མོན་གྷོ་འདོད་དགུ་གླིང་མི་མང་བརྒྱ་ཆ་ལྔ་བཅུ་ཡན་སྐྱོ་བོ་རེད།

མོན་གྷོ་འདོད་རྒུ་གླིང་ནི་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ལས་ཆེ་ཤོས་གྲས་ཡིན་ནའང༌། ངར་ལོ་ ༡༨ ནས་ ༤༠ བར་གྱི་ན་གཞོན་ཚོ་གཞིས་ཆགས་འདིར་བསྡད་མེད་པར་ཕྱི་རྒྱལ་དང་རྒྱ་གར་སྤྱི་ཚོགས་སུ་ལས་ཀ་བྱེད་དུ་སོང་ཤུལ་དུ། རྒས་འཁོགས་དང་སློབ་ཕྲུག་སྐྱོད་བཞིན་པའི་བྱིས་པ་དག་ལས་མེད་སྟབས། དཔལ་འབྱོར་དང་ཤེས་ཡོན། འཕྲོད་བསྟེན་བཅས་ཀྱི་གནས་སྟངས་སྐྱོ་བོ་ཡོད་འདུག

   ཕྱི་ཚེས་ལྔ་ཉིན་གྱི་ཉི་འོད་ལམ་ལམ་དུ་འཚེར་བའི་ཞོགས་པ་དེར་ང་རང་ཧོབ་ལི་གྲོང་ཁྱེར་ནས་མོན་གྷོ་འདོད་རྒུ་གླིང་དུ་འགྲོ་བའི་འགྲུལ་འཁོར་ཞིག་ནང་ལམ་ལ་ཆས། འགྲུལ་འཁོར་དེའི་ནང་མི་བཅུ་ཤོང་གི་ཡོད་མོད་ཞོགས་པ་དེར་ང་དང་ཁོ་ལོ་བ། ཁོང་གི་ཨ་མ་བཅས་ངེད་གསུམ་ལས་མེད། ང་ཁ་ལོ་བའི་འཁྲས་སུ་ཡོད་ལ། ལམ་བར་དུ་ངས་ཁོང་ལ་མོན་གྷོ་འདོད་རྒུ་གླིང་གི་དཔལ་འབྱོར་གནས་སྟངས་དང་ཁོར་ཡུག་གནས་སྟངས་སོགས་སྔར་ལས་ཡར་རྒྱས་དང་གོང་འཕེལ་དུ་འགྲོ་གི་ཡོད་མེད་སྐོར་དྲིས་ཤིང༌། ངས་སྔོན་ཆད་ས་དེར་ལས་ཀ་བྱེད་སྐབས་ཁྱེད་རང་ངོ་ཤེས་ཀྱི་མི་འདུག་ཅེས་བརྗོད་སྐབས། ཁོང་གིས་ངས་འགྲུལ་འཁོར་འདི་གཏོང་མགོ་བཙུགས་ནས་ཡུན་རིང་སོང་མེད་ལ། དེང་སྐབས་མོན་གྷོ་གཞིས་སྒར་ནས་ཧོབ་ལི་གྲོང་ཁྱེར་བར་འགྲུལ་འཁོར་གཏོང་མཁན་མི་ལྔ་བཅུ་ཡས་མས་ཤིག་ཡོད་སྐོར་བརྗོད་པ་མ་ཟད། མཚམས་རེར་འགྲུལ་བཞུད་པ་མང་བོ་མེད་པའི་དཀའ་ངལ་འདུག་ཀྱང༌། དཔལ་འབྱོར་འཚོལ་སྒྲུབ་ཅུང་ལེགས་པོ་ཐུབ་ཀྱི་ཡོད་སྟབས་ཁོང་གིས་ཀྱང་འགྲུལ་འཁོར་གཏོང་མགོ་བཙུགས་ཤིང༌། གསར་དུ་འགྲུལ་འཁོར་གཏོང་མཁན་ཡང་རེ་ཟུང་འདུག་ཅེས་ཟེར་མོད། དཔལ་འབྱོར་གནས་སྟངས་རང་འཇགས་རེད་ལ། གཞིས་གྲོང་ཁག་གི་རྣམ་པ་ཡང་སྔར་བཞིན་རེད། འགྱུར་ལྡོག་གང་ཡང་འབྱུང་ཐུབ་ཀྱི་མི་འདུག་ཅེས་ཟེར༌། ཡིན་ནའང༌། ངའི་སེམས་སུ་ཏག་ཏག་མི་ལོ་གཉིས་ལྷག་འདས་ཟིན་པའི་དེ་རིང་མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་གི་རྣམ་པ་སྔར་ལས་ཇེ་བཟང་དང་ཇེ་ཕྱུག་ཏུ་སོང་ཡོད་པའི་འཁྲུལ་སྣང་ཞིག་གིས་ཡོངས་སུ་ཁྱབ།

     བློ་ཡུལ་ལས་འདས་པ་ཞིག་ལ་ས་དེར་འབྱོར་རྗེས་གཞིས་ཆགས་འདི་སྔར་བཞིན་ཐལ་རྡུལ་གྱི་ཁྲོད་དུ་ཉམ་ཐག་གི་རྣམ་པར་འདུག་ལ། མི་ཚོགས་ཀྱི་འདུ་འཛུ་ཧ་ཅང་ཆེ་བའི་གཞིས་གྲོང་གསུམ་པ་གཅིག་པུ་ལས་ཀྱང་མང་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་དང༌། འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་པའི་རྣམ་པ་གང་ཡང་མཐོང་རྒྱུ་མི་འདུག

    ཉིན་དེར་ངས་གཞིས་མགོ་དཔལ་ལྡན་དོན་འགྲུལ་ལགས་སུ་གནད་དོན་འདིའི་ཐད་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། དངོས་གནས་མང་ཚོགས་ཀྱི་གནས་སྟངས་བརྒྱ་ཆ་ལྔ་བཅུ་ལྷག་སྐྱོ་བོ་རེད་ལ། ང་ས་འདིར་ལས་བགོས་བྱས་ནས་ཟླ་དྲུག་ལས་འགྲོ་གི་མེད་མོད། ངས་གཞིས་གྲོང་ཁག་གི་ཁྱིམ་ཚང་གཅིག་སྟོང་ལྷག་ཡོད་པའི་ཁྱིམ་ཚང་རེ་རེ་བཞིན་བསྐྱོད་དེ། གནས་ཚུལ་རྒྱུས་ལོན་བྱས་པ་ཡིན་ལ། རྒྱུས་ལོན་བྱེད་སྐབས་ཁྱིམ་ཚང་གི་འཕྲོད་བསྟེན་དང་ཤེས་ཡོན། དཔལ་འབྱོར་བཅས་གནད་དོན་གསུམ་གྱི་སྟེང་དོ་སྣང་བྱས་ཡོད། ཡིན་ནའང༌། འཕྲོད་བསྟེན་གྱི་གནས་སྟངས་དང་བུ་ཕྲུག་རྣམས་སློབ་གྲྭར་གཏོང་བ། ནང་གི་དཔལ་འབྱོར་གནས་སྟངས་བཅས་སུ་ཁྱིམ་ཚང་གཅིག་ལྷག་གི་ཁྲོད་ནས། བརྒྱ་ཆ་ལྔ་བཅུ་ཡན་གྱི་གནས་སྟངས་སྐྱོ་བོ་རེད་ལ། ལྷག་པར་དུ་རྒས་འཁོགས་དང་སློབ་མ་མ་གཏོགས་རང་ལོ་ ༡༨ ནས་ ༤༠ བར་གྱི་ན་གཞོན་ཚོ་གཞིས་གྲོང་འདིར་བསྡད་དེ། འཚོ་བ་སྐྱེལ་གྱིན་མེད་པར་ཕྱི་རྒྱལ་དུ་འགྲོ་བ་དང༌། རྒྱ་གར་གྱི་སྤྱི་ཚོགས་ནང་ལས་ཀ་བྱེད་པ། སིལ་ཌར་༼ སྐུད་ལྭ། བོད་ནས་གསར་དུ་སླེབས་པའི་ཚིག་མཚོད་ཅིག་ཏུ་སིལ་ཌར་མིང་ལ་སྐུད་ལྭ་བཏགས་འདུག༽བཙོང་དུ་འགྲོ་བ་སོགས་ཀྱི་ལས་ཀ་གཉེར་གྱིན་ཡོད་འདུག འདི་ལྟར་རྒས་འཁོགས་དང་སློབ་གྲྭར་སྐྱོད་ཀྱིན་པའི་སློབ་ཕྲུག་ཚོ་མ་གཏོགས་ལྷག་མེད་པའི་གཞིས་ཆགས་ཆེན་པོ་འདིར་ཡར་རྒྱས་ཀྱི་རྣམ་པ་མི་འདུག་ལ། དེ་ནི་ཡོང་ཐབས་མེད་པ་ཞིག་རེད། དེ་བཞིན་གཞིས་གྲོང་འདི་ནི་བསོད་ནམས་ཞིང་ལས་ཀྱི་ལས་གཞི་གཉེར་ཏེ་རང་ཁ་གསོ་བཞིན་པའི་གཞིས་ཆགས་ཤིག་རེད་མོད། ཞིང་ལས་ཀྱི་ལས་ཀ་འདིར་དཀའ་ཚེགས་ཆེ་ཞིང༌། སྟོན་འབྲུ་བསྡུས་རྗེས་ཡོང་འབབ་ཡག་པོ་མེད་པ་སོགས་ཀྱི་རྐྱེན་པས་ཞིང་ལས་གཉེར་མཁན་རྣམས་ཀྱང་ཉུང་དུ་འགྲོ་བཞིན་འདུག་པས། གཞིས་ཆགས་འདིའི་འཚོ་བའི་ཡོང་སྒོ་ཆེ་ཤོས་སིལ་ཌར་གྱི་ཡོང་སྒོ་ཁོ་ནར་བསྟན་གྱིན་ཡོད་འདུག འོན་ཀྱང༌། སིལ་ཌར་བཙོང་རྒྱུར་མ་རྩ་གཡར་འདོན་བྱེད་མི་དགོས་པར་མ་དངུལ་རང་ངོས་ནས་གཏོང་ཐུབ་མཁན་བརྒྱ་ཆ་ཉུང་ཉུང་ལས་མི་འདུག་ལ། ཕལ་ཆེ་བས་བུན་གཡར་བཏང་སྟེ་ཚོང་ལས་འདིར་འཇུག་གིན་ཡོད་སྟབས། དེ་ནི་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་རེད་ཅེས་གསུངས། ཡིན་ནའང༌། ཁོང་གིས་དགོན་སྡེ་གྲྭ་ཚང་ཁག་འདིའི་ཁྲོད་དུ་འདུས་མོད། ཁོང་ཚོ་ཤེས་ཡོན་དང་དཔལ་འབྱོར། འཕྲོད་བསྟེན་སོགས་གང་ཅིའི་ཐད་ནས་བཤད་མི་དགོས་པར་ཡག་པོ་ཡོད་ཡོད་པ་ལྟ་བུ་རེད། དེ་དམིགས་བསལ་རེད་ཅེས་གསུངས།

   ད་དུང་ངས་གཞིས་མགོར་ས་དེའི་ཉིན་སློབ་ཀྱི་སློབ་ཕྲུག་ཚོའི་ཤེས་ཡོན་གནས་སྐོར་བཀའ་འདྲི་ཞུས་སྐབས་ཁོང་གིས། ཧ་ཅང་གི་སྐྱོ་བོ་རེད། ང་རྦད་དེ་ཧང་སང་སོང༌། ཞེས་དང༌། བོད་ཡིག་ཡག་པོ་མེད་ཀྱང་དེ་མིན་སློབ་ཚན་གཞན་ཞིག་སྟེང་ཡག་པོ་ཡོད་ན་འགྲིག་འདུག ཡིན་ནའང༌། སློབ་ཚན་གཞན་པ་ཡང་དེ་ལྟར་རེད་ཅེས་གསུངས།

   ཕྱི་ཉིན་དེར་ངས་གཞིས་གྲོང་གསུམ་པ་དང་བཞི་བ། ལྔ་བ་བཅས་ཉེ་འཁོར་གྱི་གཞིས་གྲོང་ཁག་ཅིག་ལ་ཆེད་སྐྱོད་ཀྱི་གནས་ཚུལ་རྒྱུས་ལོན་བྱས། ང་གཞིས་གྲོང་བཞི་བར་བསྐྱོད་སྟབས་ཁྱིམ་ཚང་ཞིག་གི་ར་བའི་ནང་མི་ཉི་ཤུ་ཡས་མས་ཤིག་གིས་འཕྲུལ་འཁོར་ཐོག་མ་རྨོས་ལོ་ཏོག་གི་འབྲུ་རིགས་ལེན་གྱིན་འདུག་ལ། མི་དེ་དག་ནི་རྒྱ་གར་ཡུལ་མི་ལས་ཀ་བ་དང་པོ་པོ་རྨོ་རྨོ་རྐྱང་རྐྱང་རེད། ངས་ཁོང་ཚོར་པར་འགའ་བརྒྱབ་ནས་ཕྱིར་ལོག་པ་ཡིན་ལ། དོན་དག་འདིས་ན་གཞོན་ལོ་ཆུང་ཚོ་གང་དུ་སོང་བ་རེད་ཟེར་བའི་དྲི་རྟགས་ཤིག་ངའི་སེམས་ངོགས་སུ་འཚང་ཡོང་གི་འདུག མ་ཟད། ལོ་སྔོན་མར་འབྲས་སྤུངས་བློ་གསལ་གླིང་གི་འདུ་ཁང་གསར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོའི་སྐབས་སུ་ཧིན་སྒོར་འབུམ་བཞི་བཅུ་ལྷག་བཏང་སྟེ། གཞུང་ལམ་ཞིག་བཟོ་བྱས་པ་རེད་ཟེར་མོད་ད་ལྟ་གཞུང་ལམ་རྐོ་དུང་དང་འབའ་འབུར་ཅན་དུ་གྱུར་ཏེ། འགྲུལ་བཞུད་སྟབས་བདེ་མེད་པ་དེ་རེད།
  ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་རྒན་མོག་རུ་བསྟན་པ་ལགས་ཀྱིས་དཔལ་འབྱོར་གྱི་གནས་སྟངས་དང༌། གཞིས་གྲོང་གི་རྣམ་པ་འདི་ལོ་དུ་མིན་རིང་ཡར་རྒྱས་འགྲོ་རྒྱུ་མི་འདུག་མོད། མོན་གྷོ་གཞིས་ཆགས་སུ་འགྲུལ་བཞུད་ནམ་བྱེད་ན་བོད་རིགས་འགྲུལ་སྐྱེལ་བ་ཡོད་པས། འགྲུལ་བཞུད་ཀྱི་གནས་སྟངས་ནི་གཞིས་ཆགས་ཁག་གང་དུ་བལྟས་ཀྱང་ཧ་ཅང་སྟབས་བདེ་རེད་ཅེས། ས་འདིའི་འགྲུལ་བཞུད་ཀྱི་གནས་སྟངས་ཡག་པོ་ཡོད་སྐོར་གསུངས་སོང༌།

  ཕྱི་ཚེས་དྲུག་ཉིན་ང་གཞིས་མགོ་སར་ཐེངས་གཉིས་པར་བཅར་སྐབས་ཁོང་གཞིས་གྲོང་གསུམ་པ་ནས་དགའ་ལྡན་དུ་འགྲོ་བའི་ལམ་བར་དུ་དུར་ཁྲོད་ཅིག་ཡོད་ཅིང༌། དེའི་ཟུར་དུ་གད་སྙིགས་ཀྱི་ཕུང་གསོག་ཆེན་པོ་ཞིག་ཡོད་པ་དེ་གཙང་བཟོ་བྱེད་སར་ཕེབས་ནས་ཚུར་འབྱོར་མ་ཐག་རེད་ལ། གད་སྙིགས་ཕུང་སོགས་གཙང་བཟོ་སྐབས་ཁོང་ལ་སྐུ་འཆམ་ཡང་བཞེས་འདུག་པ་ཚོར། ཁོང་གིས་མོན་གྷོ་འདོད་རྒུ་གླིང་གི་ན་གཞོན་ཚོ་ཕྱི་རྒྱལ་དང་རྒྱ་གར་གྱི་སྤྱི་ཚོགས་ནང་ལས་ཀ་བྱེད་དུ་མི་འགྲོ་བར་གཞིས་ཆགས་རང་ནས་འདུག་ཐབས་སུ། མོན་གྷོ་ཌིའི་ཉེ་འཁོར་ཞིག་ཏུ་  Call Centre  ཞིག་གམ་འཛུགས་པའམ། མི་འགྱངས་པར་ཁོང་གི་ཕྱག་རོགས་རྣམས་དང་མཉམ་དུ་གཞིས་ཆགས་མང་ཚོགས་ད་ལྟའི་གནས་སྟངས་འདི་ལས་དཔལ་འབྱོར་ཡར་རྒྱས་དང་འཚོ་བ་ཇེ་ལེགས་སུ་བསྒྱུར་ཐབས་སུ་བགྲོ་གླེང་དང༌། གྲོས་རིམ་ཡིག་ཐོག་ཏུ་བཀོད་དེ་བོད་གཞུང་ནང་སྲིད་ལས་ཁུངས་སུ་འབུལ་འཆར་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “མོན་གྷོ་འདོད་དགུ་གླིང་མི་མང་བརྒྱ་ཆ་ལྔ་བཅུ་ཡན་སྐྱོ་བོ་རེད།

  1. ན་གཞོན་འདི་ཚོ་རང་ཉིད་ཀྱི་ལྟོ་ཡི་ཆེད་དུ་སོང་བ་ལས་གཞིས་ཆགས་དང་མི་རིགས་ཆེད་དུ་གཏོང་མཁན་ཡོད་མ་རེད།

  2. དཀར་ཕྱོགས་གཉེར་ཉེ།

    འོ་ན་རང་ལོ་ 18 ནས་ 40 བར་གྱི་ན་གཞོན་ཚོ་ཕྱི་རྒྱལ་ལ་སྐྱག་པ་བཟའ་བར་ཕྱིན་པ་རེད་དམ། ང་ཚོའི་མི་རིགས་འདི་ད་ཆ་ལས་འབྲས་ལ་མི་བརྩི་མཁན་གྱི་ཐ་ཤལ་འདི་འགྲ་ཞིག་ཆགས་པ་བློ་ཕམ་ཧ་ཅང་ཆེ།