སྔོན་ཆད་རང་ཉིད་ལ་དངོས་རྫས་ཤིག་གི་འདུ་ཤེས་ལས་མེད།

རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་བུད་མེད་རྩོམ་པ་པོ་དང༌། བོད་དོན་རྒྱབ་སྐྱོར་བ་ཀྲུའུ་རེའི་ལགས་ད་ལྟ་ཁེ་ན་ཌར་བརྟེན་གཞི་བྱས་ཡོད་ལ། ཟླ་འགའི་སྔོན་རྒྱ་གར་ངྷ་རམ་ས་ལར་ཡོང་སྟེ། ༧གོང་ས་མཆོག་ལ་ཞལ་མཇལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མཉམ་འབྲེལ་ཐོག བོད་དོན་་ཕྱག་ལས་གནང་གིན་ཡོད། ཕྱི་ ༢༤ ཉིན་ཁོ་མོ་འདི་གའི་གསར་ཁང་ལ་བཅར་བའི་སྐབས་དང་བསྟུན་ཏེ། འདི་གའི་གསར་འགོད་པ་དོན་གོ་དང་ཚེ་རིང་སྐྱིད་གཉིས་ཀྱིས་ཁོ་མོའི་རྩོམ་རིག་གི་ལྟ་གྲུབ་དང་ བོད་དོན་ཐད་འཛིན་པའི་སྲིད་བྱུས་སྐོར་ལ་བཅར་འདྲི་བྱས་ཡོད།

 

དྲི་བ། སྐུ་ཉིད་ཀྱིས་བོད་དོན་དང་འབྲེལ་བའི་རྩོམ་ཡིག་ཇི་ལྟར་སྤེལ་གྱིན་ཡོད་པ་དང༌། ༧གོང་ས་མཆོག་གིས་བོད་དོན་དེ་རྒྱ་ནག་གཞུང་ལས་རྒྱ་རིགས་མང་ཚོགས་དང་གྲོས་མོལ་བྱ་གལ་ཆེ་སྐོར་གསུང་གིན་ཡོད་པའི་ཐད་ལྟ་ཚུལ་གང་འདྲ་ཡོད་དམ།

ལན། སྤྱིར་ང་རང་གིས་རྩོམ་ཡིག་མང་པོ་བྲིས་མྱོང་བ་ལས་ཕལ་ཆེ་བའི་བརྗོད་བྱ་གཙོ་བོ་བོད་དོན་ཡིན། ལྷག་པར་དུ་སྔར་ལོའི་གསུམ་བཅུའི་དུས་དྲན་རྗེས་བོད་ནང་དོན་རྐྱེན་བྱུང་བའི་སྐོར་མང་ཙམ་བྲིས་ཡོད། ད་ལྟ་ང་རང་གི་དེབ་ཅིག་དཔར་སྐྲུན་བྱེད་ཀྱིན་ཡོད། དེའི་ནང་བོད་དོན་དང་འབྲེལ་བའི་བརྩམས་སྒྲུང་དང༌། ལྷུག་རྩོམ། སྙན་ངག་དང༌། དཔྱད་བརྗོད་དང་འབོལ་རྩོམ་སོགས་མང་པོ་བྲིས་ཡོད། ངའི་རྩོམ་ཡིག་དེ་དག་བརྩམས་སྒྲུང་དང༌། ང་རང་ཉིད་ཀྱིས་བོད་མིའི་འཚོ་བ་རོལ་སྟངས་ངོ་ཤེས་པའི་བརྒྱུད་རིམ་བརྗོད་པ་ལྟ་བུ་རེད། སྐབས་དེར་ལྷུག་རྩོམ་ཁ་ཤས་ནང་བོད་པའི་ཆོས་ལུགས་ཀྱི་སྐོར་མང་པོ་ཞིག་བྲིས་ཡོད་མོད། རྩོམ་ཡིག་ཕྱིར་འཐོན་སྐབས་རྒྱ་གཞུང་གིས་དེ་དག་མང་པོ་ཞིག་མེད་པ་བཟོས་འདུག ༧གོང་ས་ཏཱ་ལའི་བླ་མས་རྒྱ་རིགས་མང་ཚོགས་དང་གྲོས་མོལ་བྱ་དགོས་གསུངས་པ་དེ་ཧ་ཅང་གི་དགོངས་གཞི་རླབས་ཆེན་རེད། ང་རང་སྒེར་ངོས་ནས་ཁེ་ན་ཌར་བོད་དོན་དང་འབྲེལ་བའི་ལས་འགུལ་དམིགས་བསལ་གང་ཡང་སྤེལ་ཐུབ་ཀྱིན་མི་འདུག ང་འདུག་སའི་གྲོང་ཁྱེར་དེ་རུ་བོད་མི་ཉིས་བརྒྱ་ལྷག་ཡོད་ལ། ཁོང་ཚོས་ནམ་རྒྱུན་ལས་འགུལ་གང་ཞིག་སྤེལ་ཡང་ང་རང་འཛུལ་ཞུགས་བྱེད་ཀྱིན་ཡོད།

 

དྲི་བ།  སྐུ་ཉིད་སྔོན་མ་བོད་དུ་ཕྱིན་ཡོད་པ་མ་ཟད་བོད་རིགས་དང་མཉམ་དུ་ལས་ཀ་བྱས་ཏེ་བོད་པའི་རིག་གཞུང་དང་འཚོ་བར་རྒྱུས་མངའ་ཡོད་སྟབས། བོད་པ་དང་བོད་པའི་རིག་གཞུང་ལ་ལྟ་སྟངས་གང་འདྲ་ཡོད་དམ།

ལན། བོད་ཀྱི་རིག་གནས་དེ་ཧ་ཅང་ཁྱད་ཏུ་འཕགས་པ་ཞིག་རེད་བསམ་ཡོད། འོན་ཀྱང༌། ང་ལ་མཚོན་ན་ཁྱད་དུ་འཕགས་པའི་རིག་གནས་འདི་སྦྱང་རྒྱུ་ཧ་ཅང་དཀའ་མོ་ཞིག་རེད། ཐོག་མའི་ཁ་བརྡ་ནས་སྲོལ་རྒྱུན་གྱི་གླུ་གཞས། དམངས་ཁྲོད་ཀྱི་རྩེད་རིགས་སོགས་རིག་གནས་བྱེ་བྲག་པ་རེ་རེར་ཡང་གཏིང་ཟབ་པའི་ཁྱད་ཆོས་འདུག ཉི་མ་རེ་རེའི་ཐོག་མར་འཕྲད་པའི་མི་ནས་བརྩམས་ཏེ་གཞན་ལ་བཅར་འདྲི་བྱས་པ་ཡིན་ལ། ཉི་མ་རེ་རེར་ང་ལ་མཚོན་ན་གནས་ཚུལ་གསར་པ་མང་པོ་ཞིག་རག་ཡོང་གི་འདུག བོད་པའི་རིག་གནས་འདི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་རེད་ལ། མཛེས་སྡུག་དེ་ནི་གཞན་ལ་མེད་པའི་མཛེས་སྡུག་ཞིག་རེད། བོད་དང་འབྲེལ་བའི་རྩོམ་ཡིག་སྤེལ་མགོ་བརྩམས་པ་ནས་བཟུང༌། ང་རང་གནས་ཚུལ་གཞན་འབྲི་རྒྱུར་སྤྲོ་སྣང་མེད་པ་ཞིག་ཆགས་སོང༌། ངས་མི་གཞན་ལ་འདི་ལྟར་བཤད་པ་ཡིན། བོད་ནི་ངའི་རྩོམ་རིག་གི་བརྗོད་བྱ་དང་པོ་ཡིན་ལ་སྲོག་ཤིང་ཡང་ཡིན། ཞེས་བཤད་ཀྱིན་ཡོད། 

 

དྲི་བ། བོད་པའི་རྩ་དོན་འཐབ་རྩོད་ཐད་དབུ་མའི་ལམ་དང་རང་བཙན་གཙང་མ་བཅས་སྲིད་བྱུས་གཉིས་ཡོད་སྟབས། སྐུ་ཉིད་ཀྱིས་གང་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་དམ། 

ལན། ང་རང་རྒྱ་མི་ཞིག་ཡིན་སྟབས། ལམ་ཁ་འདི་འདེམས་དགོས་པ་རེད། ཅེས་བརྗོད་རྒྱུའི་ཐོབ་ཐང་མེད་ལ། བརྗོད་རུང་བ་ཞིག་ཀྱང་མ་རེད། འོན་ཀྱང༌། བོད་པའི་གྲོགས་པོ་ཞིག་གི་ངོས་ནས་ལྟ་ཚུལ་ཙམ་བཤད་ན། བོད་ནང་གི་བོད་མི་ཚོས་བོད་རང་བཙན། ཞེས་ལས་འགུལ་སྤེལ་གྱིན་ཡོད་པ་དེར་ངས་གུས་བཀུར་བྱེད་ཀྱིན་ཡོད། ཁོང་ཚོས་རྒྱ་ནག་གི་མནར་གཅོད་སྡུག་སྦྱོང་འོག་ནས་རང་བཞིན་གྱིས་བོད་རང་བཙན་ཁ་ནས་ཤོར་བ་ཞིག་རེད། འོན་ཀྱང༌། དེ་ནི་ཆབ་སྲིད་ཀྱི་གནས་ཚུལ་དང་ཕུགས་རྒྱང་རིང་བའི་བསམ་ཚུལ་ཞིག་མ་རེད། ལམ་དབུ་མ་ནི་ཧ་ཅང་གཏིང་ཟབ་ཅིང༌། བོད་པའི་འཕྲལ་ཕུགས་རྒྱང་གསུམ་ལ་ཁྱབ་ཅིང༌། ཡིད་རྟོན་རུང་བའི་ལམ་བུ་ཞིག་དང་ཕན་འབྲས་ཆེ་བའི་སྲིད་བྱུས་ཤིག་རེད་སྙམ་ཡོད།

 

དྲི་བ། ཁྱེད་རང་སྔོན་མ་རྒྱ་ནག་ནང་འཚར་ལོངས་བྱུང་བ་དང་རྗེས་སུ་དམངས་གཙོའི་ལུང་པར་གནས་སྡོད་བྱས་ཡོད། ད་ལྟ་དམངས་གཙོའི་སྤྱི་ཚོགས་ནས་རྒྱ་ནག་ལ་ཕྱིར་ལྟ་བྱས་ན་གང་འདྲར་མཐོང་གིན་འདུག་གམ།

ལན། འདི་ལ་ཚོར་སྣང་ཟབ་མོ་ཞིག་འདུག  རྒྱ་ནག་ནང་མཚོན་ན་བརྙན་འཕྲིན་ཞིག་ལ་བལྟས་ཀྱང༌། དོན་གཅིག་གདངས་གཅིག་གི་སྒྲ་གདངས་ཁོ་ན་རེད། རྒྱ་ནག་གཞུང་ཁོ་ནའི་སྐད་སྒྲ་རེད། ཁེ་ན་ཌར་མཚོན་ན། བརྙན་འཕྲིན་ནང་སྐད་གདངས་མི་འདྲ་བ་མང་པོ་ཡོད་པ་མ་ཟད། དཔེར་ན། སྲིད་འཛིན་འོས་འདེམས་ཀྱི་ཁྲོད་ཚོགས་པ་ཆེ་ཁག་བཞིའི་ནང་འོས་འདེམས་བྱེད་བཞིན་ཡོད། ཚོགས་པ་ཁག་གིས་ཕན་ཚུན་ལ་གཏིང་ཟབ་གསལ་བཤད་དང་སྐྱོན་བརྗོད་བྱེད་ཆོག་གི་རེད། ཐ་ན་འཛེམ་དོགས་ཅི་ཡང་མེད་པར་སྲིད་གཞུང་ལ་སྐྱོན་འཛུགས་བྱེད་ཆོག འདི་ལྟ་བུའི་མིང་དོན་མཚུངས་བའི་དམངས་གཙོའི་སྲིད་གཞུང་ནང༌། མི་དམངས་ལ་བརྩི་བཀུར་བྱེད་ཅིང་ལས་དོན་གང་ལའང་སྟབས་བདེ་ཡོད། རྒྱ་ནག་དེ་ལྟར་མ་ཡིན་པར། ཁྱེད་ལ་ལས་ཀ་ཞིག་བྱ་དགོས་ཚེ་ངེས་པར་ཏུ་ལྐོག་རྔན་སྤྲོད་དགོས། གལ་སྲིད་ཁྱེད་ཀྱིས་ལྐོག་རྔན་མ་སྤྲད་ཚེ། བྱ་བ་ཅི་ཡང་སྒྲུབ་མི་ཐུབ་ལ་ཐ་ན་ཐུག་ཕྲད་ཀྱི་གོ་སྐབས་ཙམ་ཡང་ཁག་པོ་རེད། འདི་ལྟ་བུའི་རུལ་སུངས་དང་སྒེར་གཅོད་ཀྱི་བྱེད་སྟངས་དེ་ཧ་ཅང་མུན་ནག་ཡིན་པ་དང༌། མུན་ནག་དེའི་ཁྲོད་བསམ་མི་ཕོད་པའི་བྱ་བ་མ་མང་པོ་ཞིག་འབྱུང་གིན་ཡོད། མི་སེར་དཀྱུས་མར་མཚོན་ན། གདངས་གཅིག་གི་འོག་ཁོང་ཚོའི་མུན་ནག་གི་ཟབ་ཚད་ཇི་འདྲ་ཞིག་ཡིན་པའང་རྟོགས་དཀའ་བའི་གནས་སུ་གྱུར་ཡོད། ང་རང་ཁེ་ན་ཌར་སླེབས་རྗེས། ང་རང་མི་ཞིག་ཡིན་པ་དང༌། མི་དེ་ལ་མིའི་ཐོབ་ཐང་ཞིག་ཡོད་པ་གཞི་ནས་རྟོགས་སོང༌། སྔོན་མ་རྒྱ་ནག་ནང་ཡོད་སྐབས་རང་ཉིད་ལ་དངོས་རྫས་ཤིག་གི་འདུ་ཤེས་ལས་མེད། 

 

དྲི་བ། རྒྱ་ནག་གཞུང་གི་སྲིད་བྱུས་ཧ་ཅང་དམ་དྲག་དང་གདུག་རྩུབ་ཅན་ཡིན་པ་ཤེས་བཞིན་དུ་རྒྱ་ནག་གི་ཤེས་ལྡན་མི་སྣ་ཚོ་དང་སློབ་གྲྭ་ཆེན་མོ་བ་ཚོར་དམངས་གཙོ་དང་རང་དབང་གི་འདུ་ཤེས་སྐྱེ་ཐུབ་ཀྱིན་མེད་དོན་ཅི་ཡིན་ནམ། 

ལན། འདིའི་སྐོར་ལ་རྒྱ་ནག་གི་སྒྱུ་རྩལ་པ་ཨེ་ཝེ་ཝེ་ལགས་ལ། འཇར་མན་དུས་དེབ་ཀྱི་གསར་འགོད་པས་བཅར་འདྲིའི་སྐབས་འདི་ལྟར་གསུངས་ཡོད། ང་ཚོས་ཅིའི་ཕྱིར་ང་ཚོས་གསལ་བོར་ཤེས་པ་དེ་མི་བསྒྲགས་པར་སྤས་ཀྱིན་ཡོད་པ་རེད། ཅེས་བཤད་ཡོད། སྐད་ཆ་དེ་ནི་ཁོང་གིས་བོད་མིའི་སྒེར་ལངས་སྐབས། ང་ཚོའི་མིག་གིས་མཐོང་བ་དང་རྣ་བས་ཐོས་པ་མཐའ་དག་དོན་དངོས་མིན་པའི་རྫུན་གཏམ་ཁོ་ན་ཡིན་པ་དང༌། བོད་མི་རིགས་ཀྱི་གནས་སྟངས་དངོས་དེ་མཐོང་ཐུབ་ཀྱིན་མེད་པ། རྒྱ་ནག་མི་སེར་གྱི་སྐད་སྒྲ་དངོས་དེ་ཐོས་ཐུབ་ཀྱིན་མེད་པ་སོགས་བསྟན་ཡོད། རྒྱ་ནག་གི་ཤེས་ལྡན་མི་སྣ་དང་སློབ་ཆེན་སློབ་མ་ཚོས་སད་རྟོགས་ཀྱི་སྐད་སྒྲ་རྣལ་མ་ཞིག་སྒྲོག་ཐུབ་ཀྱིན་མེད་པ་དེ་ནི། རྒྱ་ནག་ཡོངས་ལ་ད་དུང་གུང་ཁྲན་ཏང་གི་མུན་ནག་གི་རྔམ་ཁ་ཧ་ཅང་མཐུག་པས་རེད། མུན་ནག་ཇི་ལྟར་མཐུག་ན་དེ་ལྟར་རྨོངས་འཐོམ་དུ་ལུས་ཤིང་འཇིགས་སྐྲག་གིས་འཚོ་དགོས།

 

དྲི་བ། ལོ་འདི་འགའི་རྒྱལ་ཁབ་ཕྱི་ནང་གི་རྒྱ་རིགས་ཚོའི་བྱེད་སྤྱོད་ལ་གཞིགས་ན། རྒྱ་ནག་གཞུང་ལ་རྒྱལ་ཞེན་དང་ཧན་མི་རིགས་ཀྱི་རིགས་ཞེན་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་རྣམ་པ་ཞིག་ཐོན་ཡོད་དོན་ཅི་ཡིན་ནམ།

ལན། རྒྱ་ནག་མི་མང་གིས་རྒྱ་གཞུང་གི་བྱེད་ཐབས་དེ་ཐབས་རྡུགས་ཡིན་པ་ཤེས་བཞིན་ད་དུང་རྒྱལ་ཞེན་གྱི་བསམ་བློ་དང་ཧན་མི་རིགས་ཀྱི་རིགས་ཞེན་མཁྲེགས་འཛིན་བྱེད་པ་དེ། སྲོལ་རྒྱུན་རིག་གནས་དང༌། དེང་གི་སྲིད་དབང་གཉིས་ཕྱོགས་མཐུན་སོང་བས་རེད། འདི་ལ་གནད་དོན་གཉིས་ཡོད། ཁག་གཅིག་གིས་གནས་ཚུལ་དངོས་ཤེས་ནའང་སྒྲོག་གིན་མེད། དེ་ནི་ཁོ་རང་ཡང་གནད་དོན་དེའི་ནང་དུ་ཚུད་ཡོད། གལ་ཏེ་མི་ཞིག་དངོས་བོའི་དཔལ་ཡོན་ཁོ་ནར་དད་ཅིང༌། རང་ཉིད་དང་པོར་འཇོག་མཁན་དག་གིས་དྲང་བདེན་གྱི་སྐད་ཆ་བཤད་གི་མེད། དངོས་པོའི་ཁེ་ཕན་དེ་ཡོད་ཚད་ཀྱི་དང་པོར་འཇོག་བཞིན་པའི་སྣང་ཚུལ་འདིའི་འབྱུང་རྩ་ནི། རྒྱ་ནག་གི་ཆིན་རྒྱལ་རབས་ནས་ད་ལྟའི་བར་གྱི་སྲིད་དབང་སྒེར་གཅོད་ཀྱི་དུས་སྐབས་དང༌། དུས་སྐབས་དེ་དག་རིང་མི་སེར་དཀྱུས་མ་དང་སྲིད་དབང་སྒེར་གཅོད་བར་གྱི་འཐབ་རྩོད་ཁྲོད་བྱུང་བ་ཞིག་རེད། ཧན་མི་རིགས་ཀྱིས་ད་བར་རང་ཉིད་ཀྱི་འཚོ་ཐབས་དང༌། རང་ཉིད་ཀྱི་ཁེ་ཕན་ཁོ་ནར་རྩོད་ལེན་བྱེད་བཞིན་ཡོད། རོས་ཊན་སློབ་གསོ་སྨྲ་བ་ཞིག་གིས། མིའི་རིགས་ལ་རང་བྱུང་སྣང་ཚུལ་དང༌། སྤྱི་ཚོགས་སྣང་ཚུལ། རིག་གནས་སྣང་ཚུལ་སོགས་རིམ་པ་གསུམ་ཕྱེས་ཡོད། རྒྱ་ནག་གི་མི་དེ་རང་བྱུང་སྣང་ཚུལ་དང་སྤྱི་ཚོགས་སྣང་ཚུལ་ཁྲོད་ལྟོ་རྒྱབ་ཀྱི་གནད་དོན་ཁོ་ནར་མགོ་འཁོར་ཡོད་སྟབས། རིག་གནས་ཀྱི་སྣང་ཚུལ་ལ་ཁ་ཕྱོགས་རྒྱུར་ཧ་ཅང་དཀའ་མོ་ཆགས་ཡོད། འདི་ལྟ་བུའི་སྤྱི་ཚོགས་ལ་དུས་ནམ་ཡང་ཚུལ་མཐུན་གྱི་འཕེལ་རྒྱས་མེད།

 

དྲི་བ། རྒྱ་ནག་ནང་ཁུལ་གྱི་རྒྱ་རིགས་ཚོར་གཞུང་གི་གནོན་ཤུགས་འོག་རང་ཉིད་ཀྱི་བསམ་འདུན་བརྗོད་པའི་གོ་སྐབས་མེད་ནའང༌། ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་མང་པོ་ཞིག་དུས་ད་ལྟའང་གོ་རྟོགས་སེལ་ཐུབ་ཀྱིན་མེད་དོན་ཅི་ཡིན་ནམ། 

ལན། ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་དག་ཀྱང༌། གུང་ཁྲན་ཏང་གི་དར་དམར་དང་རྒྱ་ནག་གི་སྒེར་གཅོད་ལམ་ལུགས་འོག་འཚར་ལོངས་བྱུང་བ་རྐྱང་ཡིན་སྟབས། དངོས་ཡོད་ཀྱི་གནས་ཚུལ་གང་མང་ཞིག་ལ་ངོས་ལེན་བྱེད་ཐུབ་ཀྱིན་ཡོད་པ་མ་རེད། ཁོང་ཚོས་གུང་ཁྲན་ཏང་དང་ཧན་མི་རིགས་ཤུགས་ཆེན་པོས་ཁྱབ་བསྒྲགས་བྱས་པར་བརྟེན། ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་རིགས་ཚོ་ཡང༌། ཤེས་ཡོན་འཚོལ་སྙེགས་ཀྱི་འདུ་ཤེས་སྐྱེས་ཐུབ་ཀྱིན་མེད། བསམ་བློའི་རྨང་གཞིའི་སྟེང་གི་རིག་གནས་ངན་པའི་དྲི་མ་ངོས་ཟིན་ཐུབ་ཀྱིན་མེད། དམངས་གཙོའི་རིན་ཐང་དང་རང་དབང་གི་བདེ་བ་ཚོར་ཐུབ་ཀྱིན་མེད། དཔེར་ན། དུ་བ་སྟུག་པོ་འཁྲུག་པའི་ཁང་མིག་ལས་ཕྱིར་ཐོན་ཡང༌། ལུས་སྟེང་ལ་སྔར་བཞིན་དུད་དྲི་ཁྱབ་ཡོད་སྟབས། དུས་ཡུན་ཐུང་ཐུང་ནང་སྦག་བཙོག་གི་བག་ཆགས་དེ་སེལ་མི་ཐུབ། ཁོང་ཚོས་མིའི་རིགས་ཀྱི་འདུ་ཤེས་སྤྱད་དེ་འཛམ་གླིང་ལ་བལྟ་མི་ཐུབ། རྒྱ་ནག་ཁོ་ནའི་ཕྱོགས་སུ་ལངས་ཏེ་འཛམ་གླིང་ལ་བལྟ་བའི་གོམས་གཤིས་འཇགས་ཡོད། ལྟ་སྟངས་དེ་རྒྱ་ནག་གི་སྲིད་དབང་སློབ་གསོས་བསྐྱིད་པ་རེད། གལ་སྲིད་ཁོང་ཚོས་མིའི་རིགས་དང་འཛམ་གླིང་གི་ཕྱོགས་ནས་བལྟས་པ་ཡིན་ན། བོད་པའི་ད་ཡོད་ཀྱི་དཀའ་ངལ་དང་རྒྱ་ནག་གི་དཀའ་ངལ་ངོ་མ་དེ་ངོས་ཟིན་རྒྱུ་རེད། 

 

དྲི་བ། ད་སྐབས་མི་མང་པོ་ཞིག་གིས་རྒྱ་ནག་དམངས་གཙོའི་ལམ་ཁར་བརྒྱུད་པ་ཡིན་ན། བོད་དང་སོག་པོ། ཡུ་གུར་སོགས་ཀྱི་གནད་དོན་ལ་རེ་བ་ཡོད་པའི་བསམ་ཚུལ་འཛིན་གྱིན་ཡོད། དེས་ན་སྐུ་ཉིད་ཀྱི་དགོངས་པར་རྒྱ་ནག་དམངས་གཙོར་འགྱུར་རྒྱུར་རེ་བ་ཅི་ཙམ་ཡོད་དམ།  

ལན། འདི་ཧ་ཅང་བཤད་དཀའ་མོ་ཞིག་རེད། འོན་ཀྱང༌། ཉེ་ཆར་གླེང་སློང་བྱེད་ཀྱིན་པའི་ ༠༨ ཁྲིམས་གཞི་ལྟ་བུར་མཚོན་ན། དམངས་གཙོར་ཁ་ཙམ་ཕྱོགས་པའི་དབུ་འཁྱུད་ཅིག་རེད། ཁྲིམས་གཞི་འདིའི་རྩ་དོན་ནི་མནའ་འབྲེལ་གྱི་ཁྲིམས་གཞི་ཞིག་གཙོ་བོར་བཟུང་ཡོད་སྟབས། གྲངས་ཉུང་མི་རིགས་ཁག་ལ་ཅུང་རེ་བ་ཡོད་པའི་མཚོན་རྟགས་ཙམ་རེད། དུས་ཡུན་ཅི་ཙམ་ཞིག་དགོས་པ་བཤད་དཀའ་མོད། གཅིག་བྱས་ན་སང་ཉིན་ཡིན་ཡང་སྲིད། རྒྱུ་མཚན་ནི། ཆིན་རྒྱལ་རབས་ཀྱི་རྫོགས་མཚམས་ལྟ་བུ་རེད། སུ་ཞིག་གིས་ཀྱང་ཚོད་དཔག་བྱེད་མ་ཐུབ་པའི་གནས་སྟངས་འོག་ནས་ཆིན་རྒྱལ་རབས་གློ་བུར་ཏུ་འཇིག་སོང་བ་རེད། ཡིན་ནའང༌། རྒྱ་ནག་ཧྲིལ་བོ་དམངས་གཙོ་ཅན་དུ་འགྱུར་ཐུབ་མིན་དེ་རྒྱ་ནག་ནང་ཁུལ་གྱི་སྤྱི་འབངས་ཀྱི་སད་རྟོགས་དང༌། བཅོས་བསྒྱུར་ཀྱི་རེ་འདོད་ལ་ཐུག་ཡོད། འོན་ཀྱང༌། ད་ལྟའི་རྒྱ་ནག་མི་དམངས་བྱིངས་ཀྱི་བསམ་བློའི་གནས་ཚུལ་ལ་བལྟས་བ་ཡིན་ན། རྒྱ་ནག་དམངས་གཙོར་འགྱུར་རྒྱུར་རེ་བ་མི་འདུག་ལ།  ཤེས་ཡོན་པའི་སྡེ་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཞིགས་ན་དམངས་གཙོར་ད་དུང་ལམ་ཐག་རིང་པོ་འདུག

 

དྲི་བ། རྒྱ་ནག་གིས་ནམ་རྒྱུན་བོད་ཞི་བའི་བཅིངས་གྲོལ་བཏང་ཡོད། ནུབ་རྒྱུད་ཐོན་སྐྱེད་ཆེན་མོ་སོགས་བོད་ཁུལ་འཛུགས་སྐྲུན་ཡར་རྒྱས་སུ་བཏང་ཡོད་ཟེར་གྱིན་ཡོད། སྐུ་ཉིད་ལ་བོད་ནང་འཛུགས་སྐྲུན་དང་སྤྱི་ཚོགས་དེང་རབས་ཅན་དུ་སྒྱུར་བའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ། 

ལན། བོད་ཁུལ་སྔར་དང་བསྡུར་ན་གང་འཚམ་ཡར་རྒྱས་སུ་བཏང་ཡོད། འོན་ཀྱང༌། ལས་གཞི་འདི་ལ་དམིགས་ཡུལ་གཞན་ཞིག་ཡོད། ཕྱིའི་མཐོང་སྣང་དུ་བོད་ཡུལ་འཛུགས་སྐྲུན་བྱེད་བཞིན་ཡོད་ཀྱང༌།  དེོན་དངོས་སུ་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་ལ་གཏོར་བཅོམ་ཚབས་ཆེན་བཏང་ཡོད། བོད་ཀྱི་རིག་གནས་ལ་ཕྱོགས་གཉིས་ཀྱི་འབྱུང་ཁུངས་ཡོད། གཅིག སྔོན་བྱོན་བོད་ཀྱི་མཁས་གྲུབ་དམ་པ་དག་དང་༧གོང་ས་ཏཱ་ལའི་བླ་མའི་སྐྱེས་ཕྲེང་རིམ་པ་རྒྱུན་མཐུད་པའི་བསམ་བློའི་རིག་གནས་དང༌། གཉིས་པ། བོད་པའི་ཐུན་མོང་མ་ཡིན་པའི་རི་ཆུ་ནགས་གསུམ་དང༌། དཀར་ནག་ཕྱུགས་རིགས་དང་རྒྱན་གོས་ཆས་སྲོལ་དེ་རེད། རྒྱ་གཞུང་གིས་བོད་སར་བཙན་འཛུལ་བྱས་པ་ནས་བཟུང༌། ཁྱད་དུ་འཕགས་ཤིང་མཛེས་སྡུག་ལྡན་པའི་བོད་ཀྱི་རང་བྱུང་ཁམས་ཆེན་པོ་འདིར་གཏོར་བཅོམ་བྱས་པ་རེད། ལྷག་པར་དུ་ལོ་བཅུ་གྲངས་ནང་སྤེལ་གྱིན་པའི་ལས་གཞི་འདིས་བོད་པའི་རིག་གནས་ཀྱི་ལྷག་ཤུལ་གཙང་བཟོ་བྱ་ཆེད་རེད། འདི་དག་ཡོད་ཚད་དམིགས་ཡུལ་ཡོད་པའི་ལས་གཞི་དང༌། འཆར་གཞི་ལྡན་པའི་འཛུགས་སྐྲུན་རེད། འདི་ང་རང་གི་བསམ་ཚུལ་ཡིན།

 

དྲི་བ། སྐུ་ཉིད་རྒྱ་གར་དུ་ཡོང་སྟེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ཚོགས་པ་སྒྲིག་འཛུགས་ཁག་གི་ལས་དོན་བྱེད་ཕྱོགས། དེ་བཞིན་སློབ་གྲྭ་དང་དགོན་སྡེ་ཁག་གི་གནས་བབ་དངོས་སུ་མཐོང་ཚོར་བ་གང་འདྲ་འདུག་གམ།

ལན། བཙན་བྱོལ་སྤྱི་ཚོགས་ཀྱི་རིག་གནས་སྡེ་ཚན་གྱི་འཛུགས་སྐྲུན་དང་དགོན་སྡེ་སླར་གསོ་དང༌། དམངས་གཙོའི་སྒྲིག་འཛུགས་གསར་གཏོད་སོགས་ང་རང་གི་བལྟས་ན་གནས་འདི་རུ་གཏིང་ཟབ་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་འདུག ཡིན་ནའང༌། སྐྱབས་བཅོལ་བ་ཡིན་པའི་ཆ་ནས་དཀའ་ངལ་མང་པོ་ཞིག་ཡོད་པ་རེད། དཔེར་ན། ལས་མེད་མང་པོ་མཐོང་སོང་མོད། དེ་ནི་ཁེ་ལས་དང་ལག་ཤེས་སོགས་ཀྱི་བཟོ་གྲྭ་མེད་པས་རེད། ང་རང་ཡ་མཚན་པ་ཞིག་ནི། མིའི་ལུང་པ་ཞིག་ནས་མི་རིགས་རིག་གནས་གཏིང་ཟབ་ཀྱི་སྒོ་ནས་འཕེལ་རྒྱས་སུ་ཕྱིན་པ་འདི་རེད། དེ་དག་བཙན་བྱོལ་སྤྱི་ཚོགས་ཀྱི་ཆེས་ངོ་མཚར་གྱི་གནས་ཤིག་རེད། བོད་ཀྱི་རིག་གཞུང་ཆ་ཚང་རྒྱ་གར་ནང་གཞི་སྤོར་བྱས་འདུག་སྙམ་པའི་ཚོར་བ་བྱུང་སོང༌།

 

དྲི་བ། སྐུ་ཉིད་ཀྱིས་འདི་ལྟར་རྒྱ་ནག་གཞུང་གི་ལྟ་བ་དང་མི་མཐུན་པའི་རྩོམ་ཡིག་སྤེལ་ན་རྒྱ་རིགས་ཚང་མར་ཕོག་གིན་ཡོད། དེང་སྐབས་རྒྱ་རིགས་མེད་པའི་རྒྱལ་ཁབ་ཕལ་ཆེར་མེད་སྟབསསྐུ་ཉིད་ལ་སྲིད་དོན་མ་ཡིན་པའི་གནོན་ཤུགས་འཚེར་སྣང་འདུག་གམ།

ལན། སྤྱིར་རྒྱལ་ཁབ་ཕྱི་ནང་གཉིས་ནས་ང་ལ་སྐྱོན་བརྗོད་དང་ཁ་རྡུང་ཚད་ལས་འདས་པ་ཡོང་གིན་འདུག་མོད། སྟོད་བསྔགས་བྱེད་མཁན་ཡང་མང་པོ་འདུག ང་རང་དེ་དག་ལ་སྐྲག་དངངས་ནམ་ཡང་སྐྱེས་མ་མྱོང༌། ད་དུང་དེ་ལས་ལྡོག་སྟེ་རང་ཉིད་ཀྱི་ལམ་ཁ་འདི་དོན་སྙིང་ལྡན་པ་ཞིག་ཏུ་བསམ་ཡོད། ཁོང་ཚོས་ང་ལ་རྒོལ་རྡུང་བྱེད་པའི་སྐད་ཆ་ལས་ངས་ཁོ་ཚོས་བོད་དེ་ཅུང་ཙམ་ཡང་ཤེས་རྟོགས་མེད་པ་ཚོར་སོང་ལ། ད་དུང་ཁོང་ཚོར་ར་སྤྲོད་དགོས་པའི་གནད་དོན་མང་པོ་ཞིག་ལྷག་ཡོད་པ་ཤེས་སོང༌། སྔར་ལོ་བོད་མི་ཚོས་ཅིའི་ཕྱིར་སྒེར་ལངས་བྱས་པ་རེད། ངས་དཔར་སྐྲུན་བྱེད་བཞིན་པའི་དཔེ་དེབ་དེའི་ནང༌། བོད་པའི་སྤྱི་ཚོགས་ནང་གི་མགོ་ཁྲིད་དེ་དག་གི་ལྐོག་ཟ་རུལ་སུངས་སྐོར་བརྗོད་ཡོད། ཁོང་ཚོའི་མི་ཁ་ཤས་ལ་བོད་ལྗོངས་སུ་རྒྱས་སྤྲོས་ཅན་གྱི་གཞུང་ལས་ཁང་ཡོད་པ་མ་ཟད། ཟི་ཁྲོན་དུའང་གཅིག་མཚུངས་ཀྱི་སྡོད་གནས་ཡོད། ཁོང་ཚོའི་འཛད་མཐའ་མེད་པའི་རྒྱས་སྤྲོས་ཀྱི་རྣམ་པ་དང་བོད་པའི་སྤྱི་ཚོགས་འཚོ་བ་དངོས་གཉིས་ལ་བར་སྟོང་ཆེན་པོ་ཞིག་ཡོད། དེར་བརྟེན། རྒྱ་རིགས་མང་པོ་ཞིག་གིས་བོད་སྤྱི་ཚོགས་ངོ་ཤེས་ཀྱིན་མེད། ཁོང་ཚོས་མ་མཐོང་བ་དང་མ་ཤེས་པ་མང་པོ་ཞིག་གསལ་བཤད་བྱ་དགོས་ཀྱིན་འདུག ང་ལ་ཁོང་ཚོར་ཡང་དག་འཁྲུལ་མེད་ཀྱི་གནས་ཚུལ་སྤྲོད་རྒྱུའི་འགན་འཁྲི་ཆེན་པོ་ཞིག་འདུག་བསམ་ཡོད།

 

 

བསྐྱར་བཅོས།: ༢༠༠༩/༠༣/༠༣

Leave a Reply

5 thoughts on “སྔོན་ཆད་རང་ཉིད་ལ་དངོས་རྫས་ཤིག་གི་འདུ་ཤེས་ལས་མེད།

  1. བོད། ཤ་ཁྲག་རུས་གསུམ།

    མི་རིགས་གཞན་གྱི་རྩོམ་ཡིག་བྲིས་པ་དེར་བུད་མེད་ལྷན་ཚོགས་ཀྱི་སེམས་ཤུགས་གསར་བ་ཞིག་གང་ནས་རྙེད་པ་ཡིན་ནམ་སྙམ་ན་དགའ་སྐྱོ་གཉིས་འདྲིས་ཀྱི་་ཚོར་བ་ཞིག་རིམ་གྱིས་གཅིག་འཕྲོར་གཅིག་སྐྱེས་སོང་།