བོད་མིའི་དཔལ་འབྱོར་དང་ཚོང་ལས་འཕེལ་རྒྱས་སུ་གཏོང་རྒྱུ།

འཛམ་གླིང་ཚོང་ལས་ཅན་དང་དཔལ་འབྱོར་ཁྲོམ་ར་ཅན་དུ་གྱུར་ཏེ། གོ་ལ་ཧྲིལ་བོར་ཚོང་ལས་འདུ་འགོད་རྒྱ་མཚོའི་རླབས་ལྟར་འཁྲུག་པའི་སྒང་འདིར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་ཀྱང༌། གཞུང་དམངས་འཕྱར་གྲུ་མཉམ་འདེགས་ཀྱིས་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་དང༌། ཚོང་དོན་ལས་རིགས་འཕེལ་རྒྱས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཟེར།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནས་བོད་མིའི་ཚོང་ལས་སྡེ་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་སྟོབས་རྒྱལ་ལགས་དང་དྲུང་ཆེ་ཟླ་བ་རྣམ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། བོད་མིའི་ཚོང་ལས་སྡེ་ཚོགས་ངོ་སྤྲོད་དང་འབྲེལ། མ་འོངས་པར་ཚོགས་པའི་ལས་འཆར་དང་བོད་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ངོ་སྤྲོད་གནང་སོང༌།

སྐབས་དེར་དྲུང་ཆེ་ཟླ་བ་ལགས་ཀྱིས་གསུངས་དོན། འདས་པའི་ལོ་གསུམ་སྔོན་ལ་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱིས་བོད་མིའི་སྤྱི་ཚོགས་ནང་གི་ཚོང་ལས་ཐོག་ལ་ཞབས་ཞུ་བསྒྲུབས་ཏེ། ཚོང་པའི་ལྷན་ཚོགས་ཤིག་དགོས་ཀྱིན་འདུག་གསུངས་དོན་ལྟར། ༢༠༠༥ ཟླ་ ༦ ནང་ལྷན་ཚོགས་འདི་དངོས་སུ་བཙུགས་ཏེ། རྒྱུན་ལས་རྙིང་པ་ཚོས་འདས་པའི་ལོ་གསུམ་རིང་ཚོགས་པ་དེབ་སྐྱེལ་དང་མི་དམངས་ལ་དཔལ་འབྱོར་གྱི་གོ་རྟོགས་སྤེལ་བ། གཞུང་དང་མི་དམངས་བར་དཔལ་འབྱོར་འབྲེལ་ལམ་ཡར་རྒྱས་ཆེད། བལ་ཡུལ་དང་ལྡི་ལི་བོད་སྒར། ངྷ་རམ་ས་ལ། རྒྱ་གར་ལྷོ་ཕྱོགས་བཅས་སུ་ཚོགས་འདུ་གོ་སྒྲིག་ཞུས་ཡོད། དེ་བཞིན་ཚོང་ལས་མཐུན་ཚོགས་ཀྱི་ཚོགས་མི་ཇེ་མང་དུ་གཏོང་རྒྱུ་དང་ཚོང་དོན་ལས་རིགས་ཡར་རྒྱས་ཐད་ཟབ་སྦྱོང་སྤྲད་ཡོད། ད་ཆར་ང་ཚོ་བོད་མིའི་ཚོང་ལས་སྡེ་ཚོགས་ནང་རྒྱ་བལ་འབྲུག་གསུམ་གཙོས་པའི་ཧཕ་རན་སི་དང་འཇར་པན། སུད་སི། ཐའེ་ཝན་བཅས་ནས་སྡོམ་པའི་ཚོགས་མི་ ༥༠ ཙམ་ཡོད་ལ། དེ་དག་རིགས་གསུམ་དུ་བཀར་ཏེ། ཁག་གཅིག་འགན་འཛིན་ལྷན་ཚོགས་ལྟ་བུ་དང༌། ཁག་གཞན་གཉིས་ཚོང་གི་མ་དངུལ་ལ་གཞིགས་ཏེ། མཉམ་འབྲེལ་ཚོང་ལས་ཆེ་ཁག་གིས་ཧིན་སྒོར་ ༥༠༠༠ དང༌། སྒེར་བ་ཚོང་ལས་ཆུང་ཚགས་གཉེར་མཁན་ཚོས་ལོ་རེར་ཧིན་སྒོར་ ༢༠༠༠ བཅས་ཀྱི་ཚོགས་དངུལ་འབུལ་དགོས་པ་རེད། འོན་ཀྱང༌། དུས་ཡུན་ཐུང་ཐུང་ནང་ལས་དོན་འབུར་དུ་ཐོན་པ་ཞིག་བྱུང་ཞིག་མེད་ཀྱང༌། འཛམ་གླིང་དཔལ་འབྱོར་གྱི་འགྱུར་འགྲོས་དང་བསྟུན་ཏེ། ཕུགས་རྒྱང་རིང་བོ་དང་ལས་གཞི་ཆེན་པོ་ཆགས་ཡོད་སྟབས། མ་འོངས་པར་ལས་དོན་ཡར་རྒྱས་དང་ཚགས་ཚུད། ཚོགས་པ་རྒྱ་སྐྱེད་དང་སྲ་བརྟན་ཆེད་ཐབས་ཤེས་གང་ཡོང་ཞུ་རྒྱུ་ཡིན་ཟེར།

ཁོང་གིས་མུ་མཐུད་དུ་ཚོགས་པའི་མ་འོངས་པའི་འཆར་གཞི་ཁག་ངོ་སྤྲོད་གནང་དོན། ཉེ་ཆར་ང་ཚོས་ཚོགས་འདུ་བསྐངས་ཏེ། རྒྱུན་ལས་གསར་བ་ ༡༠ ཙམ་བསྐོ་འཇོག་བྱས་ཡོད་ལ། ཟླ་བ་གསུམ་ནང་ཚུན་ལ་ལས་དོན་བྱེད་ཕྱོགས་ཀྱི་འཆར་གཞི་བཟོས་ཡོད། དང་པོ། བཙན་བྱོལ་བོད་གཞུང་དང་མཉམ་དུ་བློ་ཐག་ཉེ་བོའི་ཐོག་ནས་མཉམ་ལས་བྱས་ཏེ། གཞུང་གི་མཛད་གཙོ་རྣམ་པ་དང་སྤྱི་ཚོགས་ནང་གི་མཛད་གཙོ་རྣམ་པའི་མདུན་ནས་ཚོང་དོན་ལས་རིགས་དང་དཔར་འབྱོལ་ཡར་རྒྱས། སྤྱི་ཚོགས་ཞབས་ཞུའི་ཐད་བཀའ་སློབ་ལམ་སྟོན་ཞུ་ཐབས། གཉིས་པ། སྤྱི་ཚོགས་ནང་བོད་མའི་ཚོང་ལས་སྡེ་ཚོགས་དང་ཚོང་བ་མ་རྩ་ཅན་ཁོ་ན་མ་ཡིན་པར། སྤྱི་ཚོགས་ཁྱོན་ཡོངས་ལ་བསམ་བློ་བཏང་སྟེ། མི་སྒེར་བ་རེ་རེའི་འཚོ་བའི་གནས་སྟངས་ལའང་འབྲེལ་བ་ཡོད་པའི་ཐོག་ནས། སྤྱི་ཚོགས་ཞབས་ཞུ་དང་དཔལ་འབྱོར་ཡར་རྒྱས་ཀྱི་ལམ་ཁ་འཚོལ་རྒྱུ། གསུམ་པ། དཔལ་འབྱོར་ཐད་ཤེས་ཡོན་མེད་པ་ཚོར་ཇི་ལྟར་དཔལ་འབྱོར་ཤེས་ཡོན་སྤྲོད་རྒྱུ་དང༌། མ་རྩ་ཆུང་བའི་ཚོང་པ་ཚོས་མ་རྩ་ཆེ་བའི་ཚོང་ལས་གཉེར་ཐབས། ཁྲིམས་མཐུན་གྱི་ཚོང་ལས་ཐོག་འགྲོ་ཐུབ་ཀྱིན་མེད་པ་དག་ཁྲིམས་མཐུན་ཐོག་ཇི་ལྟར་འགྲོ་རྒྱུ། མ་རྩ་ཆེན་པོ་ཡོད་རིགས་ཚོས་རླབས་ཆེ་བའི་ཚོང་ལས་གཉེར་ཐབས། ཕྱིའི་ཚོང་ཟོག་ནང་འདྲེན་བྱེད་པ་དང་ནང་གི་ཚོང་ཟོག་ཕྱིར་གཏོང་བྱེད་ཕྱོགས་སྐོར་གྱི་ཤེས་ཡོན་འཕེལ་རྒྱས་སུ་གཏོང་ཕྱོགས་བཅས་ཡིན།

ད་དུང་ང་ཚོའི་ལས་དོན་གལ་ཆེན་གཅིག་ནི། བོད་མིའི་ཚོང་ལས་སྡེ་ཚོགས་ཀྱི་ཚོགས་མི་ཇེ་མང་དུ་གཏོང་ཐབས་བྱ་རྒྱུ་ཡིན། ཚོགས་མི་མང་དུ་བཏང་སྟེ་ཚོགས་པ་སྟོབས་ཆེན་བཟོ་མ་ཐུབ་ན། ཚོགས་པར་ནུས་སྟོབས་མེད་པ་དང་ལས་ཀ་མང་པོར་དཀའ་ངལ་འཕྲད་བཞིན་ཡོད། དེ་ལས་གལ་ཆེ་ཤོས་ཤིག་ནི་བོད་གཞུང་གི་ངོས་ནས་ང་ཚོའི་དཔལ་འབྱོར་ལས་གཞིར་རྒྱབ་སྐྱོར་ཤུགས་ཆེན་གནང་དགོས། དེ་ལ་དངུལ་གྱི་འགྲོ་སོང་གཏོང་དགོས་ཟེར་གྱིན་མེད། སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་སུ་གཏོང་ཕྱོགས་སྐོར་ལ་ང་ཚོ་གཞུང་འབྲེལ་མིན་པའི་ཚོགས་པ་ཆགས་ཡོད་ཀྱང༌། གཞུང་དང་ང་ཚོའི་བར་མཉམ་འབྲེལ་གྱི་ལས་ཀ་མང་པོ་ཡོད། བཙན་བྱོལ་གཞུང་དང་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་ཚོའི་རྒྱབ་སྐྱོར་མེད་ན། བོད་མིའི་ཚོང་ལས་སྡེ་ཚོགས་ཀྱི་ཚོགས་མི་ཁ་ཤས་ཤིག་གིས་ནུས་པ་གང་ཡང་འཐོན་གི་མ་རེད། དེར་བརྟེན། ཉེ་ཆར་ང་ཚོ་བཀའ་བློན་ཁྲི་པ་དང་དཔལ་འབྱོར་དྲུང་ཆེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། རང་དབང་ཅན་གྱི་སྡེ་ཚན་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པར་མཇལ་འཕྲད་ཞུས་ཏེ། ང་ཚོའི་མ་འོངས་པའི་ལས་གཞི་ཆེ་ཁག་ནང༌། ཨ་རི་དང་ཡུ་རོབ་གཙོས་པའི་ཕྱི་རྒྱལ་ཁག་ལ་བོད་པའི་ཚོང་ཟོག་ངོ་སྤྲོད་དང་ཕན་ཚུན་མཉམ་འབྲེལ་གྱི་ལམ་ཁ་འཚོལ་རྒྱུའི་ལས་འཆར་ཁག་སྙན་སྒྲོན་ཞུ་རྒྱུ་བྱུང་ལ། སྐབས་དེར་རུ་སོག་ཁལ་མིག་གི་སྲིད་བློན་གཙོས་པའི་གཟིགས་སྐོར་ཚོགས་ཆུང་ཞིག་འདིར་ཕེབས་ཡོད་སྟབས། ཁོང་ཚོར་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་དང༌། ཚོང་ལས་ཀྱི་དགོས་མཁོ། སྤྱི་ཚོགས་དཔལ་འབྱོར་ལས་རིགས་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་བཀའ་མོལ་བྱུང་ཡོད། མ་འོངས་པར་ཚོགས་པའི་ལས་གཞི་ཤུགས་ཆེ་རུ་བཏང་སྟེ། ཕྱི་རྒྱལ་ཁག་གི་ཚོང་བར་མཉམ་འབྲེལ་དང་ཚོང་ཟོག་སྐྱེལ་འདྲེན། ཐ་ན་བོད་ནང་གི་ཚོང་པ་ཚོས་ཀྱང་ཆ་ཤས་ལེན་ཐུབ་རྒྱུར་བསམ་བློ་གཏོང་གིན་ཡོད། ཅེས་གསུངས་སོང༌།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “བོད་མིའི་དཔལ་འབྱོར་དང་ཚོང་ལས་འཕེལ་རྒྱས་སུ་གཏོང་རྒྱུ།

  1. དགེ་བཤེས་སྨོན་ལམ་མཐར་ཕྱིན།

    ཟླ་བ་རིན་ཆེན་ལགས་ལ་རྒྱུས་མངའ་གང་འཚམས་ཡོད། ཁོང་ནི་དངོས་གནས་བོད་དོན་ཐོག་ཤ་ཞེན་དང༌། ལ་རྒྱ། སེམས་ཤུགས་བཅས་ཡོད་པའི་བོད་པའི་ཚོང་ལས་མཁས་ཅན་ཞིག་རེད་ལ། ཁོང་གི་ལས་འཆར་ཁག་འགྲུབ་བའི་རེ་བ་དང་ཡིད་ཆེས་ཀྱང་ཡོད་པ་མ་ཟད། དེང་དཔལ་འབྱོར་གྱི་འདུ་ལོང་ཆེ་བའི་དུས་རབས་འདིར་བོད་ཕྲུག་གཞོན་སྐྱེས་ཚོང་ལས་ཐོག་རིགས་གཅིག་རྐང་འཛིན་མཁན་རྣམས་ཀྱི་སྣེ་ཁྲིད་ཐུབ་པ་དང༌། ལམ་སྟོན་གནང་ཐུབ་པའི་རེ་སྨོན་ཡང་ཞུའོ༎

  2. བོད། ཤ་ཁྲག་རུས་གསུམ།

    དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་ཀྱི་འཆར་བཀོད་འདི་ནི་དངོས་ནས་ཡག་པོ་འདུག ཟླ་བ་རིན་ཆེན་ལགས་ནི་བོད་མི་དམངས་ཀྱི་བདེ་སྡུག་ལ་ཤ་ཚ་ཡོད་མཁན་གྱི་གང་ཟག་ཞིག་ཡིན་ཚོད་ཡོད་པ་རེད། མི་འདི་འདྲའི་སྣེ་ཁྲིད་འོག་ནས་མི་མང་བོ་ཞིག་ལ་བསྐྱེད་སྲུང་དང་རོགས་རམ་ཐོབ་པར་ཡིད་ཆེས་དང་རྒྱབ་སྐྱོར་ཡོད།