ཁྲོམ་སར་མེ་ཤོར་བ།

བོད་མིའི་ཁྱིམ་ཚང་ ༡༣ གྱི་ཁྲོམ་ས་ ༣༠ ལ་མེ་ཤོར་ཏེ་ཚོང་རྫས་རྩ་མེད་དུ་གྱུར་འདུག་ལ། བོད་གཞུང་དང་རྒྱ་གར་མངའ་སྡེ་གཞུང་སོགས་ནས་རོགས་སྐྱོར་བྱེད་རྒྱུའི་ཁས་ལེན་བྱས་ཡོད་འདུག

ཚེས་ ༡ དགོང་མོ་ཆུ་ཚོད་ ༡ ཙམ་གྱི་གཡས་གཡོན་དུ་ཨན་རྡི་ར་མངའ་སྡེའི་ཝ་རན་གྷལ་ཁུལ་གྱི་བོད་མིའི་ཁྲོམ་ས་ ༣༠ ལྷག་ལ་མེ་སྐྱོན་བྱུང་སྟེ་ཚོང་རྫས་གང་ཡང་ལྷག་མི་འདུག ཁྲོམ་ས་མེ་སྐྱོན་བྱུང་སའི་བོད་མི་སྐལ་བཟང་ལགས་ལ་མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་བཀའ་འདྲི་ཞུས་སྐབས། ཁོང་གིས། རྒྱ་གར་ཡུལ་མི་དང་བོད་མིའི་བར་འགལ་ཟླ་གང་ཡང་མེད་ལ། བོད་མི་ཚོས་ཀྱང་ཐེངས་འདིའི་མེ་སྐྱོན་རྒྱ་གར་ཡུལ་མི་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་ཀྱིན་མེད། བོད་མིའི་ཁྲོམ་ས་དང་མཉམ་དུ་ཡུལ་མིའི་སྤྱི་སྤྱོད་རླངས་འཁོར་ ༣ ཡང་མེ་ཡིས་ཚིགས་ཡོད། ཉིན་ཤས་སྔོན་སྤྱི་སྤྱོད་རླངས་འཁོར་གྱི་སྦྱིན་བདག་དང་གླ་བའི་བར་འགལ་ཟླ་བྱུང་འདུག་ལ། རླངས་འཁོར་དེ་དག་གི་སྦྱིན་བདག་གིས་ས་གནས་ཉེན་རྟོག་པར་གནས་ཚུལ་སྙན་ཞུ་བྱས་སྐབས་གླ་བ་དང་སྦྱིན་བདག་བར་ཏུ་འགལ་ཟླ་ཡོད་པས་གླ་བ་དེ་ཚོར་དོགས་པ་ཡོད་ཚུལ་བྲིས་འདུག  དེ་བས་ས་གནས་བོད་མི་ཚོས་ཀྱང་མེ་སྐྱོན་འདི་བོད་མི་ཚོའི་ཁྲོམ་སར་དམིགས་པ་ཞིག་མིན་པར་ངོས་འཛིན་ཞུ་གི་ཡོད། ཅེས་གསུང་བ་དང༌། ཡང་ཁོང་ལ་ད་ལྟའི་གནས་སྟངས་ཐད་བཀའ་འདྲི་ཞུས་སྐབས། ཁོང་གིས།  སྤྱིར་ད་ལོའི་དགུན་ཁ་གནམ་གཤིས་གྲང་མོ་མེད་པས་དགུན་ཁའི་ཚོང་རྫས་ཕལ་ཆེ་ཤོས་བཙོང་ཐུབ་མེད་པ་དང༌། ཚོང་རྫས་ཡོངས་རྫོགས་མེ་ཡིས་ཚིགས་སོང་བས་གྱོང་གུད་ཚབས་ཆེན་ཕོག་སོང༌། མེ་སྐྱོན་ཤོར་བའི་གནས་ཚུལ་ས་གནས་དང་མངའ་སྡེ་དཔོན་རིགས་ཚོར་ཞུས་ཡོད་ལ། མངའ་སྡེ་དཔོན་རིགས་དེ་ཚོས་རོགས་སྐྱོར་གནང་གི་ཡིན་གསུངས་ཀྱང་ད་ལྟའི་ཆར་ལག་སོན་གང་ཡང་བྱུང་མེད། བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་ཀྱང་མེ་སྐྱོན་ཤོར་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཀྱིན་ཡོད་པ་དང་རོགས་སྐྱོར་གནང་གི་ཡིན་གསུང་བ་མ་གཏོགས་ད་དུང་ལག་ལེན་གང་ཡང་བསྟར་མ་སོང༌། མེ་སྐྱོན་ཤོར་བའི་ཉིན་འདི་དག་གི་ནང་དུ་རྒྱ་གར་ནང་བའི་ཆོས་ཚོགས་ཤིག་གིས་མེ་སྐྱོན་ཤོར་བའི་མི་ཚང་རེ་རེ་ལ་འབྲས་ཀཱི་ལོ་ ༢༥ རེ་ཡི་ཞལ་འདེབས་གནང་བྱུང་ཡང༌། དགུན་ཁའི་ཚོང་ལ་བརྟེན་ནས་འཚོ་བར་རོལ་བཞིན་པའི་ས་གནས་མི་མང་ལ་མཚོན་ན་འཚོ་བ་བཟང་རྒྱུ་མེད་པས། ད་ལྟའི་ཆར་ས་གནས་གཞན་དུ་ཡོད་པའི་བོད་མིའི་ཁྲོམ་ས་ཁག་ལ་ཞལ་འདེབས་སློང་བར་འགྲོ་གི་ཡོད། ཅེས་གསུངས་བྱུང༌། 

བོད་མིའི་དགུན་ཁའི་ཁྲོམ་ས་ནི་བོད་མི་སྐྱབས་བཅོལ་བ་ཚོས་ལོ་གཅིག་གི་ནང་དུ་ཡོང་སྒོ་ཆེ་ཤོས་འཚོལ་ས་དེ་ཡིན་ལ། དེ་རུ་བལ་གོས་གཙོས་པའི་དགུན་ཁའི་གྱོན་པ་བཙོང་གི་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply