིག་སྡེ་ཚན་ལ་འགྲོ་བའི་རིགས་གཅིག་རྐང་འཛིན་པར་ང་ཚོས་སློབ་ཡོན་ལྷག་མ་སྤྲད་དེ་གཏོང་གི་ཡོད་པ་རེད། རིགས་གཅིག་རྐང་འཛིན་སློབ་སྦྱོང་ལས་ཐོན་པའི་སློབ་མར་ཁོར་ཡུག་བསྐྲུན་པ་དང་ཁོང་ཚོར་ལས་ཀ་བཟོ་དགོས་པ་རེད། ལས་ཀ་མ་བཟོས་ནས་སྤྱི་ཚོགས་ནང་ཡོང་སའི་ཁོངས་མེད་པ་དང་སྤྱི་ཚོགས་གཞན་གྱི་ནང་འགྲོ་བསྡད་པའི་གནས་སྟངས་ཆགས་གི་ཡོད་པ་རེད། སྤྱི་ཚོགས་གང་དུ་བསྡད་ཀྱང་འགྲིག་ནའང་ང་ཚོའི་སྤྱི་ཚོགས་ནང་གནས་དགོས་ན་ང་ཚོས་ལས་ཀ་བཟོ་དགོས་པ་དང་ཁོར་ཡུག་སྐྲུན་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུངས་སོང༌།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “གནོང་འགྱོད་ཆེ་བའི་མི་ལོ་ ༣༠ ཤེས་ཡོན།

  1. འཐུས་ཤོར་གྱི་རྩ་བ་བཤད་ཐུབ་མཁན་ཡོད་དམ། དོན་ངོ་མར་ཤེས་ཡོན་གྱི་ཕྱོགས་ནས་བགྲོ་གླེང་མཐིལ་ཕྱིན་པ་ཞིག་བྱེད་དགོས་པར་འདུག