རྒྱལ་དར་ཟད་པོ།

འདི་ལོ་ཛ་དྲག་ཚོགས་ཆུང་གི་བཀོད་ཁྱབ་འོག་བཙན་བྱོལ་བོད་མིའི་ངོས་ནས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་རེད ཡིན་ནའང་ད་བར་ཛ་དྲག་ཚོགས་ཆུང་གིས་རྒྱལ་དར་ཇི་ཙམ་བར་སྒྲེང་དགོས་པ་དང་།  ཇི་ལྟར་སྒྲེང་དགོས་པའི་ལམ་སྟོན་གང་ཡང་ཕེབས་ཡོད་པ་མ་རེད།   དེ་བས་བཙན་བྱོལ་བོད་མི་མང་པོ་ཞིག་གིས་མུ་མཐུད་དེ་སྒྲེང་འཛུགས་བྱེད་བཞིན་ཡོད་ལ། ལྷོ་གཞིས་ཁག་ལྔའི་ས་གནས་གང་ས་རུ་ཡང་རྒྱལ་དར་རླུང་གི་དཀྱིལ་ན་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ཡིན་ནའང་གཡོ་བཞིན་པའི་རྒྱལ་དར་ཕལ་ཆེ་བ་ཟད་པོ་རེད། འདིའི་ཐད་བོད་མི་སྐོར་ཅིག་ལ་བཀའ་འདྲི་ཞུས་པའི་གནས་ཚུལ་ཞིག་གཤམ་དུ་གཟིགས་རོགས།

 དེ་ཡང་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་གྱིས་བརྗོད་དོན།   རྒྱལ་དར་ཟད་པོ་འདི་དག་མཐོང་དུས་ང་རང་གི་སེམས་ཀྱི་འཆར་སྣང་ཞིག་ལ་ཕྱི་ལོ་༢༠༠༨ ལོའི་ཞི་རྒོལ་བྱུང་ནས་ཡུན་རིང་ཕྱིན་པ་ཞིག་དང་། ང་ཚོའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཡིད་འགུལ་བ་དེ་དག་གི་འཕྲོ་འདི་ལྟར་སྐྱེལ་བཞིན་པ་ཞིག་དང་། ང་ཚོའི་ཆིག་སྒྲིལ་གྱི་སྟོབས་ཤུགས་ཡོད་ཚད་ཀྱི་ནུས་ཤུགས་ཁ་འཐོར་གྱི་ལམ་ནས་འདི་བཞིན་ཟད་བཞིན་པ་ཞིག་ཏུ་ཚོར་བྱུང་ལ། རྒྱལ་དར་སྒྲེང་འཛུགས་ཚར་རྗེས་འདི་ལྟར་ཉིན་མཚན་བར་མེད་དུ་སྒྲེང་སྟེ་སྣང་མེད་དུ་འཇོག་པ་མཐོང་དུས་ལྷབ་ལྷུབ་ཏུ་གཡོ་བའི་དར་ལྕོག་ཞིག་ཡིན་སྣང་ཤར་སོང་ཟེར། 

ཡང་མོན་གྷོ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ས་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་བརྗོད་དོན། མི་ཚང་མས་རྒྱལ་དར་ཟེར་བ་རྩ་ཆེན་པོ་ཡིན་པ་དང་།  དེ་ལ་རིན་ཐང་གང་འདྲ་ཞིག་སྤྲོད་དགོས་མིན་མ་ཤེས་པ་རེད་བསམ་གྱི་འདུག  གཞན་ཞིག་ནས་རྒྱལ་དར་སྒྲེང་དགོས་པའི་རྒྱུ་མཚན་དང་།  ག་དུས་སྒྲེང་དགོས་མིན།  ག་དུས་ཕབས་དགོས་མིན་སོགས་རྒྱལ་དར་བཀོལ་སྤྱོད་ལག་ལེན་གྱི་ཐད་ལམ་སྟོན་ཡིག་ཆ་གང་ཡང་ཡོད་པ་མ་རེད་ལ།  ལམ་སྟོན་གང་ཡང་ཕེབས་ཡོད་པ་མ་རེད།  མི་མང་གིས་ཀྱང་གང་ཡིན་ཤེས་ཀྱི་ཡོད་པ་མ་རེད།  དེར་བརྟེན་བསམ་བཞིན་མཐོང་ཆུང་བྱས་པ་མིན་ནའང་རྒྱལ་དར་ལ་དར་ལྕོག་ཞིག་གི་རིན་ཐང་ལས་འཇོག་མ་ཤེས་པ་རེད།  རྒྱུ་མཚན་འདིའི་རྐྱེན་བྱས་ནས་རྒྱལ་དར་གྱི་ཕྱེད་ཀ་རླུང་གིས་ཁྱེར་ཡང་ཚོར་བ་སླེབ་ཐུབ་ཀྱི་ཡོད་པ་མ་རེད།  ཟེར། 

ཡང་སྦེལ་ཀོབ་གནས་སྡོད་དགེ་བཤེས་བསྟན་འཛིན་གྱིས་བརྗོད་དོན། འཛམ་གླིང་གི་རྒྱལ་ཁབ་གང་ཡིན་རུང་རྒྱལ་དར་ནི་རྒྱལ་ཁབ་ཀྱི་མཚོན་དོན་ཡིན་པས་རྩ་ཆེན་དུ་བརྩི་གི་རེད།  དེ་ཡིན་ཙང་ང་ཚོ་བོད་པས་ཀྱང་དེ་བཞིན་བརྩི་གི་ཡོད་པ་རེད། ད་ལྟ་རྒྱལ་དར་འདི་ལྟར་ཧྲལ་པོར་གྱུར་དང་འགྱུར་བཞིན་ཡོད་ཀྱང་བདག་སྤྲོད་མི་བྱེད་པ་ནི་བོད་མི་ཚོས་སོ་སོའི་མཚོན་དོན་རྒྱལ་དར་ལ་བརྩི་མཐོང་བྱེད་སྟངས་ཤེས་ཀྱི་མེད་པའི་རྟགས་རེད་བསམ་གྱི་འདུག  དེ་ནི་ང་ཚོའི་མི་མང་ལ་ཆབ་སྲིད་གོ་རྟོགས་ཏག་ཏག་ཅིག་ཕུལ་ཐུབ་མེད་པའི་རྟགས་རེད།  ཟེར།

ཡང་སྤེལ་ཀོབ་ནགས་ཕྲན་པ་བསོད་ནམས་ཚེ་རིང་གིས་བརྗོད་དོན།   རྒྱལ་ཁབ་སུ་ཞིག་ཡིན་རུང་རྒྱལ་དར་ནི་རྒྱལ་ཁབ་ཀྱི་ངོ་བོ་མཚོན་བྱེད་རེད།   ང་ལ་འདིའི་ཐད་སེམས་ཚོར་ཆེན་པོ་ཡོད།  ང་ཚོས་རྒྱལ་དར་ཟེར་བ་ཅི་ཡིན་ཧ་མ་གོ་བ་ལ་བརྟེན་ནས་བོད་འདི་རྒྱ་འོག་ལ་ཤོར་བ་རེད།  ད་ལྟ་ང་ཚོའི་རྒྱལ་དར་ལ་ལྟོས་དང་།  ནམ་མཁའ་ལ་སྒྲེང་འཛུགས་བྱས་པའི་རྒྱལ་དར་ནི་རླུང་གིས་ཟད་པོར་བྱས།  ནང་ལ་ཡོད་པའི་རྒྱལ་དར་ནི་གད་སྙིགས་ཀྱི་ཁྲོད་དུ་སྐྱུར།  འདིས་ང་ཚོའི་མི་རིགས་དང་།  རྒྱལ་ཁབ་འདི་ལྟར་ཟད་བཞིན་པ་ཞིག་དང་།  རང་གིས་རང་ཉིད་ལ་བརྙས་ཏེ་རང་ཉིད་འདི་ལྟར་རིན་ཐང་མེད་པའི་གད་སྙིགས་ལྟ་བུའི་མི་ཞིག་ཏུ་སྒྱུར་བཞིན་པའི་ཚོར་སྣང་ཟབ་མོ་བྱུང་།  ཟེར། 

བོད་ཀྱི་རྒྱལ་དར་ནི་བོད་ལ་མཚོན་ན་བོད་མིའི་མཚོན་རྟགས་རེད། མཚོན་རྟགས་འདི་བརྒྱུད་ནས་བོད་ཟེར་བ་དེ་རྒྱལ་ཁབ་ཟུར་གསལ་བ་ཞིག་ཡིན་པའི་རྣམ་པ་སྟོན་གྱི་ཡོད་ལ འདི་ལོ་བོད་དུ་ཞི་རྒོལ་གྱེན་ལངས་ཀྱི་གནས་ཚུལ་ལྷག་པ་ནས་བཙན་བྱོལ་བོད་མིའི་གནས་ཡུལ་ཁག་ཏུ་རང་རང་གི་ཁང་པའི་ཡང་ཐོག་ཏུ་རྒྱལ་དར་འཛུགས་པའི་སྲོལ་ཞིག་དར་ཁྱབ་བྱུང་ཡོད་པ་དང་། རྒྱ་ནག་གིས་ཀྱང་སྙིང་ནད་ཆེན་པོས་ཁ་བྲལ་ལོག་སྤྱོད་དར་ཆ་རེད་ཟེར་ནས་སྐྱོན་བརྗོད་དྲག་པོ་བྱས།  ཡིན་ནའང་ད་ཆ་རྒྱལ་དར་འདི་དག་ཟད་པོ་དང་།  གད་སྙིགས་ཁྲོད་དུ་ལྷག་ཡོད་ཀྱང་དབུས་སའི་ལས་བྱེད་དང་།  བོད་མི་སུས་ཀྱང་འདིའི་ཐད་བདག་སྤྲོད་བྱེད་ཀྱི་ཡོད་པ་མ་རེད། 

                         

ས་གནས་གསར་འགོད་པ་འཇིགས་བྲལ་གྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་བའི་གནས་ཚུལ།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

6 thoughts on “རྒྱལ་དར་ཟད་པོ།

  1. རྒྱལ་དར་མི་འགེལ་རྒྱུ་དེ་སྐུ་ཚབ་ཚོ་ཐེངས་གསུམ་པར་ཕྱིར་ལོག་པ་ནས་བཟུང་རེད། ལྷག་པ་ཚེ་རིང་ཚོགས་ཁང་དུ་དེ་ལྟར་བྱུང་ལུགས་གསར་འགོད་པ་ཚོར་བཤད་རྒྱུ་འདུག མ་གཞི་འདིའི་སྐོར་གྱི་འགྱུར་བ་འདི་ཕྱིར་བསྒྲགས་མཁན་ཡང་གསར་འགོད་གསལ་བསྒྲགས་གོ་སྒྲིག་བྱེད་མཁན་དྲིལ་བསྒྲགས་ཀྱི་ལས་བྱེད་ཅིག་ཡིན་པ་ཡོད། སྐབས་དེ་དུས་ནི་ཟམ་གདོང་རིན་པོ་ཆེས་ཞི་མོལ་གྱི་ཁོར་ཡུག་སྐྲུན་གི་ཡིན་ཅེས་ཐང་ལ་རྒྱག་གི་ཡོད་པའི་དུས་སྐབས་དེ་རེད།

  2. ཁྱུང་ལྡིང༌།

    ཨ་རོགས་དགྲ་འདུལ། རྒྱ་རི་སོགས་པེ་ཅིན་ནས་ཕྱིར་གངས་སྐྱིད་དུ་འབྱོར་དུས་གསར་འགོད་གསལ་བསྒྲགས་ཀྱི་རྒྱབ་ལྗོངས་ལ་ནམ་རྒྱུན་བོད་ཀྱི་རྒྱལ་དར་གྱི་རས་གཞི་ཆེན་པོ་ཞིག་འཐེན་བཞིན་པ་དེ་ཡང་འཐེན་མི་ཆོག་པ་བཟོས་པ་རེད།་ ཟེར་བ་དེ་གོ་བ་ཐེངས་དང་པོ་ཡིན། དེ་ག་དུས་བཟོས་པ་རེད།