སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས།

སྨོན་ལམ་བོད་ཡིག་དང་པོ་གཉིས་པ་འགྲེམས་སྤེལ་ཞུས་ཏེ། རྒྱ་ཆེའི་མཛད་སྤྱོད་པ་དག་གིས་དགའ་བསུ་མི་དམན་པ་ཐོབ་པ་ལྟར། ད་ཆར་ཡིག་གཟུགས་གསུམ་པ་ལེགས་པར་གྲུབ་སྟེ་ལོངས་སྤྱོད་ཀྱི་བགོ་སྐལ་དུ་འགྲེམ་ལ་ཉེ་བའི་སྐབས་འདིར། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་གསར་བཟོ་ཡོངས་སུ་གྲུབ་སྟེ་ལེགས་བཅོས་དང་བསྐྱར་ཞིབ་ཀྱི་ཚོགས་འདུ་ཞིག་བཞུགས་སྒར་ངྡ་རམ་ས་ལར་འཚོགས་ཡོད། 

ཕྱི་ཚེས་ ༤ ཉིན་བོད་གཞུང་དཔེ་མཛོད་ཁང་གི་གོ་སྒྲིག་འོག སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་བོད་གཞུང་དཔེ་མཛོད་ཚོགས་ཁང་དུ་བསྐངས་ཡོད་པ་དང༌། བགྲོ་གླེང་ཚོགས་འདུར་སྐུ་མགྲོན་གཙོ་བོ་བོད་གཞུང་ཤེས་རིག་དྲུང་ཆེ་ཀརྨ་དགེ་ལེགས་གཙོ་བྱས་པའི་ཝ་ར་ན་སིའི་མཐོ་སློབ་དང་ས་རཱ་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང༌། ནོར་གླིང༌། ངྷ་སྟེང་བོད་ཁྱིམ། མཚན་ཉིད་གྲྭ་ཚང་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཤེས་ཡོན་བསྟི་གནས་ཁག་གི་སྐུ་ཚབ་དང༌། དེ་མིན་བོད་ཀྱི་སྐད་ཡིག་རིག་གཞུང་ལ་ཞེན་པ་དཀར་བའི་མི་སྣ་ཁག་བཅས་ཕེབས་ཡོད།

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་ནི་སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་ལེགས་པར་གྲུབ་སྟེ། སྤྱི་ཚོགས་ནང་འགྲེམ་ལ་ཉེ་བའི་སྐབས་འདིར་བསྐྱར་དུ་དཔྱད་ཞིབ་དང་ལེགས་བཅོས། དག་ཐེར་བཅས་ཀྱི་ཆེད་དུ་འཚོགས་པ་ཞིག་ཡིན། བགྲོ་གླེང་དབུ་འབྱེད་དང་སྦྲགས་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུངས་དོན། བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་གཉན་འཕྲང་ཞིག་ཏུ་སླེབས་པའི་སྐབས་འདིར། སྐུ་ཞབས་སྨོན་ལམ་སྒེར་བ་སློབ་གཉེར་བྱེད་མཁན་གྲྭ་རྐྱང་དཀྱུས་མ་ཞིག་གི་ངོས་ནས་དོ་སྣང་འབད་བརྩོན་ཆེན་པོས། བོད་ཀྱི་སྐད་གདངས་གཅིག་གྱུར་གྱི་མཉེན་ཆས་ཤིག་ད་ལྟ་དངོས་སུ་ལེགས་འགྲུབ་ཟིན་ལ་ཉེ་ཡོད། ཉེ་ཆར་ཁོང་གི་བརྙན་ཆས་དེར་ངས་ཀྱང་བལྟ་རྒྱུ་བྱུང༌། ཧ་ཅང་ཡག་པོ་བཟོས་འདུག བོད་ཡིག་བོད་སྐད་ལ་དོ་སྣང་དང་སློབ་གཉེར་བྱེད་མཁན་ཚོར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་པ་རེད།

སྐད་ཟེར་བ་དེ་ཡི་གེ་གཟུགས་མ་བྱུང་གོང་ནས་འགྲོ་བ་མི་ཙམ་དུ་མ་ཟད། སེམས་ཅན་གཞན་ལའང་རྣམ་འགྱུར་སྟོན་བྱེད་ཀྱི་སྐད་བརྡ་ཞིག་ཡོད། རྣམ་དཔྱོད་ཡོད་པའི་འགྲོ་བ་མིའི་རིགས་ཀྱིས་ཀླད་པ་བེད་སྤྱོད་བཏང་བར་བརྟེན། རིམ་གྱིས་སྐད་བརྡ་ཆ་ཚང་གྲུབ་ཅིང༌། དགའ་སྡུག་གི་ཚོར་བ་སྐད་ཀྱི་ལམ་ནས་སྟོན་ཐུབ་པ་བྱུང་བ་རེད། སམ་ཌི་ཏའི་སྐད་དུ་འགྱུར་བ་མེད་པ་ཟེར་གྱིན་ཡོད། ཉམས་ཞིབ་པ་མང་པོ་ཞིག་གིས་བོད་པའི་སྐད་ཡིག་དེ་རང་གར་བ་ཞིག་མ་རེད། ཅེས་བསྟོད་བསྔགས་བྱེད་ཀྱིན་ཡོད། ང་ཚོར་དེ་འདྲ་ཞིག་ཡོད་པ་ངོས་ཟིན་པའི་ཐོག་ནས་བརྡ་སྤྲོད་སོགས་ལ་ཞིབ་འཇུག་བྱས་ཏེ། ཚན་རིག་བེད་སྤྱད་དེ་མཉེན་ཆས་བཟོས་ཡོད་པ་འདི་སློབ་མཁན་དང་སྦྱོང་མཁན་གཉིས་ཀར་སྟབས་བདེ་བ་དང་ཡིད་དུ་འོང་པ་ཆགས་ཡོད༌།

བོད་པའི་ཆོས་དང་རིག་གཞུང༌། སྐད་ཡིག་དེ་རླག་སོང་བ་ཡིན་ན་རྩ་བ་བོར་ནས་ཡལ་ག་འཛིན་པ་ཟེར་བ་དེ་ཆགས་ཀྱིན་ཡོད། ལྷག་པར་དུ་བོད་པར་མཚོན་ན་མི་རིགས་གྲངས་ཉུང་དང་གནས་བབས་སྡུག་པོ་ཞིག་གི་སྐབས་རེད། ང་ཚོས་རིག་པ་སྒྲིམ་སྟེ་རྒྱ་ཆེན་པོའི་ཐོག་ནས་ཚན་རིག་དང་དེང་རབས་ཀྱི་ཐབས་ལམ། དྲ་རྒྱ་དང་མཉེན་ཆས་སོགས་བེད་སྤྱད་དེ་ཁྱབ་སྤེལ་བྱ་དགོས། སྐུ་ཞབས་སྨོན་ལམ་ལགས་ཀྱིས་སོ་སོའི་རྣམ་དཔྱོད་བེད་སྤྱད་དེ་བཟོས་པའི་བོད་པའི་སྐད་གདངས་གཅིག་གྱུར་གྱི་མཉེན་ཆས་འདི་ཡི་མང་པོ་ཞིག་ལ་ཕན་ཐོགས་གི་རེད་དྲན་ཡོད། སྔགས་བརྗོད་བྱ་འོས་པ་ཞིག་རེད། ཁོང་གིས་རང་བཟོ་བྱས་པ་ཞིག་མིན་པར་ཉམས་མྱོང་ཅན་དང་མཁས་པ་མང་པོ་ཞིག་ལ་ལམ་སྟོན་ཞུས་ཏེ་བཟོས་པ་ཞིག་རེད། ཅེས་དང༌། ཐོག་མའི་འཆར་གཞི་ང་ཚོས་མཁས་དབང་རྣམ་པ་བསྐངས་ནས་ཉིན་ཁ་ཤས་རིང་འཚོགས་ཏེ། སྐུ་ཞབས་སྨོན་ལམ་ལགས་ཀྱི་སྒྲ་གདངས་མཉེན་ཆས་ངོ་སྤྲོད་དང༌། བོད་ཀྱི་སྐད་ཡིག་སྤྱིའི་དར་རྒུད་སྐོར་ལ་བགྲོ་གླེང་བྱ་འཆར་ཡོད་ཀྱང་དུས་ཚོད་ཡུན་ཐུང་ནང་འགྲུབ་མ་སོང༌། ལོ་རྗེས་མའི་ནང་ཆེད་དུ་བོད་ཀྱི་སྐད་ཡིག་ཐོག་ལ་ཉིན་ཁ་ཤས་རིང་རྣམ་པ་ཚོ་སྐད་བཏང་སྟེ་ཚོགས་འདུ་ཞིག་བསྐོང་འཆར་ཡོད། དེར་སྐུ་ངལ་མ་འཛེམ་པར་ཕེབས་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང༌།

དེའི་རྗེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཁོང་གིས་གསར་དུ་བཟོས་པའི་བོད་ཀྱི་སྐད་གདངས་མཉེན་ཆས་སྐོར་ངོ་སྤྲོད་གནང་དོན། བོད་ཀྱི་དཔེ་མཛོད་ཁང་གིས་གྲྭ་རྐྱང་ངའི་ལས་དོན་འདིར་ཐོག་མཐའ་བར་གསུམ་དུ་རོགས་རམ་རྒྱབ་སྐྱོར་བྱས་པ་མ་ཟད། དེ་རིང་བགྲོ་གླེང་རྒྱ་ཆེན་ཞིག་ཚོགས་པའི་མཐུན་རྐྱེན་ཡོངས་རྫོགས་གནང་ཡོད་སྟབས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་གྲྭ་རྐྱང་ཞིག་གིས་ཐུགས་རྗེ་ཆེ་ཞུས་པར་རིན་ཐང་ཆུང་ཡང༌། མི་རིགས་ཤིག་གི་རིག་གཞུང་ལ་ཞེན་པ་དཀར་མཁན་ཚོས་རྗེས་སུ་ཡི་རངས་གནང་གི་རེད་བསམ་ཡོད། སོ་སོས་ཤེས་མིན་ལ་མ་ལྟོས་པར་མི་རིགས་ཤིག་གི་རིག་གཞུང་ལ་ཉམས་ཞིབ་ཀྱི་གོ་སྐབས་བྱུང་བ་སྐལ་བ་བཟང་པོ་རེད་སྙམ་ཡོད་ལ། ང་རང་རྒྱ་གར་ལུང་པར་ཡོང་སྟེ་བོད་གཞུང་དང་དགོན་པ་གྲ་ཚང་གིས་ཡུན་རིང་གསོ་སྐྱོང་གནང་བ་ཆུད་ཟོས་སུ་མ་སོང་བར་སྤོབས་པ་ཅུང་འདུག

སྨོན་ལམ་བོད་ཡིག་ཟེར་བ་དེའི་སྐོར་ནས་ཞུས་ན། སྐད་ཡིག་དེ་གལ་ཆེན་ཡིན་པ་བཤད་མི་དགོས་པ་ཞིག་རེད། ལྷག་པར་དུ་དེང་གི་དུས་རབས་ཉེར་གཅིག་བརྡ་འཕྲིན་གྱི་དུས་རབས་འདིའི་ནང༌། སོ་སོ་སློབ་སྦྱོང་ཐོབ་ཡོད་པ་དེ་འདྲ་མིན་རུང༌། དགའ་སྣང་ཡོད་པ་ཞིག་ཡིན་སྟབས། སྨོན་ལམ་བོད་ཡིག་གསུམ་པ་དེ་ཡང་བཟོ་བཞིན་པའི་སྒང་ཡིན། ཚན་རིག་དང་དངོས་པའི་ཡར་རྒྱས་ཀྱི་འགྲོས་དང་བསྟུན་ཏེ། ཐོན་དངོས་ཀྱི་སྤུས་ཚད་དང་སོ་སོའི་ལག་རྩལ་ཡང་འཕེལ་རྒྱས་སུ་གཏོང་དགོས་པ་ཞིག་རེད། སྔ་མ་དག་གི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། སྨོན་ལམ་བོད་ཡིག་གསུམ་པ་དེ་གང་འཚམ་ཡར་རྒྱས་བཏང་ཡོད་པའི་ཁུལ་ཡིན། 

སྐབས་སུ་བབས་པའི་ཞུ་དོན་ནི། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས། ཞུ་བའི་མཉེན་ཆས་འདིའི་སྐོར་ཡིན། ལོ་སྟོང་ཕྲག་སྔོན་ནས་བོད་ཀྱི་སྐད་གདངས་ཐུན་མོང་དང་གཅིག་གྱུར་ཡིན་མིན་གསལ་བོ་མི་ཤེས་མོད། དེང་སྐབས་བོད་ཀྱི་ལུང་པ་རེ་རེར་སྐད་མི་འདྲ་བ་རེ་ཆགས་ཡོད་སྟབས། བོད་རིགས་ནང་ཁུལ་དུའང་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་ཡོད་པ་དེ་ཚང་མས་མཁྱེན་གསལ་རེད། དེ་ལ་ཐུན་མོང་གི་སྐད་གདངས་ཤིག་དགོས་བར་གླེང་སློང་ཤུགས་ཆེན་ཡོང་གིན་ཡོད་ལ། བོད་ནང་དེའི་ཐད་ཚོགས་འདུ་མང་པོ་འཚོགས་ཡོད་ལ། དེབ་ཀྱང་མང་པོ་བྲིས་འདུག ཐུན་མོང་གི་སྐད་གདངས་ཤིག་བཟོ་བར་ཁྲིམས་ཀྱིས་དབང་སྒྱུར་བྱས་ཏེ་བཟོ་ཐབས་ཡོད་པ་མ་རེད་ལ། ཨུ་ཚུགས་ཀྱིས་ཀྱང་མི་ཡོང༌། གང་ལྟར་ཁྱབ་ཆེ་བར་འགྲོ་ཐུབ་པ་ཡིན་ན་དེ་ཙམ་གྱིས་གཅིག་གྱུར་ཡོང་བ་མྱོང་གྲུབ་རེད། དེར་བརྟེན། དེང་གི་བརྡ་འཕྲིན་བརྒྱུད་ལམ་ནས་ཁྱབ་བརྡལ་དུ་གཏོང་སའི་ལམ་ཁ་ཡག་ཤོས་དེ་གློག་ཀླད་ཆགས་ཡོད། སྐད་ཡིག་ཡར་རྒྱས་སུ་གཏོང་རྒྱུར་ཨང་དང་པོ་ཡིག་གཟུགས་གཅིག་གྱུར་བྱ་རྒྱུ་དེ་རེད། དེ་ལ་རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་ཟེར་བའི་རྒྱལ་ཁབ་ ༡༧༠ ལྷག་ཨང་རྟགས་དེའི་ནང་ཚུད་ཡོད་ལ། སྨོན་ལམ་བོད་ཡིག་གསུམ་པ་དེ་ཡང་ཨང་རྟགས་དེར་བསྟུན་ཡོད།

གཉིས་པ། ཡི་གེའི་ངོ་བོའམ་གཟུགས་དེ་གྲུབ་རྗེས་གདངས་དེ་རེད། དེར་བརྟེན་སྒྲ་གདངས་ཤིག་བཟོ་ཐུབ་ན་བསམ་སྟེ། ལོ་སྔོན་མའི་སྤྱི་ཟླ་ ༩ བའི་ནང་བོད་ཀྱི་དུས་བབ་གསར་ཁང་གི་གོ་སྒྲིག་འོག ཁམས་ཕྱོགས་ཀྱི་མཁས་པ་ ༥ དང༌། དབུས་ཀྱི་མཁས་པ་ ༥ ། མདོ་སྨད་ཀྱི་མཁས་པ་ ༥ ། དེ་མིན་གྱི་ཆེད་མཁས་པ་ཁག་ཅིག་བཅས་མི་གྲངས་སུམ་ཅུ་ལྷག་བསྡུ་སྐོང་གིས་བོད་སྤྱི་ལ་ཐུན་མོང་གི་སྐད་གདངས་ཤིག་བཟོ་བར་གཞི་གང་ལ་འཇོག་རྒྱུར་བགྲོ་གླེང་གོ་བསྡུར་ཞུས་པ་ཡིན། སྐབས་དེར་མང་ཤོས་ཀྱིས་དབུས་སྐད་ཡག་པོ་ཡོད་པའི་བསམ་ཚུལ་བྱུང་ལ། དེ་ལས་ལྡོག་པའི་བསམ་ཚུལ་ཡང་ཁ་ཤས་བྱུང༌། སྐབས་དེའི་བསམ་ཚུལ་ཡོངས་ཟིན་བྲིས་སུ་བཏབས་ཏེ། བརྒྱུད་ལམ་འདྲ་མིན་ནས་བོད་ནང་བཏང་སྟེ། ༢༠༠༨ ཟླ་ ༡ བར་བསམ་ཚུལ་བསྡུ་རྒྱུའི་གསལ་བསྒྲགས་བྱས་ཤིང༌། ད་ལོའི་སྤྱི་ཟླ་ ༡ བར་བོད་ནས་བསམ་ཚུལ་ ༢༩༣ ཙམ་འབྱོར་སོང༌། དེ་དག་མི་སྒེར་བ་དང་ཚོགས་པ་སྒྲིག་འཛུགས་ཀྱིས་མཉམ་རུབ་ཀྱི་བསམ་ཚུལ་བཅས་འདུག་ལ། བརྒྱ་ཆ་ ༨༩ ཙམ་གྱིས་རྒྱུ་མཚན་ ༨ ཙམ་དྲངས་ཏེ་དབུས་སྐད་བཟང་བའི་དགོངས་འཆར་བཏོན་འདུག དེར་བརྟེན་དབུས་སྐད་སྟེང་བཟོ་རྒྱུ་གཏན་འཁེལ་ཏེ་ད་ཆར་ཕལ་ཆེར་ལེགས་འགྲུབ་ཟིན་ཡོད།

སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས། ཞུ་བ་འདི་ཡིག་ཆ་གང་དག་ལ་ཁུངས་གཏུགས་ཡོད་ཟེར་ན། ས་སྐྱ་བསོད་ནམས་རྩེ་མོའི་བྱིས་པ་བདེ་འཇུག་དང་གསེར་ཏོག་སུམ་རྟགས་གཉིས་གཙོ་བྱས་པའི་སུམ་རྟགས་དང༌། རྟགས་འཇུག་གི་གཞུང་མང་དག་ཅིག་དང༌། ད་ཡོད་ཉམས་མྱོང་དང་ཤེས་ལྡན་མི་སྣ་མང་པོར་ལམ་སྟོན་ཞུས་ཏེ། དཔྱད་ཞིབ་བསྡུར་གསུམ་གྱིས་བཟོས་པ་ཞིག་ཡིན། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་ཟེར་བ་དེ་མིང་ཙམ་རེད། བོད་ཡུལ་མདོ་དབུས་ཁམས་གསུམ་ལ་ཐུན་མོང་གི་སྐད་ཅིག་ཆགས་ཐུབ་གི་རེད་དྲན་མེད་ལ། དེ་ལ་བར་ཐག་རིང་པོ་རེད། ལུང་པ་སོ་སོ་ལ་སོ་སོའི་སྐད་དེ་ཡག་ཤོས་དང་གལ་ཆེ་ཤོས་རེད། འོན་ཀྱང༌། ཤེས་ཡོན་སྡེ་ཚན་དང་ཚོང་ལས་སྡེ་ཚན་ཁག་གིས་ཆོས་སྲིད་ཀྱི་ལས་དོན་གང་ཞིག་གནང་ཡང༌། ཕན་ཚུན་ལ་བརྡ་གསལ་བོ་འཕྲོད་རྒྱུ་ཞིག་བྱུང་ན་ཕན་ཐོགས་ཆེན་པོ་རེད།  ལས་དོན་འདིར་ཕྱག་ལས་གནང་མཁན་མི་ ༡༠༠ ལྷག་ཡོད་ལ། བོད་ཀྱི་དཔེ་མཛོད་དང་བོད་ཀྱི་དུས་བབ། མཚན་ཉིད་གྲྭ་ཚང༌། ས་རཱ་མཐོ་སློབ། བྷེལ་གྷོབ་བོད་ཁྱིམ་བཅས་ཀྱིས་རོགས་རམ་བྱས་ཡོད། དེ་བཞིན་འགྲོ་སོང་གི་ཕྱེད་ཙམ་སྐུ་སྒེར་ཡིག་ཚང་ནས་གནང་གིན་ཡོད། ཅེས་གསུངས་སོང༌།

དེའི་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་དགེ་ལགས་ཀྱིས་གསུང་བཤད་གནང་དོན། དེ་རིང་ངས་འདིར ་གཞུང་འབྲེལ་གྱི་ཚིག་ཁ་ཤས་ཞུས་ན། བོད་པའི་ཡིག་གཟུགས་དང་སྐད་གདངས་དེ་ཞིབ་ཅིང་ཕྲ་བའི་ཐོག་ནས་ཚན་རིག་དང་མཐུན་པར་བཟོས་པར་ཡི་རངས་བསྔགས་བརྗོད་བྱ་རྒྱུ་ཡིན། སྐུ་ཞབས་སྨོན་ལམ་གྲྭ་བ་གྲྭ་རྐྱང་ཞིག་གིས་དཀའ་ལས་བརྒྱབས་ཏེ་མཐར་བསྐྱལ་བའི་གྲུབ་འབྲས་འདིས། སྐད་ཡིག་གི་རྩ་དོན་ཐོག་ལ་སྨན་པོ་དང༌། མ་འོངས་པར་ཡང་ཕན་ཐོགས་ཆེན་པོ་ཞིག་ཡོང་གི་རེད་སྙམ་པའི་གདེང་ཚོད་ཆེན་པོ་ཡོད། དེ་ལ་ཤེས་རིག་ལས་ཁུངས་ངོས་ནས་དང་ང་རང་སྒེར་གྱི་ངོས་ནས་སྔགས་བརྗོད་ཞུ་རྒྱུ་ཡིན། བློ་བདེ་སོང༌། ཡིད་དགའ་སོང་ཞུ་རྒྱུ་ཡིན། མ་འོངས་པ་དེ་གལ་ཆེན་པོ་ཡིན་སྟབས། བོད་པའི་རྩ་དོན་དང་སྐད་ཡིག་ཐོགས་ལ་ཕན་པའི་ལས་དོན་འདི་རིགས་ལ། བོད་གཞུང་དང་ལྷག་པར་དུ་ཤེས་རིག་ལས་ཁུངས་ངོས་ནས་མཐུན་འགྱུར་ཞུ་ཐུབ་པ་གང་ཞིག་ཡོད་རུང༌། ངེས་པར་དུ་ཞུ་དགོས་པ་ཞིག་རེད་ལ། དོ་སྣང་ཆེན་པོས་ཞུ་རྒྱུ་ཡང་ཡིན།

སྐད་ཡིག་དང་སྒྲ་གདངས་ཐོག་ལ་ཚིག་ཁ་ཤས་ཞུས་པ་ཡིན་ན༌། ང་ཚོ་བཙན་བྱོལ་དུ་སླེབས་རྗེས་བར་སྐབས་ཤིག་ལ་སོ་སོའི་སྐད་ཡིག་གི་ཆེ་བ་དང་ཁྱད་ཆོས་མ་ཤེས་པའི་གནས་སྟངས་བྱུང་ཡོད། སྲོལ་རྒྱུན་གྱི་སྐད་ཡིག་རིག་གཞུང་ལས་ལེགས་པའི་ཆ་དེ་བཤད་རྒྱུ་དང་ཉེ་བའི་ཆ་དེ་སྤངས་རྒྱུ་གནད་དམ་པ་རེད། དེང་གི་འཛམ་གླིང་གི་སྐད་ཡིག་གང་ལ་བལྟས་པ་ཡིན་ན། ང་ཚོའི་སྐད་ཡིག་དེ་ཕྱུག་པོ་ཞེ་དྲག་རེད། མཚམས་རེར་སམ་ཌི་ཏའི་སྐད་སོགས་ཀྱང་སྙིང་རྗེ་དགོས་པ་ལྟ་བུ་འདུག ང་ཚོས་འཇོན་ན་སྔོན་འགྲོ་ནས་རིག་གནས་རབ་འབྱམས་པའི་བར་བོད་ཀྱི་སྐད་ཡིག་གིས་མི་ཡོང་བ་ཞིག་མེད་པའི་ཚོད་རེད། སྐད་ཡིག་སྲུང་སྐྱོབ་དང་རྒྱུན་འཛིན་ཨང་དང་པོ་རེད། གཉིས་པ། དེང་གི་རིག་གསར་གྱི་ཐ་སྙད་དག་བོད་སྐད་ནང་སླེབས་ཐུབ་པར་འབད་བརྩོན་ཞུ་དགོས། ཐ་སྙད་ཟེར་བ་མིང་ཙམ་རེད། དེ་དཀའ་མོ་འདུག་ཟེར་ནས་འགོར་འགྱངས་ཀྱིས་འཇོག་རྒྱུ་མ་ཡིན་པར། བློ་སྟོབས་ཆེན་པོས་གཏན་འབེབས་ཤིག་བྱུང་སྟེ། འཁོར་སྐྱོད་བྱས་ན་ང་ཚོའི་སྐད་ཡིག་རྩ་ཆེན་པོ་དེ་གསོན་པོར་གནས་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ཐ་སྙད་གསར་བའི་རིགས་ང་ཚོའི་སྐད་ཡིག་ནང་མ་སླེབས་པ་ཡིན་ན། བོད་སྐད་ཟུར་དུ་ལྷག་འགྲོ། གཞི་རྩའི་གསལ་བྱེད་ནང་གི་ཡི་གེ་རེ་ཟུང་གི་སྒྲ་གདངས་ཉམས་ཀྱིན་འདུག དེ་ཚོར་དོ་སྣང་བྱ་དགོས། དེ་མིན་སྐད་ཡིག་གཅིག་གྱུར་ཟེར་བ་དེ་གལ་ཆེན་པོ་རེད། ཚང་མས་དགོངས་པ་གུ་ཡངས་བཞེས་དགོས། ཞེས་གསུངས་སོང༌།

བགྲོ་གླེང་སྐབས། ས་རཱ་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་གསུངས་དོན། བོད་པའི་སྒྲ་གདངས་གཅིག་གྱུར་བཟོ་བསླ་བོ་ཞིག་རེད། གལ་སྲིད་བཟོས་པ་ཡིན་ན་ཕན་གི་རེད་ལ་གནོད་གི་རེད་དེར་དགོངས་པ་བཞེས་དགོས། ཆོས་རྒྱལ་ཚོའི་སྐབས་སུ་སྐད་གསར་བཅད་ཐེངས་ཁ་ཤས་བྱས་ཡོད་ཀྱང༌། སྐབས་དེར་བོད་ཀྱི་བདག་དབང་བོད་པའི་ལག་ཏུ་ཡོད། ད་ལྟ་ང་ཚོས་འདི་ལྟར་བྱས་ན་བོད་ནང་ལའང་རྒྱ་ནག་གིས་རྐང་བཙུགས་ཏེ། སྐད་གདངས་གསར་བ་ཞིག་བཟོ་མི་སྲིད་པའི་ངེས་པ་མེད། འོན་ཀྱང༌། དེ་ལ་དགེ་མཚན་མེད་པའང་མིན། ང་ཚོར་སྐད་གདངས་གཅིག་གྱུར་མེད་པའི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད། བསྟན་བཅོས་ནང་གི་སྐད་དང་ང་ཚོའི་ཕལ་སྐད་གཉིས་ལ་བར་ཁྱད་ཆེན་པོ་ཡོད་ལ། སྐད་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པ་ཡང་གསལ་བོ་རེད། དཔེར་ན། སྦྲ་ནག་ལྟ་བུར་མཚོན་ན། ཁག་ཅིག་གིས་ར་བཏགས་བོར་ཏེ། སྦ་ཟེར་གྱིན་ཡོད། ཁག་ཅིག་གིས་མགོ་ཅན་དང་མིང་གཞི་གཉིས་བོར་ཏེ། ར་ཟེར་གྱིན་ཡོད། ཡང་ཁག་ཅིག་གིས་མགོ་མདོགས་གཉིས་བོར་ཏེ། བ་ཟེར་གྱིན་ཡོད། ཁག་ཅིག་གིས་སྦྲ། ཞེས་ཆ་ཚང་བར་ཀློག་གིན་ཡོད། སྦྲ་ནག་གཅིག་པུར་སྐད་གདངས་མི་འདྲ་བ་བཞི་སླེབས་ཡོད། ཆོལ་ཁ་གསུམ་ཕན་ཚུན་ལ་སྐད་བརྡ་མ་འཕྲོད་པའི་རྒྱུ་རྐྱེན་གཙོ་བོ་གཅིག གོང་གི་ཟུར་ཆགས་ཀྱི་སྐད་དེ་རིགས་རེད། སྟོད་མངའ་རིས་གོང་ཐང་ནས་སྨད་རྒྱ་ཡི་མཆོད་རྟེན་དཀར་པོའི་བར་བོད་རིགས་རྒྱ་ཆའི་ ༩༩ ངག་ཏུ་ཚེག་ཁྱིམ་གཅིག་གི་ནང་སྒྲ་གདངས་གཅིག་པ་ཆགས་ཡོད། སྟོད་ཀྱི་ཁུ་ནུ་ལ་དགས་དང་སྨད་ཀྱི་རྒྱལ་རོང་གཉིས་རུས་ཀྱི་འབྲེལ་བ་འདུག་སྙམ། ཡང་ན་ཁུ་ནུ་ལ་དགས་སྨད་ཀྱི་རྒྱལ་རོང་ནས་ཆད་པ་རེད། ཡང་ན་རྒྱ་རུང་སྟོད་ཀྱི་ཁུ་ནུ་ལ་དགས་ནས་ཆད་པ་རེད། དེ་གཉིས་ཀྱི་སྐད་ལ་ཐུན་མོང་གི་ཆ་འདུག བོད་དེ་རྒྱ་གར་དང་རྒྱ་ནག་གི་མཚམས་སུ་ཡོད། རྒྱ་སྐད་ནང་བཅའ་དངོས་གཅིག་གི་མིང་ལ་གདངས་གཅིག་ཡིན། རྒྱ་གར་སྐད་ནང་བཅའ་ངོས་གཅིག་གི་མིང་ལ་གདངས་ཁ་ཤས་ཡོད། དེར་བརྟེན། ཐོན་མིས་རྒྱ་གར་སྐད་ཀྱི་གཤིས་ཀ་ཡོད་པ་ཞིག་དང་རྒྱ་ནག་སྐད་ཀྱི་ངོ་བོ་འདྲེས་བ་གཉིས་མཉམ་སྲེས་བྱས་ཏེ། བོད་ཡིག་གཏན་འབེབས་བྱས་སྟབས། མིང་རེ་རེར་སྒྲ་གདངས་མི་འདྲ་བ་འགའ་རེ་བྱུང་བ་མིན་ནམ་སྙམ། སྒྲ་གདངས་གཅིག་གྱུར་གྱི་མཉེན་ཆས་བཟོ་བར་དེང་དུས་བེད་སྤྱོད་གཏོང་བཞིན་པའི་སྐད་ཀྱི་གདངས་དེ་གཙོ་བོར་བཟུང་སྟེ། ལྷ་སའི་སྐད་ལ་བསྟུན་རྒྱུ་གལ་ཆེན་རེད་སྙམ། ཞེས་དགོངས་འཆར་བཏོན་སོང༌།

ཉིན་གོང་རྒྱབ་ལ། ཝ་ར་ན་སིའི་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་སློབ་དཔོན་ལྷག་པ་ཚེ་རིང་ལགས་ཀྱིས་སྒྲའི་སྐྱེ་གནས་དང་འབྲེལ་བའི་ཆེད་རྩོམ་སྒྲོག་སྦྱངས་དང༌། ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་དགེ་བློ་བཟང་བསྟན་དར་ལགས་ཀྱིས་བོད་ཡིག་གི་སྒྲ་གདངས་སྐོར་གྱི་ཆེད་རྩོམ་སྒྲོག་སྦྱངས་གནང་མཐར། ཚོགས་ཞུགས་པ་དག་གིས་གོང་གི་ཆེད་རྩོམ་དེ་གཉིས་ཐད་བགྲོ་གླེང་གནང་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས།

  1. དཀར་ཕྱོགས་གཉེར་ཉེ།

    ཤ་ཁྲག་རུས་གསུམ། ཁྱེད་རང་གིས་བསམ་བློ་མ་བཏང་བར་སྐད་ཆ་འདྲ་མི་འདྲ་ག་རེ་ཤོད་ཀྱི་ཡོད། ཁྱེད་རང་གིས་གྲྭ་བློ་བཟང་སྨོན་ལམ་ལ་བསྟོད་་པའི་ཚུལ་གྱིས་སྨད་པ་མ་ཡིན་ནམ། དེ་ནི་ཁྱེད་རང་གིས་གོང་དུ་མིང་སྨོས་པའི་ཚོགས་པ་ཁག་དང་ལས་ཁུངས་ཁག་གི་མིག་ནང་གྲྭ་བློ་བཟང་སྨོན་ལམ་ནི་ཚེར་མ་ལྟ་བུ་རེད། ཁོ་པ་ཚོས་གྲྭ་བློ་བཟང་སྨོན་ལམ་ལ་གནོད་སྐྱེལ་ཨེ་ཐུབ་ལྟ་གི་ཡོད་པ་རེད། དེ་བས་ང་ཚོས་རེ་བ་མེད་སར་མིག་འབུར་བྱས་ཏེ་བསྡད་པ་ལས། གྲྭ་བློ་བཟང་སྨོན་ལམ་སློབ་སྦྱོང་བྱ་དགོས།

  2. བོད། ཤ་ཁྲག་རུས་གསུམ།

    བློ་རིག་བཀྲ་ཞིང་བོད་དོན་ཆེད་དུ་བརྩོན།།
    བཟང་སྤྱོད་ལྡན་ཞིང་ཤེས་རབ་སྤུ་གྲི་རྣོ།།
    སྔོན་བསགས་ལས་སྨོན་དབང་གི་བོད་ལ་སྐྱེ།།
    བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིག་ཤོག།

  3. བོད། ཤ་ཁྲག་རུས་གསུམ།

    གྲ་བ་གྲ་རྐྱང་རེད། ལས་ཀ་རླབས་ཆེན་རེད། རྗེས་སུ་ཡི་རུང་ཡོད། བོད་དོན་ཉམས་ཞིབ་ཟེར་བ། བོད་ཀྱི་སྐད་ཡིག་སྲུང་སྐྱོབས་ཚོགས་པ། ཡང་ན་བོད་ཀྱི་ཤེས་རིག་ལས་ཁུངས་ཀྱི་རྐུབ་སྟེགས་ལ་སྙེགས་ནས་ལོ་མང་འགྲོ་མཁན་དག་ལ་ངོ་ཚ་གཏད་འདུག དངོས་ནས་བོད་པ་དགའ་བའི་གྲ་བ་དང་བོད་དོན་བྱེད་མཁན་གྱི་གྲ་བ་འདི་འདྲ་ནི་དངོས་ནས་དཀོན་ལ་དངོས་ནས་ཧ་ལས་པ་རེད། དགེ་འདུན་པ་བློ་བཟང་སྨོན་ལམ་ལགས་ཀྱི་བྱ་བ་ཐམས་ཅད་བདེ་ལེགས་ངང་འགྲུབ་པར་ཤོག