བོད་ཀྱི་རིག་གཞུང་དང་དེའི་ཉེན་ཁ།

རྒྱ་ནག་གཞུང་གིས། ཟླ་འདིའི་ནང་སློབ་གྲྭ་གཅིག་བསྡུས་ཀྱི་ལས་གཞི་མགོ་འཛུགས་བྱས་ཡོད་འདུག་ལ། སློབ་གསོ་གོང་འཕེལ་གཏོང་བར་ཁ་གཡར་ཏེ་བོད་ཡིག་འཕེལ་རྒྱས་ཀྱི་ཁོར་ཡུག་ཆུང་དུ་གཏོང་བཞིན་པ་མ་ཟད། བོད་ཀྱི་བླ་སྲོག་ལྟ་བུའི་སྐད་ཡིག་ཉམས་ཉེས་གཏོང་མགོ་བཙུགས་ཟིན་འདུག་ཅེས་བོད་ནས་ཡོང་མཁན་ཞིག་གིས་བརྗོད་བྱུང༌། 

   ཕྱི་ཚེས་ ༡༧ ཉིན་འདི་གའི་གསར་འགོད་པར་བོད་ནང་སློབ་གསོའི་ལས་དོན་སྒྲུབ་མཁན་ཞིག་གིས་བརྗོད་པ་ལྟར་ན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང་ཁོངས་གཏོགས་ཧོར་ཞང་སོགས་འབྲོག་སྡེ་ཁག་གི་སློབ་ཆུང་མང་པོ་ཞིག་སྒོ་བརྒྱབས་ཏེ། ད་ལྟ་རྩེ་ཁོག་རྫོང་དུ་སློབ་ཆུང་གཅིག་བསྡུས་ཀྱི་སློབ་འབྲིང་གཉིས་པ་ཞིག་གསར་དུ་རྒྱག་མགོ་བརྩམས་འདུག་ཅེས་བརྗོད་བྱུང་ལ། རྩེ་ཁོག་སྟོབས་ལྡན་ཞང་གི་མངའ་ཁོངས་སུ་སློབ་ཆུང་ཁག་དགུ་ཡོད་པ་དེ་དག་ལོ་རྗེས་མར་དངོས་སུ་སྒོ་རྒྱག་རྒྱུ་ཡིན་ཚུལ་བརྗོད་འདུག་ཟེར། དེ་བས་འབྲོག་ཁུལ་གྱི་ལོ་ན་ཆུང་བའི་སློབ་མ་དེ་དག་འགྲིམ་འགྲུལ་སྟབས་བདེ་མིན་པ་སོགས་ཀྱིས་ད་ལྟ་རང་ཁྱིམ་དུ་ལྷག་ཡོད་པ་དང༌། དེ་རུ་སློབ་གསོའི་ལས་དོན་གཉེར་བཞིན་པའི་དགེ་རྒན་གང་མང་ཞིག་ཀྱང་ལས་མེད་ཆགས་ཉེན་ཡོད་ཚུལ་བརྗོད་ཀྱི་འདུག ས་དེར་ཡོད་པའི་བོད་རིགས་མང་པོ་ཞིག་གིས། འདི་ནི་རྒྱ་ནག་གིས། བོད་མི་རིགས་ཀྱི་རིག་གནས་རྩ་གཏོར་གཏོང་བའི་ཐབས་ལམ་གསར་བ་ཞིག་ཡིན་པ་དང༌། བོད་ཀྱི་རིག་གནས་རྩ་མེད་བཟོ་བའི་ལས་གཞི་གསར་བ་ཞིག་མགོ་བཙུགས་ཟིན་ཅེས་བརྗོད་ཀྱི་ཡོད་པ་རེད། གནས་སྟངས་འདི་དང་འབྲེལ་བའི་ཐད་བོད་ནས་གསར་ཏུ་འབྱོར་བའི་རྨ་ལྷོ་སོག་རྫོང་ནས་ཡིན་པའི་གྲོགས་པོ་ཞིག་ལ་སྐད་ཆ་དྲིས་པར། ཁོས། འདིའི་ཐད་ཀྱི་གནས་སྟངས་ང་ཚོའི་ས་ཁུལ་ཏུའང་ཧ་ཅང་ཛ་དྲག་ཞིག་ཏུ་གྱུར་འདུག་ལ། ང་ཚོའི་སོག་རྫོང་གི་ལས་བྱེད་ཚང་མས་ཀྱང་རྒྱ་ཡིག་གཙོ་བོར་བཟུང་སྟེ་བོད་ཡིག་ལ་དེ་འདྲའི་དོ་སྣང་མི་བྱེད་པའི་གནས་ཚུལ་རྒྱུན་དུ་གོ་གི་འདུག ང་རང་ཁེའུ་སིན་སློབ་ཆུང་ནས་མཐར་ཕྱིན་ཏེ་རྫོང་གི་སློབ་འབྲིང་གཉིས་པ་བར་དུ་སོང་བ་ཡིན། སོག་རྫོང་མི་རིགས་སློབ་འབྲིང་ནང་གཙོ་ཆེ་བ་རྒྱ་ཡིག་གི་སློབ་གསོ་སྤྲོད་བཞིན་འདུག ང་ཚོ་ཁེའུ་སིན་ཞང་སློབ་ཆུང་ནང་སློབ་གྲྭའི་དགེ་རྒན་གྱི་བཀའ་དྲིན་ལ་བརྟེན་ནས་སློབ་རིམ་དང་པོ་ནས་བོད་ཡིག་གཙོ་བོར་བཟུང་སྟེ་རྒྱ་ཡིག་དང་དབྱིན་ཡིག་སོགས་ཞོར་དུ་ཁྲིད་བཞིན་ཡོད་པས། སློབ་ཆུང་དེའི་ནང་བོད་ཡིག་ཡག་པོ་སྦྱོང་ཐུབ་ཀྱི་ཡོད་པ་རེད། ཡིན་ནའང༌། རྫོང་མི་རིགས་སློབ་འབྲིང་ནང་སླེབས་སྐབས་ཁྲིད་གཞི་མང་ཆེ་བ་རྒྱ་ཡིག་ཐོག་ཡོད་པ་དང༌། སློབ་གྲྭ་སྤྱིའི་སློབ་གསོའི་མཁའ་དབུགས་ལ་བལྟས་ཚེ་རྒྱ་ཡིག་ཤུགས་ཆེ་བའི་ཚོར་སྣང་འདུག ཡིན་ནའང༌། དགེ་རྒན་ནང་བོད་ཡིག་གི་ཤེས་ཚད་མཐོ་བ་དང་མི་རིགས་ལ་དུང་ཞེན་ཟབ་མོ་ཡོད་པའི་དགེ་རྒན་མང་པོ་ཡོད་པས་སློབ་མ་ཚོས་ཀྱང་རང་འགུལ་གྱིས་བོད་ཡིག་ལ་དོ་སྣང་ཆེན་པོ་བྱེད་བཞིན་འདུག ང་ཚོའི་བོད་ཡིག་གི་དགེ་རྒན་གྱིས་ནམ་རྒྱུན་ང་ཚོར་སློབ་གསོ་སྤྲོད་དུས་རྒྱ་ཡིག་སྦྱོང་དགོས་པ་རེད། ཡིན་ནའང༌། བོད་ཀྱི་སྲོལ་རྒྱུན་རིག་གནས་འདི་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་དང༌། རང་ཉིད་བོད་རིགས་ཤིག་ཡིན་པའི་ཆ་ནས་བོད་ཡིག་ལ་དོ་སྣང་ཆེན་པོ་བྱེད་དགོས་པའི་སྐོར་གྱི་བསླབ་བྱ་རྒྱུན་དུ་གནང་གི་འདུག  དེ་བས་ད་ལྟའི་ཆར་སོག་རྫོང་གི་སློབ་ཆུང་ཁག་དྲུག་ལས་ཁེའུ་སིན་སློབ་གྲྭའི་བོད་ཡིག་ལ་དོ་སྣང་བྱེད་ཀྱིན་འདུག་ཅེས་གོང་རིམ་ནས་བརྗོད་ཀྱི་འདུག་ཟེར། རྒྱ་གར་དུ་ཡོང་བའི་ཐད། ཁོས། སྔོན་མ་ང་རྒྱ་གར་ཏུ་ཡོང་རྒྱུའི་འདུན་པ་རྩ་བ་ནས་མེད། ཡིན་ན་ཡང༌། ཕ་ཡུལ་དུ་ནམ་རྒྱུན་གང་སར་འཁྱམས་ཏེ་ཉི་མ་འཁྱོལ་ཐབས་བྱེད་བཞིན་ཡོད་པས། སྔོན་མ་ནས་ཡོད་པའི་སློབ་སྦྱོང་གི་འདུན་པ་དེ་བརླག་འགྲོ་གི་འདུག དེ་བས་ཕ་མ་དང་གཉེན་ཉེ་དག་གི་ངག་ནས་རྒྱལ་བ་རིན་པོ་ཆེའི་སློབ་གྲྭའི་ནང་བོད་ཡིག་གི་ཁོར་ཡུག་ཡག་པོ་ཡོད་པ་དང་རིག་གནས་སྦྱོང་བའི་གོ་སྐབས་མང་པོ་སྤྲོད་བཞིན་པ་ཐོས་རྗེས། ང་ཚོ་བོད་གངས་ཅན་གྱི་སྐྱབས་གནས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་རྒྱུ་དང་སློབ་སྦྱོང་དམིགས་ཡུལ་ལ་བཟུང་སྟེ་རྒྱ་གར་ཏུ་ཡོང་བ་ཡིན་པས། ཕ་མ་དང་གཉེན་ཉེ་དག་གི་རེ་བ་དང་ང་རང་ཉིད་ཀྱི་དམིགས་ཡུལ་སྟོང་ཟད་དུ་མི་གཏོང་བར་སློབ་སྦྱོང་ཡག་པོ་བྱ་རྒྱུ་ཡིན། ཅེས་བརྗོད་བྱུང༌། དེ་བཞིན་རང་ལོ་ ༡༣ ཡིན་ཞིང་ཕ་ཡུལ་འབའ་ཐང་ནས་ཡིན་པའི་བུ་མོ་ཞིག་ལ་དྲིས་པར། ཁོ་མོས་རྒྱ་སྐད་ཁོ་ན་ལས་བཤད་ཀྱི་མི་འདུག་ལ། ཁོ་མོས། ང་རང་འབའ་ཐང་ནས་ལོ་རིམ་དྲུག་པ་བར་སོང་བ་ཡིན། ང་ཚོའི་སློབ་གྲྭའི་ནང་ལོ་རིམ་དང་པོ་ནས་བོད་ཡིག་ཁྲིད་བཞིན་ཡོད་པ་རེད། ཡིན་ནའང༌། སློབ་གྲྭའི་སློབ་མ་མང་ཆེ་བ་དེ་རྒྱ་མིའི་སློབ་མ་ཡིན་པས་བོད་ཀྱི་སློབ་མ་དང་རྒྱ་མིའི་སློབ་མ་བོད་ཡིག་སྐབས་བཀར་ནས་ཁྲིད་བཞིན་ཡོད། དགེ་རྒན་ཚོས་སློབ་མར་དམིགས་བསལ་གྱིས་སློབ་སྦྱོང་ཐོག་ནན་མོ་བྱེད་ཀྱིན་མི་འདུག དེ་བས་ངས་བོད་ཡིག་ཡག་པོ་ཤེས་ཀྱི་མེད་སྟབས། ངའི་ཕ་མས་རྒྱ་གར་དུ་རྒྱལ་བ་རིན་པོ་ཆེའི་སློབ་གྲྭ་ཡོད་པ་དང༌། བོད་ཡིག་ཡག་པོ་སྦྱོང་ཐུབ་གི་རེད་ཟེར་ནས་ང་རང་རྒྱ་གར་ཏུ་བཏང་བ་རེད། ང་རང་སློབ་གྲྭར་སོང་སྟེ་བོད་ཡིག་ལ་ཧུར་བརྩོན་བྱ་རྒྱུ་ཡིན་ཅེས་བརྗོད་སོང་ལ། སློབ་གྲྭ་ནས་༧གོང་ས་མཆོག་གི་སྐོར་གྱི་གནས་ཚུལ་ཐོས་མྱོང་མིན་དྲིས་པར། ཁོ་མོས། ཕ་ཡུལ་ནས་རྒྱལ་བ་རིན་པོ་ཆེའི་པར་མཐོང་མྱོང་ཡོད། ཡིན་ནའང༌། རྒྱལ་བ་རིན་པོ་ཆེ་གང་དུ་བཞུགས་ཡོད་མེད་ཀྱི་གནས་ཚུལ་གཅིག་ཀྱང་ཐོས་མྱོང་མེད། ཅེས་བརྗོད་སོང༌། དེང་སྐབས་དབུས་སྣེ་ལེན་ཁང་སྒོ་ཁྱིམ་ཕྱི་ནང་ན་མོ་དང་མཉམ་དུ་ཡོང་མཁན་མདོ་དབུས་ཁམས་གསུམ་གྱི་བྱིས་པ་མང་པོ་ཞིག་མཉམ་དུ་རྩེད་མོ་རྩེས་བཞིན་འདུག་ལ། ཁོང་ཚོའི་བར་བརྡ་སྤྲོད་བྱེད་ཀྱི་སྐད་ཡིག་གཙོ་བོ་དེ་རྒྱ་སྐད་ཆགས་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “བོད་ཀྱི་རིག་གཞུང་དང་དེའི་ཉེན་ཁ།

  1. བོད། ཤ་ཁྲག་རུས་གསུམ།

    བོད་ནས་བོད་ཡིག་སློབ་མི་ཐུབ་པར་རྒྱ་གར་དུ་བོད་ཡིག་སློབ་དུ་ཡོང་བ་ནི་དངོས་ནས་དགའ་འོས་པ་ཞིག་ཡིན་ཡང་། རྒྱ་གར་ནས་དབྱིན་ཡིག་ལ་དབང་བཙན་པས་བོད་ཡིག་གི་ལས་དབང་གཉོམ་པོ་དེའི་འོག་ནས་བོད་ཀྱི་ཕ་མ་དེ་དག་གི་རེ་བ་ཆུད་ཟོས་སུ་འགྲོ་མི་ཡོང་ངམ་བསམ་ན་སེམས་པ་སྐྱོ་བ་ནི་སུ་ལ་ཡང་འགྲེལ་བཤད་བྱེད་ཐུབ་མེད་པ་ཞིག་འདུག བོད་མིས་བོད་ཡིག་སྤྱོང་བ་བོད་དོན་ཡིན་ལ། བོད་མིས་བོད་སྐད་བཤད་པ་བོད་དོན་ཡིན། བོད་མིས་བོད་དོན་མ་བྱས་ན། ད་ནི་སུས་བྱེད། དེས་ཆེད་བོད་བཙན་བྱོལ་གཞུང་གི་ཤེས་རིག་ལམ་སྟོན་ལ་གྲུབ་འབྲས་ནས་ལག་ལེན་ཡོད་པ་དང་ཕྱོགས་ཞེན་མེད་པ་ཞིག་བཟོ་ཐུབ་ན་ཅི་མ་རུང་། བོད་ཡིག་ཤེས་པས་བོད་པ་དེ་དག་མེག་ལོར་གྱི་སྲང་བར་སྡོམ་ནས་འདུག་མི་དགོས་ན་ཅི་མ་རུང་། བོད་པས་བོད་ཡིག་ལ་རིན་ཐང་དང་གོ་ས་ཞིག་གནང་ན་ཅི་མ་རུང་། བོད་ཡིག་མེད་ཉིན་བོད་པ་ཚང་བོད་རང་དབང་ཟེར་བ་དེ་ཡང་དགོས་དོན་གཏན་ནས་མེད་པ་རེད།