ཉེ་ཆར་སྤྱི་ཟླ་ ༡༢ ནང་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་ནས་ཡིན་པའི་ན་གཞོན་སྒྱུ་རྩལ་པ་སོག་ཕྲུག་ཤེས་རབ་ལགས་རྒྱ་གཞུང་གིས་འཛིན་བཟུང་བཀག་གཉར་བྱས་ཡོད་འདུག དེ་ནི་སོག་ཕྲུག་ཤེས་རབ་ལགས་ཀྱིས་སྒྲ་སྙན་རྡུང་ལེན་གྱི་འོད་སྡེར་ཞིག་འདོན་སྤེལ་བྱས་ཡོད་པ་དང༌། འོད་སྡེར་དེའི་ནང༌། ལྔ་བཅུ་ང་བརྒྱད་ལོ་དང་ཉིས་སྟོང་བརྒྱད་ལོ། ཞེས་པ་སོགས་བོད་མིའི་སྐྱིད་སྡུག་དང་འབྲེལ་བའི་དངོས་ཡོད་གནས་སྟངས་མང་པོ་ཞིག་གཞས་ཚིག་གི་ལམ་ནས་གསལ་སྟོན་བྱས་ཡོད་སྟབས། རྒྱ་གཞུང་གིས་སོག་ཕྲུག་ཤེས་རབ་ལགས་འཛིན་བཟུང་བཀག་ཉར་དང༌། འོད་སྡེར་རྣམས་འགྲེམས་སྤེལ་བྱེད་དུ་མ་བཅུག་པར་གཞུང་བསྡུ་བྱས་འདུག ཅེས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱང་སྲིང་བྱས་ཡོད།
ན་གཞོན་སྒྱུ་རྩལ་པ་དང་གཞས་པ་སོག་ཕྲུག་ཤེས་རབ་ལགས་ཀྱིས་ ༡༩༩༧ ཡས་མས་ནས་གླུ་དང་རྡུང་ལེན། བཞད་གར་དང་གཏམ་བརྗོད་སོགས་འཁྲབ་སྟོན་གང་མང་བྱས་ཡོད་པ་མ་ཟད། རྒྱ་ནག་གི་གཏམ་རྒྱུད་གྲགས་ཆེན། གྲུབ་ཐོབ་ཅཱི་ཀུང་ཟེར་བ་སོགས་འཁྲབ་སྟོན་བྱས་ཏེ། བོད་རིགས་རྒྱ་ཆེའི་གཟིགས་མཁན་དང་གསན་མཁན་རྣམ་པའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང༌། ལྷག་པར་དུ་སྔར་ལོ་ ༢༠༠༨ ལོར་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར། ཁ་སང་གི་གཏམ་རྒྱུད། ཅེས་པའི་འཁྲབ་གཞུང་ནང་གི་མི་སྣ་གཙོ་བོ་རྟ་རྡོ་ཞུ་བ་དེ་འཁྲབ་སྟོན་བྱས་ཏེ། སྒྱུ་རྩལ་གྱི་ཉམས་འགྱུར་དང་དངོས་ཡོད་འཚོ་བ་མཚོན་སྟངས་ཐད། གཟིགས་མཁན་ཡོངས་ཀྱི་བསྔགས་བརྗོད་དང་གདེང་འཇོག་ཚད་མཐོན་པོ་ཐོབ་ཡོད་འདུག ཐེངས་འདིའི་ཁོང་གི་སྒྲ་སྙན་རྡུང་ལེན་ཆེད་སྒྲིག་འོད་སྡེར་ནང་གི་སྤྱི་ལོ་ལྔ་བཅུ་ང་བརྒྱད་ལོ་དང་སྤྱི་ལོ་ཉིས་སྟོང་བརྒྱད་ལོ། ཅེས་པའི་གཞས་ཚིག་གཤམ་དུ་བཀོད་ཡོད།
སྤྱི་ལོ་ལྔ་བཅུ་ང་བརྒྱད་ལོ།།
དགྲ་ནག་པོ་བོད་ལ་ཐོན་པའི་ལོ།།
རྗེས་བླ་མ་བཙོན་ལ་བཟུང་བའི་ལོ།།
ལོ་གན་ལ་ང་ཚོ་འཇིགས་སྣང་ཆེ།།
འདི་སྤྱི་ལོ་ལྔ་བཅུ་ང་དགུ་ལོ།།
བོད་དཔའ་བོ་ཁྲག་ལ་སྦྱར་བའི་ལོ།།
བོད་ཉེས་མེད་བཙོན་ལ་བཟུང་བའི་ལོ།།
ལོ་གན་ལ་ང་ཚོ་འཇིགས་སྣང་ཆེ།།
སྤྱི་ལོ་ཉིས་སྟོང་བརྒྱད་ཀྱི་ལོ།།
བོད་ཉེས་མེད་གཅར་རྡུང་བྱས་པའི་ལོ།།
སའི་གོ་ལའི་འབངས་མི་བསད་པའི་ལོ།།
ལོ་གན་ལ་ང་ཚོ་འཇིགས་སྣང་ཆེ།།