མོན་གྷོ་མང་ཚོགས་ལོ་མི་སར་ཟེར།

མོན་གྷོ་འདོད་རྒུ་གླིང་གཞིས་སྤྱིའི་ལྷ་མོའི་ཚོགས་པ་དང་། ས་གནས་གཞོན་ནུ། བུད་མེད་བཅས་སེར་སྐྱ་ཡོངས་ནས་ད་ལོའི་ལོ་གསར་སྐབས་རྩེད་འཇོའི་སྤྱོད་པ་སྣ་གཅིག་ཀྱང་མི་བསྒྲུབ་པའི་ཐག་གཅོད་བྱས་འདུག

འདི་གར་གོང་གསལ་ཚོགས་པ་ཁག་དང་གྲ་ཚང་གི་ཕྱག་མཛོད་དང་གཞིས་གྲོང་ཁག་གི་སྤྱི་མི་ཐན་མོང་ནས་བཏང་བའི་གནས་ཚུལ་ལྟར་ན། མོན་གྷོ་འདོད་རྒུ་གླིང་གཞིས་སྤྱིའི་ལྷ་མོའི་ཚོགས་པ་དང་། ས་གནས་གཞོན་ནུ། བུད་མེད་བཅས་སེར་སྐྱ་ཡོངས་ནས་ད་ལོའི་ལོ་གསར་སྐབས་རྩེད་འཇོའི་སྤྱོད་པ་སྣ་གཅིག་ཀྱང་མི་བསྒྲུབ་པར་མོས་མཐུན་བྱུང་ཡོད་ལ། དེའི་རྒྱུ་མཚན་དུ་བཀོད་དོན། འདས་པའི་བགྲང་བྱ་བཅུ་ཕྲག་དུ་མའི་རིང་ཞི་བདེ་དང་དྲང་བདེན་སྲུང་ཞིང་། ལྷག་བསམ་དང་སྙིང་སྟོབས་ཉམས་པ་མེད་པའི་རི་ཁ་བ་ཅན་གྱི་དཔའ་བོ་དཔའ་མོ་འབུམ་ཕྲག་དུ་མའི་ཚེ་སྲོག་གི་མེ་ལྕེ་ཕྲ་མོ་རྒྱ་ནག་གཞུང་གི་ཆེས་ཆེ་བའི་གདུག་རྩུབ་ཀྱི་དྲག་རླུང་ཁྲོད་ཡལ་ཟིན་པ་དང་། དུས་རབས་ཉེར་གཅིག་པ་སྟེ། ས་ཆེན་པོའི་མཐའ་དབུས་མེད་པར་དམངས་གཙོ་དང་རང་དབང་གི་གླུ་སྒྲ་ལ་འཐིམ་བཞིན་པའི་དེ་རིང་གི་དུས་སུ་ཡང་། གཞིས་ལུས་རྒྱ་ཆེའི་མི་མང་གི་སྤྱི་གཙུག་མེ་མདའ་དང་འགྲོགས་ནས་ཡོད་པའི་ཡ་ང་བའི་གནས་སྟངས་སྤྱི་དང་། ལྷག་པར་སྔར་ལོའི་བོད་ས་ཡོངས་ཀྱི་ཞི་བའི་ངོ་རྒོལ་ཆེན་མོའི་སྐབས་ཚེ་སྲོག་གི་འོད་སྣང་ཡལ་ཟིན་པ་དང་། བཙོན་འཇུག་མནར་གཅོད་ཀྱི་ན་ཟུག་མྱངས་དང་མྱོང་བཞིན་པ། མདོར་ན་སྡུག་གི་མེ་དཔུང་གིས་བསྲེགས་དང་སྲེག་བཞིན་པའི་གཞིས་ལུས་བོད་མི་ཡོད་དོ་ཅོག་ལ་མྱ་ངན་དང་གུས་འདུད། གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང་། ཡང་སྒོས་སུ་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་མཛའ་མཐུན། དྲང་བདེན་དང་བྱམས་བརྩེའི་བདག་པོ། ཁ་བ་ཅན་པའི་སྐྱབས་དང་མགོན་དང་དཔུང་གཉེན་དམ་པ། ༧གོང་ས་བཅུ་བཞི་པ་ཆེན་པོ་མཆོག་ལ་མཚན་སྨོད་བྱས་དང་བྱེད་བཞིན་པ་སོགས་རྒྱ་ནག་གཞུང་གིས་ནམ་མཁར་མི་ཤོང་བའི་ནག་ཉེས་མཐའ་དག་མྱུར་དུ་མཚམས་འཇོག་བྱེད་པར་འཛམ་གླིང་མི་མང་གིས་དྲང་བདེན་རྒྱབ་སྐྱོར་ཡོང་ཐབས་སུ། འདི་ག་མོན་གྷོ་འདོད་རྒུ་གླིང་གཞིས་སྤྱིའི་ལྷ་མོའི་ཚོགས་པ་དང་། ས་གནས་གཞོན་ནུ། བུད་མེད་བཅས་སེར་སྐྱ་ཡོངས་ནས་ད་ལོའི་ལོ་གསར་སྐབས་རྩེད་འཇོའི་སྤྱོད་པ་སྣ་གཅིག་ཀྱང་མི་བསྒྲུབ་པའི་མོས་མཐུན་བྱུང་ཞེས་བརྗོད་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “མོན་གྷོ་མང་ཚོགས་ལོ་མི་སར་ཟེར།