བུ་མོ་ཤམ་བྷ་ཝེ་ཡི་བོད་དོན་ལུང་བསྟན།

ཉིན་ཤས་སྔོན་ལོ་དྲུག་ལ་སོན་པའི་རྒྱ་གར་གྱི་བུ་མོ་ཆུང་ཆུང་ཞིག་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་ཁོ་མོས་བོད་ཀྱི་གནད་དོན་སྐོར་༧གོང་ས་མཆོག་ལ་ལུང་བསྟན་གྱི་ཚུལ་དུ་ཞུས་ཡོད་འདུག

རྒྱ་གར་གྱི་བུ་མོ་ཆུང་ཆུང་དེ་ནི་རང་མཁས་ཀྱི་བུ་མོ་ཞིག་མིན་པར། མངོན་ཤེས་མངའ་བའམ་སྔོན་དཔག་གི་ནུས་པ་ཁྱད་པར་བ་ཞིག་ཡོད་པར་བཤད། ཁོ་མོའི་སྔོན་དཔག་དང་པོ་ནི་སྔོན་ཆད་ཧིན་རྡུ་རྒྱ་མཚོའི་མཚོ་མཐིལ་ལ་བརྒྱབས་པའི་ས་ཡོམ་སྟེ། ཚོ་ནཱ་མི་ཞེས་པའི་རང་བྱུང་གི་འཇིགས་པ་དེ་ཡིན་སྐད་འདུག་ལ། འཇིགས་པ་དེ་མ་བྱུང་གོང་དུ་བུ་མོ་ཆུང་ཆུང་འདིས་རྐྱེན་ངན་དེ་འདྲ་ཞིག་འབྱུང་རྒྱུ་ཡིན་ཚུལ་ལུང་བསྟན་གྱི་བཤད་ཡོད་སྐད།

བུ་མོ་འདིའི་མིང་ལ་ཤམ་བྷ་ཝེ་ཟེར་ཞིང་། རྒྱ་གར་ལྷོ་ཕྱོགས་ཀྱི་ཨན་ཌ་ར་མངའ་སྡེ་ནས་ཡིན་འདུག བཤད་ཚུལ་ལ་བུ་མོ་འདིས་ ༢༠༠༩ ལོའི་ཕྱི་ཟླ་ ༡ པོའི་སྔོན་དུའང་༧གོང་ས་མཆོག་གི་སྐུ་བདེ་མིན་གྱི་ཐད་ནས་སྐད་ཆ་ཞིག་བཤད་ཡོད་ཚུལ་འདུག

ཉིན་ཤས་སྔོན་བུ་མོ་འདི་རྒྱ་གར་ལྷོ་ཕྱོགས་ནས་རྐང་བཙུགས་ཏེ་༧གོང་ས་མཆོག་ལ་མཇལ་ཁ་ཞུ་བར་ཡོང་ཡོད་པ་དང་། དེ་ནི་ཉེ་བའི་ཟླ་ཤས་གོང་ནས་བཟུང་བུ་མོ་དེས་རྟག་པར་༧གོང་ས་མཆོག་རྨི་ལམ་དུ་རྨིས་པ་དང་། མོ་རང་༧གོང་ས་མཆོག་ལ་མཇལ་དགོས་ཀྱི་ཡོད་ཅེས་བཤད་པ་ལྟར་ཡོང་བ་ཡིན་ཚུལ་འདུག

ཁོ་མོ་བཞུགས་སྒར་ནས་༧གོང་ས་མཆོག་ལ་མཇལ་སྐབས་ཨ་མ་དང་ལྷན་དུ་མཇལ་ཁ་ཞུས་ཡོད་ཚུལ་འདུག་ལ། སྐབས་དེར་ཁོ་མོས་ ༢༠༠༩ ལོའི་ལོ་མཇུག་དང་ ༡༠༡༠ ལོའི་ལོ་མགོ་ཙམ་ནས་བོད་ནང་དུ་དམངས་གཙོ་ལས་དོན་ལེགས་འགྲུབ་ཡོང་བ་དང་། བཙན་བྱོལ་བོད་མི་རྣམས་ཀྱང་རིམ་བཞིན་ཕྱིར་རང་རང་གི་ཕ་ཡུལ་ཕྱོགས་སུ་ལོག་མགོ་རྩོམ་རྒྱུ་རེད་ཅེས་ཞུས་ཚུལ་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

28 thoughts on “བུ་མོ་ཤམ་བྷ་ཝེ་ཡི་བོད་དོན་ལུང་བསྟན།

  1. ཧ་ཧ་ ཙུ་ན་མི(Tsunami)ཞེས་པ་དེ་ནི་༢༠༠༤ལོའི་ཟླ་བ༡༢ནང་དུ་རྒྱ་གར་གྱི་མངའསྡེ་ཨོ་རི་ས་(Orissa)ཡི་ཁུལ་དུ་བྱུང་ཡོད་རེད། དེའི་སྐབས་ཀྱི་བུ་མོ་དེ་ནི་སྐྱེས་མ་ཐག་པའི་བུ་མོ་ཟླ་བ་ཁ་ཤས་སོང་བ་ཞིག་རེད། ཨོའོ་་་ ད་ཉིས་སྟོང་དགུའི་ལོ་མཇུག་རྫོགས་ཤིང་བཅུའི་ལོ་དཀྱིལ་ཡང་རྫོགས་གྲབས་འདུག་དཱ།

  2. རྫ་ཚེ་རིང་བཀྲ་ཤིས།

    འུ་ཚང་གི་མི་རིགས་འདི་ནི་ལོ་རྒྱུས་ཀྱི་འགག་སྒོ་མང་པོ་ཞིག་བརྒྱུད་ནས་སླེབས་པའི་མི་རིགས་གཞན་དང་འདྲ་ས་མང་ནའང༌། མི་འདྲ་ས་ཞིག་ནི་ལྷ་སྒྲུང་དང་ཆོ་འཕྲུལ་ལ་ཡིད་ཆེས་ཀྱི་འདུན་པ་ཟབ་དྲགས་པའི་སྐྱོན་ཆ་ཆེན་པོ་ཞིག་ཡོད་པ་འདི་རེད། ཁ་སང་དེ་རིང་གི་དུས་སུའང་འདི་ལྟར་རྨི་ལམ་གྱི་ལམ་བུ་ཞིག་ལས་ད་དུང་རིག་གསར་གྱི་འཇིག་རྟེན་འདིའི་གྲོང་སྣེ་ཞིག་ཟིན་མེད་པའི་མངོན་རྟགས་གསལ་པོ་ཞིག་ནི། བྱིས་པ་བསམ་མེད་ཅིག་གི་ངག་གི་རྗེས་སུ་འདི་ལྟར་ཡིད་ཆེས་དང་བསྟོད་བསྔགས་སོགས་ཀྱིས་དུས་འདའ་བའི་ལོ་རྒྱུས་ཀྱི་གོད་ཆག་ཆེན་པོ་ཞིག་རེད། ད་དུང་ལུང་སྟོན་དང་། མངོན་ཤེས་སོགས་ལ་མགོ་འཁྲེགས་རྣམས་རེ་བ་ཆེ་བས་གངས་རིའི་མི་རྒྱུད་འདི་ལ་རེ་བ་ཞིག་མེད་པ་འདྲ། ཨ་རོ་ཤོ