ས་བྱི་ལོ་རྫོགས་ཀྱང་བོད་མིའི་མནར་གཅོད་རྫོགས་མེད།

མདོ་སྨད་རྔ་བ་ཁུལ་གྱི་ད་ལྟའི་གནས་སྟངས་ལ་ཕྱི་ཕྱོགས་ནས་བཟང་ཕྱོགས་ཀྱི་རྣམ་པར་ཡོད་ཀྱང༌། དོན་དངོས་སྔར་བཞིན་དམ་དྲག་དང་དངངས་སྐྲག་འོག་གནས་ཡོད་འདུག་ལ། བོད་མི་མང་བོ་ཞིག་ད་དུང་བྲོས་བྱོལ་དུ་སོང་ནས་ཕྱིར་ནང་དུ་ཡོང་ཐུབ་ཀྱི་མེད་པར་ལྷག་ཡོད་འདུག

ངྷ་ས་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་པས་འདི་གར་གནས་ཚུལ་བཏང་བ་ལྟར་ན། ཕྱི་ཟླ་ ༡༢ པའི་ཟླ་མཇུག་ཙམ་ལ་གནས་ཚུལ་འབྱོར་བའི་ནང༌། དེང་སྐབས་ཨ་མདོ་རྔ་པ་རྫོང་དུ་དམག་མི་སྔར་བཞིན་མངོན་གསལ་དོད་པོས་རྒྱུན་དུ་ཁྲོམ་གཞུང་ཡོངས་རྫོགས་ཁེངས་བསྡད་མེད་ནའང༌། ས་ཚིགས་མི་འདྲ་བ་གསུམ་ལ་དམག་མི་རྣམས་གཏན་སྡོད་བྱས་ཡོད་པ་དང༌། དུས་ཚོད་ངེས་མེད་ལ་ཁྲོམ་གཞུང་དང་གཡས་གཡོན་གྱི་དགོན་པ་ཁག་ལ་ལྟ་སྐོར་བྱེད་ཀྱིན་ཡོད་པ་མ་ཟད། དགོན་པ་ཁག་གི་ནང་ལ་བརྙན་ཕབ་འཕྲུལ་ཆས་རྒྱུན་དུ་བཞག་ཡོད་པས་དགེ་འདུན་པ་རྣམས་ཀྱི་རྒྱུན་ལྡན་གྱི་འགྲོ་འདུག་ཐམས་ཅད་ལྟ་རྟོག་འོག་ཡོད་མུས་ཡིན་འདུག དེ་མིན་ལྷ་བབ་དུས་ཆེན་དང་དགའ་ལྡན་ལྔ་མཆོད་གཉིས་ཀྱི་སྐབས་སུ་རྔ་པ་ཀིརྟི་དགོན་པའི་མཐའ་ཚང་མར་དམག་མིས་དམ་སྲུང་བྱས་ནས་དད་ལྡན་ཆོས་ཞུ་བ་རྣམས་གང་བྱུང་ཡོང་མ་བཅུག་པ་མ་ཟད། ལོ་ལྟར་ལྷ་བབ་དུས་ཆེན་སྐབས་དགོན་པའི་དགེ་བཤེས་དང་བླ་མ་རེ་གཉིས་ཀྱིས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་ཀྱི་ཆོས་ཐུན་ཉིན་གསུམ་རིང་ཡོད་པ་ད་ལོ་འཚོགས་བཅུག་མེད་པ་དང༌། ལོ་སྔོན་མ་ནས་མགོ་བཟུང་སྟེ་བོད་ཟླ་བཅུ་གཅིག་པའི་ནང་ཀིརྟིའི་དགོན་ཁག་གཙོ་བོར་གྱུར་བའི་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགེ་འདུན་པ་བཞི་སྟོང་ལྷག་གདན་འཛོམས་པའི་ཆོས་ཀྱི་བགྲོ་གླེང་ཆེན་པོ་འཇང་དགུན་ཆོས་ཆེན་མོ་ཀིརྟིའི་དགོན་པ་རྣམས་ལ་རེས་མོས་ཀྱིས་འཚོགས་རྒྱུ་བྱས་ཏེ། ལོ་སྔོན་མར་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་འཚོགས་ཤིང༌། སྐབས་དེར་མདོ་དབུས་ཁམས་གསུམ་གྱི་དགོན་ཁག་བཞི་བཅུ་ཙམ་ནས་དགེ་འདུན་པ་སྟོང་ཕྲག་བཞི་ཙམ་ཕེབས་ཏེ་ཟླ་གཅིག་ཧྲིལ་བོར་འཚོགས་ཡོད་ལ། ད་ལོ་རྔ་པ་ཀིརྟི་དགོན་དུ་འཚོགས་རྒྱུ་གཏན་ཁེལ་ཡོད་ནའང༌། རྒྱ་གཞུང་གིས་འཚོགས་མ་བཅུག་པས། རྔ་པ་ཀིརྟི་དགོན་པའི་ངོས་ནས་རྒྱ་ནག་གཞུང་ལ་སྙན་ཞུ་རིམ་པ་གསུམ་བརྒྱབས་ཡོད་འདུག་པའི་སྙན་ཞུ་ཐེངས་དང་པོའི་སྐབས་སུ། ལོ་སྔོན་མ་ལྟར་མདོ་དབུས་ཁམས་གསུམ་གྱི་དགོན་པ་གང་ནས་ཀྱང་ཡོང་ཆོག་རྒྱུའི་སྐོར་དང༌། ཐེངས་གཉིས་པར་རྔ་པ་རྫོང་གཅིག་པུའི་དགོན་པ་ཁག་གི་དགེ་འདུན་པ་རྣམས་ལྷན་འཚོགས་བྱེད་རྒྱུ། ཐེངས་གསུམ་པར་ས་བཅད་མ་སྟོང་ཙམ་ཞིག་རང་དགོན་གྱི་གྲྭ་པ་རྣམས་འཚོགས་རྒྱུ་བཅས་ཡིན་འདུག་ཀྱང་འདི་གསུམ་ཀར་ཆོག་མཆན་མ་རག་པས་ད་ལོའི་དགུན་ཆོས་ཆེན་མོ་འཚོགས་ཐུབ་མེད་འདུག དེ་མིན་རྔ་པ་ཀིརྟི་དགོན་པས་བོད་ཟླ་བཅུ་གཅིག་པ་སྔ་ཕྱི་གཉིས་ཕུད། སྔ་མའི་ནང་དགོན་པའི་ཆོས་མཚམས་བྱེད་རྒྱུ་དང༌། ཕྱི་མའི་ནང་དགུན་ཆོས་ཆེན་མོ་འཚོགས་རྒྱུ་བྱས་མོད། གོང་ཞུས་ལྟར་དགུན་ཆོས་ཆེན་མོ་འཚོགས་མ་བཅུག་པ་མ་ཟད། ཟླ་ལྷག་ཀྱང་ཕུད་མ་བཅུག་པར་ལོ་གསར་དང་སྨོན་ལམ་ཚང་མ་ཚུར་ཟླ་གཅིག་སྔ་སྣུར་བྱེད་དགོས་བྱུང་ཡོད་འདུག་ལ། དེའི་དམིགས་ཡུལ་ནི་དེ་ལྟར་ཟླ་ལྷག་ཕུད་ན་སྨོན་ལམ་ཆེན་མོ་སྤྱི་ཟླ་གསུམ་པའི་ནང་ལ་འཁེལ་འགྲོ་གི་ཡོད་པས་ཡིན་འདུག

རྔ་པའི་ཡུལ་སྲོལ་ལ་ལྷ་བབ་དུས་ཆེན་སྔོན་དུ་དགོན་གྲོང་ཚང་མས་ཁང་པར་ས་རྩི་བྱུགས་ཀྱི་ཡོད་ནའང༌། ད་ལོ་མྱ་ངན་གྱི་ལོ་ལ་སྲུང་གཙི་བྱས་ཏེ་ཁང་པ་གཅིག་ལའང་ས་རྩི་མ་བྱུགས་པར་ནག་འདུག་བྱས་ཡོད་པ་དང༌། དེ་སྔོན་སྟོན་ཁར་དགོན་པ་རྣམས་ཀྱི་དབྱར་སྟོན་དང་གྲོང་པ་རྣམས་ཀྱི་ནས་སྟོན་སོགས་སྤྲོ་སྐྱིད་གཏོང་བའི་ལུགས་སྲོལ་ཡོད་པ་དེ་དག་གཅིག་ཀྱང་མ་བྱས་པ་དང༌། འཆར་ལ་ཉེ་བའི་ལོ་གསར་ཡང་གཏོང་གི་མིན་ཚུལ་གྱིས་མི་མང་གིས་རང་འགུལ་གྱིས་བསླངས་བའི་ལས་འགུལ་ཞིག་ཏུ་ཆགས་ཡོད་པས། བོད་ས་བྱི་ལོ་དེ་འདི་ལྟར་མྱ་ངན་དང་མིག་ཆུའི་ཀློང་ནས་བསྐྱལ་རྒྱུ་ཡིན་སྐོར་བརྗོད།

གཞན་ཡང་རྔ་པ་རྟོགས་ལྡན་དགོན་གྱི་གྲྭ་སངས་དགའ་ལགས་སྤྱི་ཟླ་ ༨ ཚེས་ ༡༣ ཉིན་གྱི་དགོང་མོ་རྔ་པ་རྫོང་ཐོག་ནས་འཛིན་བཟུང་བྱས་ཤིང༌། ད་བར་གར་ཡོད་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། འབྲེལ་ཡོད་ཚོས་ཁོང་དེ་སྔོན་ཡང་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་གསུམ་ལ་ཁྲིམས་ཐག་བཅད་པས་ད་ལྟ་ཕལ་ཆེར་ལྐོག་གསོད་བྱས་པ་མིན་ནམ་སྙམ་པའི་སེམས་འཚབས་སྐྱེས་ཀྱི་ཡོད་འདུག    རང་ལོ་ ༢༦ ཡིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཤེས་རབ་འབོད་པ་དེ་སྔོན་སྤྱི་ཟླ་གསུམ་པའི་ནང་ལྷ་ས་ནས་ཀིརྟི་དགོན་པའི་དགེ་འདུན་པ་གཞན་དག་དང་ལྷན་དུ་འཛིན་བཟུང་བྱས་ནའང༌། ཁོང་ལོ་སྔོན་མར་ྋགོང་ས་མཆོག་ལ་གསེར་གྱི་རྟགས་མ་འབུལ་བཞེས་གནང་སྐབས་ལྷ་ས་འབྲས་སྤུངས་དགོན་པར་ས་རྩི་བྱུགས་མ་ཆོག་པའི་དོན་དག་བྱུང་སྐབས་ཐོག་དང་པོར་ས་རྩི་བྱུགས་མཁན་ཡིན་འདུག་པས། དེ་སྔོན་ནས་ཐེངས་འགར་བརྩད་གཅོད་བྱས་ཀྱང་རྒྱ་ལག་ཏུ་མ་ཤོར་བར་ཡོད་པ་སྐབས་དེར་འཛིན་བཟུང་བྱས་ནས་ལྷ་སར་ལོ་ ༡ དང་ཟླ་ ༢ གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། དེང་སྐབས་ལྷ་སའི་བཙོན་ཁང་ཞིག་ཏུ་བཀག་སྐྱིལ་བྱས་ཡོད་འདུག

གཞན་ཡང་ད་ལོའི་ཞི་རྒོལ་ཆེན་མོ་དང་འབྲེལ་ཡོད་མི་སྣ་བདུན་ཅུ་དོན་གྲངས་ཤིག་ལ་རྒྱ་ནག་གཞུང་གིས་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་ཟིན་ནའང༌། ད་དུང་ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་བྱས་ཡོད་པ་ཡང་གང་འཚམ་ཡོད་འདུག་པ་དང༌། དེ་མིན་བྲོས་བྱོལ་དུ་སོང་ནས་ད་ལྟ་ཡང་ནང་ལ་ཡོང་ཐུབ་ཀྱི་མེད་པ་མང་པོ་ཞིག་ཡོད་འདུག

ཡང་དེ་སྔོན་ཞི་རྒོལ་ཆེན་མོའི་སྐབས་འཛིན་བཟུང་བྱས་རྗེས་གྲོངས་པའི་རྔ་པ་རྫོང་གཅའ་ཞང་གི་བུད་མེད་ནེ་ཆུང་གི་བུ་ཆུང་བ་ཆོས་བྷེ་ལ་རྒྱ་སྒོར་ ༡༥༠༠༠ ཉེས་ཆད་བཅད་ནས་གནས་སྐབས་རིང་ནད་མནར་གྱི་རྐྱེན་པས་གློད་གྲོལ་ཙམ་བཏང་འདུག་པ་དང༌། ཆེ་བ་བཀྲ་ཁོ་ལ་རྒྱ་སྒོར་ ༥༠༠༠༠ ཉེས་ཆད་བཅད་དེ་གློད་གྲོལ་བཏང་ཙམ་བྱུང་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply