འཇར་མན་བོད་པར་ལོ་གསར་མེད།

ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོས་ད་ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་ཁྲོད་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་བ་དག་གི་ཆེད་དུ་མེ་གླང་ལོའི་ལོ་གསར་རོལ་རྒྱུ་མིན་ཟེར།

ཕྱི་ཚེས་ ༡༧ ཉིན་འཇར་མན་དུ་གནས་སྡོད་ཧོར་གཙང་བསྟན་འཛིན་ལགས་ཀྱིས་འདི་གའི་གསར་ཁང་ལ་བཏང་བའི་གནས་ཚུལ་ནང༌། རགས་རྩིས་བྱས་ན་ད་སྐབས་འཇར་མན་ནང་བོད་པ་གྲངས་ ༤༠༠ ཙམ་ཡོད། ཉེ་སྔོན་བོད་ཀྱི་དུས་བབ་དྲ་རྒྱའི་སྟེང་ཐོན་པའི་བོད་ཕྱི་ནང་གཉིས་ཀྱི་ས་གནས་ཁག་མང་པོར་ད་ལོ་ལོ་གསར་གཏོང་རྒྱུ་མིན་པའི་ཐད་ལས་འགུལ་འདྲ་མིན་སྤེལ་གྱིན་ཡོད་པ་དང༌། སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེན་ཡོང་གིན་ཡོད་པ་ཐོས་མ་ཐག འཇར་མན་ནང་གནས་སྡོད་བོད་རིགས་ཚོར་ཁ་པར་བརྒྱུད་འབྲེལ་བ་ཞུས་པ་ཡིན། རྗེས་སུ་འཇར་མན་བོད་རིགས་ཚོགས་པ་གཙོ་བྱས་པའི་ས་གནས་ཁག་གི་བོད་རིགས་ཚོས་ས་བྱི་ཞི་རྒོལ་ཆེན་མོའི་ཁྲོད་ཚེ་སྲོག་བློས་གཏོང་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དང༌། ཁོང་ཚོའི་ནང་མི་གཉེན་འབྲེལ། གཞན་ད་དུང་རྒྱའི་བཙོན་འོག་ན་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་གཞིས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང༌། སྐྱིད་སྡུག་མཉམ་མྱོང་བྱ་ཆེད། འཇར་མན་བོད་རིགས་ཡོངས་ནས་ས་གླང་ལོའི་ལོ་གསར་གཏོང་རྒྱུ་མིན་པ་གཏན་འཁེལ་ཟིན་ཡོད། ཅེས་འཇར་མན་བོད་རིགས་ཚོགས་པའི་ཚོགས་གཙོའི་ལན་འབྱོར་སོང༌། ཞེས་བཀོད་འདུག

 

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “འཇར་མན་བོད་པར་ལོ་གསར་མེད།

  1. བྱེས་གྱར་སྤུན་ཟླ་ཚོས་སྡུག་གི་ཁུར་བོ་མཉམ་ཁུར་བྱས་པ་འདིས་ང་ཚོར་སེམས་འགུལ་ཐེབས་ཤིང༌། དྲན་གདུང་གཡོ་རུ་བཅུག་སོང༌། མི་ཤི་ན་སྤྲོད་སྐྱིད་མེད་པ་བོད་པ་ཚང་གི་ལུགས་སྲོལ་ཡིན། བོད་མདོ་དབུས་ཁམས་གསུམ་གཅིག་གྱུར་ཡོང་དཀའ་ཡང༌། ཡུལ་ཕྱོགས་གཅིག་དང་སྡེ་བ་གཅིག་གིས་ལོ་གསར་མེད་པ་བྱས་ཀྱང༌། མི་རབས་གསར་བའི་ན་གཞོན་ཚོའི་སེམས་ངོས་སུ་རྟག་བརྟན་གྱི་རྡོ་རིང་ཞིག་གསར་བཞེངས་ཤིང༌། གུང་ཁྲན་ཏིང་ལ་ལྡོག་དཀའ་བའི་ཡིན་ལུགས་ཤིག་བརྗོད་ཀྱིན་ཡོད། ཐུགས་རྗེ་ཆེ་སྤུན་ཟླ་ཚོ།

  2. རིག་པའི་རྡོ་རྗེ།

    གངས་རིའི་མིག་ཆུ་ཞེས་པའི་དྲ་དེབ་ངོ་སྤྲོད།
    http://nolosar.wordpress.com/

    རིག་པའི་རྡོ་རྗེས།
    ——————
    གངས་རིའི་མིག་ཆུ་ཞེས་པའི་དྲ་དེབ་ཆུང་ཆུང་འདི། ང་དང་ངའི་གྲོགས་པོ་སྐོར་ཞིག་གིས་འབད་བསྒྲུབས་བྱས་པ་ཡིན་ལ། འདིའི་དགོས་དམིགས་ནི། གཞིས་ལུས་བོད་མི་རྣམས་ཀྱི་ཡ་ཆུང་སྡུག་གིས་བསགས། མིག་མཐའ་མཆི་མས་བསྐོར་ཏེ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་སྐབས་འདིར། བཙན་བྱོལ་གཞུང་དང་། ཚོགས་སྡེ་ཁག དེ་བཞིན་གང་ཟག་སྒེར། མདོར་ན་ཕྱིར་སྡོད་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས། ད་ལོའི་ལོ་གསར་ལ་སྤྲོ་སྐྱིད་གཏོང་རྒྱུའི་ཚབ་ཏུ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་དང་། རྒྱ་མིའི་བཙོན་ཁང་དུ་ཡོད་པའི་རྒྱལ་གཅེས་དཔའ་བོའི་སྡེ་ཁག དེ་དག་གི་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་དམིགས་བསལ་གྱི་སེམས་གསོ་དང་། གདུང་སེམས་མཉམ་བསྐྱེད་མཚོན་ཆེད། ལོ་གསར་ཚེས་གཅིག་ཉིན་འཛམ་གླིང་གང་སར་གནས་པའི་བོད་མི་རྣམས་ཀྱིས། དུས་ཚོད་གཅིག་གི་ཐོག་ས་གནས་རྒྱ་ནག་གཞུང་ཚབ་ཁང་སོ་སོར་ཞི་བའི་ངོ་རྒོལ་བྱེད་རྒྱུ་དྲ་དེབ་འདིའི་ཉིང་དགོས་ཡིན་ལ། དེ་ལྟར་བྱུང་ན་ངེད་ཚོའི་གནས་སྐབས་ཀྱི་རེ་འདོད་ཀྱང་འགྲུབ་པ་ཡིན།

  3. སྤོབས་པ་མཐའ་ཡས།

    ལོ་གསར་མི་བྱེད་པ་ལས་ལོ་གསར་སྟངས་དམིགས་བསལ་བ་ཞིག་བྱས་ན་མི་ལེགས་སམ། དཔེར་ན། རྒྱལ་གཅེས་དཔའ་བོ་འདས་གྲོངས་སོང་བ་ཚོའི་ཆེད་དུ་དགེ་སྦྱོར་དང་། རྒྱ་མི་ལ་ངོ་རྒོལ་ལས་འགུལ་སོགས་སྤེལ་ན་དགའ་ངེས་མ་རེད་དམ། ལོ་གསར་མེད་ཅེས་བརྗོད་ན་བོད་པ་མཉམ་དུ་འདུ་བའི་གོ་སྐབས་དེ་མེད་པར་འགྱུར་བ་ལས་ཕན་ཐོགས་གཞན་ཨེ་ཡོད་སྙམ། མ་གཞི་ལོ་གསར་འདི་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོ་མཉམ་འཛོམ་གྱི་གོ་སྐབས་ཆེ་ཤོས་ཤིག་ཡིན་འདུག་པས་ལོ་གསར་གཏོང་སྟངས་དམིགས་བསལ་བ་རེ་བྱེད་ན་ཨེ་ཆོག