གསར་འགྱུར་རྫུན་མ་རེད།

རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ཏུ་བོད་ནང་གི་སི་ཁྲོན་ས་ཁུལ་དུ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་བོད་མི་མེད་ཟེར།

ཚེས་ ༣ ཉིན་བྷི་བྷི་སི་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། སི་ཁྲོན་རྔ་པ་ཁུལ་གྱི་མགོ་ཁྲིད་བུའུ་ཙི་ཀཱང་གིས། ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་སྤེལ་བའི་གནས་ཚུལ་ནང༌། བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་དེ་འདྲ་ཞིག་ས་ཁུལ་འདིར་བྱུང་མེད། ཅེས་ས་གནས་གསར་འགོད་པར་བརྗོད་ཡོད་འདུག དེ་བཞིན་ཞིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། གྲྭ་བ་ཚོས་ནམ་རྒྱུན་ལྟར། ཆོས་ལུགས་བྱེད་སྒོ་སྤེལ་ཏེ་ཆོས་རྭར་འཚོགས་པ་དང༌། མར་མེ་སྤར་བ་ཙམ་ལས། རྒྱ་ནག་གཞུང་ལ་ངོ་རྒོལ་དང༌། ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་བྱས་པ་དེ་འདྲ་གང་ཡང་མ་རེད། ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་གནས་ཚུལ་གསར་བ་བཟོ་ཆེད། བོད་ཀྱི་གྲྭ་བ་ཚོའི་ནམ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་དེ་དག་ཀྱང༌། ཆབ་སྲིད་དང་ངོ་རྒོལ་ལ་འབྲེལ་བ་ཡོད་པར་རྗོད་ཀྱིན་འདུག ཅེས་བཀོད་འདུག

རྔ་པ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཧྲི་ཅེན་གྱིས། སི་ཁྲོན་ས་ཁུལ་གྱི་བོད་པའི་གྲྭ་བ་ཚོ་ཆོས་ལུགས་དད་མོས་རང་དབང་ལོངས་སུ་སྤྱད་དེ། བདེ་སྐྱིད་ཀྱི་ངང་གནས་ཡོད།  ཀུན་སློང་མ་དག་པའི་ཕྱི་རྒྱལ་གསར་འགོད་པ་འགའ་རེ་ཡིས་བོད་པའི་གྲྭ་བ་ཚོའི་རྒྱུན་ལྡན་ཆོས་ཀྱི་བྱེད་སྒོར་ཡང་འཁྱོག་བཤད་བྱེད་ཀྱིན་འདུག དེ་ནི་དངོས་ཡོད་གནས་ལུགས་དང་མཐུན་པ་མ་རེད། ཅེས་བརྗོད་ཡོད་མོད། ཉིན་འདི་འགར་སི་ཁྲོན་རྔ་པ་ཀིརྟི་དགོན་པ་དང་མཚོ་སྔོན་ཀླུ་ཚང་དགོན་པ་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་ཞི་བའི་ངོ་རྒོལ་བསྟུད་མུར་འབྱུང་གིན་ཡོད་ལ། ཉིན་ཤས་སྔོན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་གིས་རང་ལུས་མེ་རུ་བསྒྲོན་ཏེ། ངོ་རྒོལ་སྐད་འབོད་བྱས་སྐབས་རྒྱ་ནག་གི་དམག་མིས་མེ་མདའ་བརྒྱབ་ཡོད་ལ། ད་ལྟའི་ཆར་ཡང་བོད་ཁུལ་གྱི་དགོན་པ་མང་པོར་དམག་མིས་སྐོར་ཏེ། དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་པ་དེ་དག་སུས་ཀྱང་རྫུན་བཟོ་བྱས་པ་མིན་པར་དངོས་ཡོད་གནས་ཚུལ་ཡིན།

 

 

གསར་འགོད་པ་ཚེ་རིང་སྐྱིད།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “གསར་འགྱུར་རྫུན་མ་རེད།

  1. བོད། ཤ་ཁྲག་རུས་གསུམ།

    དངོས་ཡོད་དང་དྲང་བདེན་ཡིན་མིན་ལ་མི་བལྟ་བར་ག་དུས་ཡིན་ཡང་སྐྱག་རྫུན་བཤད་རྒྱུ་དེ་ནི་རྒྱ་ནག་སྲིད་གཞུང་གི་གཞུང་འཛིན་མི་སྣ་དག་གིས་བྱེད་སྟངས་ཡིན་པ་ནི་ཤེས་མཁན་ཞིག་གིས་གསར་འགྱུར་དེ་དག་ལ་ཡིད་རྟོན་མེད་པ་ཤེས་སྲིད་ན་ཡང་། གསར་འགྱུར་གཅིག་བུ་ལ་རྣ་བ་གཏད་པའི་ཕྱི་རྒྱལ་བ་དེ་ཚོས་རྒྱ་ནག་གི་གསར་འགྱུར་རྫུན་མ་དེར་ཡིད་ཆེས་བྱེད་སྲིད་པ་རེད། དེ་ཡང་རྒྱ་ནག་སྲིད་གཞུང་གི་ད་ལྟའི་བར་དུ་རྫུན་བཟོ་མང་བོ་ཞིག་གི་གྲུབ་འབྲས་སུ་འབོད་དགོས་པ་རེད།