དྲག་རྡུང་སྲིད་བྱུས་ལ་ངོ་རྒོལ།

       
རྒྱ་གཞུང་གིས། བོད་ཀྱི་རྒྱལ་ས་ལྷ་སའི་ནང་སྤེལ་བཞིན་པའི་དྲག་རྡུང་གི་སྲིད་བྱུས་དང་མནར་གཅོད་མཚམས་འཇོག་དགོས་ཟེར།

ཕྱི་ཟླ ༢ པའི་ཚེས་ ༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་རྒྱལ་ས་ལྡི་ལིར་ལོ་འདིའི་ཕྱི་ཟླ་ ༡ ཚེས་ ༡༨ ནས་ཉིན་གྲངས་ ༤༥ རིང་ལྷ་སར་རྒྱ་གཞུང་གིས་དྲག་རྡུང་གི་ལས་འགུལ་སྤེལ་བཞིན་པའི་ཐད། མཉམ་འབྲེལ་རྒྱལ་ཚོགས་ལྡི་ལི་ཡན་ལག་ལས་ཁུངས་ཀྱི་མདུན་སར་ལྡི་ལི་གནས་སྡོད་བོད་མི་དང་སློབ་གྲྭ་ཆེན་མོ་བ་སོགས་མི་གྲངས་ ༢༠༠ ལྷག་གིས་ངོ་རྒོལ་སྐད་འབོད་བྱས་འདུག

སྐབས་དེར་ལྡི་ལི་ས་གནས་གཞོན་ནུའི་དྲུང་ཆེ་བསྟན་འཛིན་ནོར་བཟང་ལགས་ཀྱིས། དེང་སྐབས་རྒྱ་ནག་གིས་ལྷ་སར་དྲག་རྡུང་གི་ལས་འགུལ་སྤེལ་བཞིན་ཡོད་པ་དང༌། བོད་ནང་གི་བོད་མིའི་ཛ་དྲག་གི་གནས་སྟངས་ནི་འཛམ་གླིང་ཡོངས་ཀྱིས་མཁྱེན་གསལ་རེད། ལས་འགུལ་འདི་མགོ་བརྩམས་པ་ནས་མི་གྲངས་ ༥༧༦༦  ལ་འདྲི་བརྩད་བྱས་ཡོད་པ་དང༌། བོད་མི་ ༨༡ ལྷག་འཛིན་བཟུང་བྱས་ཡོད་པ་མ་ཟད་ཆབ་མདོ་མཛོ་སྒང་གི་བོད་མི་གཅིག་དམར་གསོད་བཏང་ཡོད། དེ་བས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་དྲག་རྡུང་ལས་འགུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ལ། ཁོང་ཚོས་འདི་ལྟར་བྱས་པའི་དམིགས་ཡུལ་ནི། བོད་ནང་དོགས་ཟོན་ཅན་གྱི་མི་སྣ་འཛིན་བཟུང་དང༌། ལོ་སྔོན་མ་ལྟ་བུའི་ལས་འགུལ་ཡང་བསྐྱར་སྤེལ་བར་དོགས་ནས་གཉའ་གནོན་བྱེད་བཞིན་ཡོད་པས། ང་ཚོས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཅེས་བརྗོད་ཡོད། དེ་བཞིན་ཕྱི་ཚེས་ ༥ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་རྒྱ་གར་དུ་གཟིགས་སྐོར་འཚམས་འདྲིར་ཕེབས་སྐབས་བོད་མི་ ༦༠ ལྷག་གིས་ལྡི་ལི་མཉམ་འབྲེལ་རྒྱལ་ཚོགས་ཡན་ལག་ལས་ཁུངས་ཀྱི་མདུན་དུ་རྒྱལ་ཚོགས་ཀྱིས་བོད་ཀྱི་གནད་དོན་ལ་དོ་སྣང་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་ཚོགས་དྲུང་ཆེ་ལ་བོད་དོན་ཐད་འབོད་སྐུལ་ཞུ་ཡིག་ཅིག་ཀྱང་ཕུལ་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply