ལོ་འཁོར་ལྔ་བཅུའི་དབང་བསྒྱུར་གྱིས་ཆོག་པ་བྱོས།

ཕྱི་ཚེས་ ༡༠ ཉིན་འཛམ་གླིང་གང་སར་གསུམ་བཅུའི་དུས་དྲན་ཐེངས་ ༥༠ པ་དེ་སྲུང་གཙི་བྱེད་ཀྱིན་ཡོད་པ་ལྟར། ཧྥ་རན་སིའི་རྒྱལ་ས་རུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་མི་གྲངས་ ༡༦༠༠ ལྷག་གིས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།

ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཕྱི་ཚེས་ ༡༠ ཉིན་གྱི་ལས་འགུལ་གྱི་སྐོར་འདི་གར་ངོ་སྤྲོད་གནང་བ་ལྟར་ན། གསུམ་བཅུའི་དུས་དྲན་ཐེངས་ ༥༠ པའི་ལས་འགུལ་འདི་ནི་ཧྥ་རན་སི་ས་གནས་བོད་རིགས་ཚོགས་པ་དང་སྐུ་ཚབ་དོན་གཅོད་ཁང་ཟུང་འབྲེལ་གྱི་ཐོག་ནས་གྲ་སྒྲིག་བྱས་པ་ཡིན་ལ། བོད་དོན་རྒྱབ་སྐྱོར་ཚོགས་པ་འགའ་ཤས་ཀྱང་ལས་འགུལ་འདིའི་ནང་མཉམ་ཞུགས་བྱས་ཡོད་ཅིང་། དེ་དག་ནི་ཧྥ་བོད་མཛའ་འབྲེལ་ཚོགས་པ་དང་། བོད་མི་མང་རྒྱབ་སྐྱོར་ཚོགས་ཆུང་། བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་རེད།

དེ་བཞིན་གཏམ་བཤད་ཀྱི་རིམ་པ་ནས་སྐུ་ཚབ་དོན་གཅོད་དྲུང་ཆེ་ལགས་ནས་ཧྥ་སྐད་ནང་དུ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་སྒྲོག་སྦྱོང་གནང་རྗེས། ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་དང་། ཚོགས་གཙོ་ལས་ཐོག་པ་གཉིས་དངོས་སུ་ལས་འགུལ་ནང་མཉམ་ཞུགས་ཀྱིས་ཚོགས་གཙོ་ལས་ཐོག་པས་གཏམ་བཤད་སྤེལ་ཡོད་པ་རེད། དེ་བཞིན་ཧྥ་རན་སི་གྲོང་ཁྱེར་གཡས་གཡོན་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་གསུམ་ཕེབས་ནས། གྲོང་ཁྱེར་སྤྱི་ཁྱབ་པ་གཅིག་གིས་གཏམ་བཤད་སྤེལ་ཡོད་པ་རེད། དེ་བཞིན་པཱ་རི་སི་གྲོང་ཁྱེར་འཐུས་མི་བོད་དོན་རྒྱབ་སྐྱོར་བ་གྷ་དབལ་ཞུ་བ་ཁོང་གིས་གཏམ་བཤད་སྤེལ་བ་དང་། བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་ཝེ་ཐུ་ནམ་སྐྱིད་སྡུག་ཚོགས་པའི་མི་སྣ་མང་པོ་ཕེབས་པ་དང་། གྲོང་ཁྱེར་ཉེ་འཁྲིས་སུ་ཝེ་ཐུ་ནམ་གྱི་ནང་བའི་ལྷ་ཁང་ཆེན་པོ་ཞིག་ཡོད་པ་དེའི་སློབ་དཔོན་ཆེད་དུ་ཕེབས་ནས། བོད་རྒྱ་ཆེའི་མི་མང་གི་དཀའ་སྡུག་གི་དུས་ཚོད་འདི་འདྲ་ལ་གདུང་སེམས་མཉམ་སྐྱེད་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བར་ཁོང་གིས་སྨོན་ལམ་རྒྱག་གི་ཡིན་ཅེས་སྨོན་ལམ་བརྒྱབས་པ་རེད། དེ་བཞིན་ཐའེ་ཝན་དང་ཞིན་ཅང་མི་རིགས་མཉམ་ཞུགས་བྱས་ཡོད་ལ། རྒྱ་ནག་དམངས་གཙོ་དོན་གཉེར་བའི་ཚོགས་གཙོ་ཝུ་ཅང་ཞུ་བ་ཞིག་ཡོད་པ་ཁོང་ཕེབས་ནས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གནང་ཡོད།

ལས་འགུལ་འདིའི་ནང་ཞུགས་མཁན་ཁྲོད་ས་གནས་བོད་རིགས་རྣམས་དང་། ཧྥ་རན་སིའི་རྒྱལ་སའི་ས་གནས་མང་ཚོགས། དེ་བཞིན་ཧྥ་རན་སིའི་ཤར་ཕྱོགས་དང་། ལྷོ་ཕྱོགས། ནུབ་ཕྱོགས་བཅས་གྲོང་ཁྱེར་གཞན་ནས་མི་མང་པོ་སླེབས་ཡོད་ལ། བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་མི་རིགས་གཞན་པའི་འཐུས་མི་བཅས་མི་ ༡༦༠༠ ལྷག་འཛོམས་ཡོད་པ་རེད།

གཏམ་བཤད་གནང་གྲུབ་རྗེས་ངོ་རྒོལ་བ་རྣམས་ཀྱིས་པཱ་རི་སིའི་མོན་བྷ་ན་སི་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བར་དུ་གོམ་བགྲོད་ཀྱིས་སྐད་འབོད་བྱས་ཡོད་པ་རེད། ལམ་བར་དུ་ཧྥ་རན་སིའི་གྲོས་ཚོགས་འོག་མའི་ཉེ་འཁོར་དུ་སླེབས་སྐབས་གྲོས་ཚོགས་འོག་མའི་འཐུས་མི་ ༡༠ བསུ་བར་ཕེབས་ཏེ་གཏམ་བཤད་ཀྱང་གནང་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལས་ཐོག་པ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་གསུངས་དོན། ང་རང་འདི་ནས་ལས་འགུལ་ནང་ཞུགས་ཐེངས་དང་པོ་ཡིན། འདི་ན་སྤྱིར་བཏང་བོད་མི་མང་པོ་ཡོད་པ་མ་རེད། ཡིན་ཡང་དེ་རིང་འདིར་འཛོམས་པའི་མི་འབོར་ཧ་ཅང་མང་པོ་རེད། ལྷག་པར་དུ་ཧྥ་རན་སིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མི་ཧ་ཅང་མང་པོ་ཡོང་བ་དང་། འདི་དག་ལ་བལྟས་ན་ང་ཚོས་ད་བར་དུ་བོད་དོན་གོ་རྟོགས་སྤེལ་བའི་རིམ་པ་དང་བདེན་པའི་རྒྱབ་སྐྱོར་གྱི་རྒྱལ་ཁ་ཆེན་པོ་ཞིག་ལོན་གི་ཡོད་པའི་ཚོར་སྣང་དང་སྤོབས་པ་འདུག ཅེས་དང་། རྒྱ་ནག་གིས་ལོ་སྔོན་མར་ཧྥ་རན་སི་གཙོ་བྱས་པའི་རྒྱལ་ཁབ་མང་པོ་ཞིག་རང་གིས་མི་དགའ་སའི་རྒྱལ་ཁབ་ལ་རྩིས་ཡོད་པ་རེད། དེ་བཞིན་དུ་ང་ཚོས་བདེན་རྫུན་གཉིས་ཀྱི་བརྡར་ཤ་བཅད་དེ་ང་ཚོར་རྒྱལ་ཁ་ཐོབ་ཀྱི་ཡོད་སྟབས། ཁོ་རང་ཚོ་རང་བཞིན་གྱིས་བློ་ཕམ་འདྲ་ཡོང་གི་ཡོད་ཀྱི་རེད། ཅེས་གསུངས་སོང་།

ལས་འགུལ་གོ་སྒྲིག་གནང་མཁན་བུ་མོ་ཀུན་བཟང་ལགས་ཀྱིས་བཤད་དོན། དེ་རིང་ང་ཚོས་ལས་འགུལ་སྤེལ་བ་དེ་ས་གནས་བོད་རིགས་ཚོགས་པས་མགོ་ཁྲིད་དེ་གྲ་སྒྲིག་བྱས་ཡོད་པ་རེད། ང་ཚོའི་དམིགས་བསལ་གྱི་འབོད་ཚིག་ནི་ལོ་ ༥༠ བཙན་འཛུལ་བྱས་པ་དེས་འགྲིག་སོང་། ད་ནི་ང་ཚོའི་ལུང་པ་ཕྱིར་སྤྲོད་རོགས་གནང་ཞེས་པ་དེ་ཡིན། ང་ཚོའི་ཚོད་དཔག་ནང་མི་གྲངས་ཆིག་སྟོང་ནས་ཉིས་སྟོང་བར་ལས་འགུལ་ནང་ཞུགས་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་བྱུང་།

བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་གསུངས་དོན། ཐེངས་འདིའི་འབོད་ཚིག་དེ་ནི་ཧྥ་རན་སི་གཅིག་པུ་མིན་པར། ཡུ་རོབ་རྒྱལ་ཁབ་ཁག་ ༡༥ ནང་གི་བོད་རིགས་ཚོགས་པ་ཁག་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ཉེ་ཆར་སི་པན་གྱི་བྷར་སེ་ལོ་ནར་ཚོགས་འདུ་ཚོགས་སྐབས། ང་ཚོར་གཅིག་གྱུར་གྱི་འབོད་ཚིག་ཅིག་དགོས་ཀྱི་འདུག་ཅེས་བཤད་པ་ལྟར་ཐེངས་འདིར། ལོ་འཁོར་ ༥༠ ཡིས་འགྲིག་སོང་། ཞེས་པ་འདི་ཡིན། ཅེས་དང་། དེ་བཞིན་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གིས་བོད་ཞི་བའི་བཅིངས་འགྲོལ་བཏང་སྟེ་ལོ་ ༥༠ འཁོར་བའི་དུས་དྲན་ཡིན་ཅེས་བཤད་ཀྱིན་པ་ལྟར། ཉིན་འདིའི་དགོང་དྲོ་ཡུ་རོབ་རྒྱལ་ཁབ་ ༡༥ ནང་གི་བོད་རིགས་རྣམས་ཀྱིས་མར་མེ་ཁྲོམ་སྐོར་བྱེད་ཀྱི་ཡིན། ཕྱི་ཟླ་ ༤ པའི་ཟླ་མཇུག་ཙམ་ལ་ཧྥ་རན་སི་ནས་ཉིན་གཉིས་རིང་བོད་ཀྱི་རིག་གཞུང་འགྲེམས་སྟོན་བྱ་རྒྱུ་ཡིན་ཅེས་ལས་འགུལ་ཁག་ངོ་སྤྲོད་གནང་སོང་།

ཧྥ་རན་སིའི་བོད་རིགས་ཚོགས་པ་ནི་ ༡༩༧༩ ཙམ་ལ་ཐོག་མར་བཙུགས་ཤིང་། དེ་དུས་མི་གྲངས་ཉུང་ངུ་ལས་མེད་ལ། ད་སྐབས་ཧྥ་རན་སི་ན་བོད་རིགས་ཆིག་སྟོང་ལྷག་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “ལོ་འཁོར་ལྔ་བཅུའི་དབང་བསྒྱུར་གྱིས་ཆོག་པ་བྱོས།

  1. མི་ནག་ཚང་ལུང་རིགས་རྒྱལ།

    ལགས་སོ། པར་གྱི་འོག་ཏུ་པར་བྱང་འབྲི་བ་ལ་གནས་སྐབས་རིང་དཀའ་ངལ་ཏོག་ཙམ་འདུག མི་འགྱངས་པར་ང་ཚོས་དེ་དོན་ལེགས་འགྲུབ་ཡོང་བ་བྱ་ཆོག

  2. རྩོམ་སྒྲིག་པ་ལགས་སུ་ཞུ་ཡ་ཁ་ཤས་འདུག
    སྔོན་མ་ལོ་བདུན་བརྒྱད་སྔུན་ནས་རྒྱ་གར་བོད་ཡིག་གི་ཚགས་ཤོག་མཐོང་དུས་གསར་འགོད་པས་གསར་འགྱུར་འབྲི་སྟངས་དང་ནང་དོན་གྱི་གཙོ་ཕལ་དབྱེ་བ་ཤེས་མི་འདུག་པས་བློ་ཕམ་དགོས་བ་ཞིག་བྱུང་། དེ་རྗེས་བོད་ཡིག་དང་ཁ་བྲལ་ནས་ལོ་མང་ཕྱིན་། ད་དེ་སྐོར་བཞག་ཞོག དེ་རིང་འདིར་དོན་ཆུང་ནང་གི་དོན་ཆེན་ཞིག་ཞུ་ཡ་ཡོད་པ་ནི་འདྲ་དཔར་གྱི་འོག་ཏུ་གསལ་བཤད་ཅིག་སྐྱོན་ན་ག་འདྲ་འདུག

  3. གཞིས་ལུས་བོད་པ།

    རང་དབང་ཅན་གྱི་རྒྱལ་ཁབ་ན་གནས་པའི་བོད་རིགས་སྤུན་ཟླ་ཚོ་ཡར་ལོངས་ཤོག མི་ལོ་ལྔ་བཅུའི་གཉའ་གནོན་འོག་ནས་ཐར་བའི་ཆེད་དུ་ཡར་ལོངས་ཤོག བོད་ནང་གི་བོད་པ་ཚོའི་རང་དབང་གི་ཆེད་དུ་ཡར་ལོངས་ཤོག བོད་གངས་ཅན་གྱི་བསྟན་སྲིད་ཆེད་དུ་ཡར་ལོངས་ཤོག ང་ཚོ་ལ་ཁ་གྲག་དབང་དང་མིག་འགུལ་དབང་མེད་པ་ཤེས་སམ། དཀའ་སྡུག་དང་མནར་གཅོད་བཟོད་ཐབས་མེད་པ་གོ་འམ། འདས་པའི་ལོ་རྒྱུས་ནང་དུ་ཁྲག་གི་ཡུར་ཆུ་བཞུར་བ་རྟོགས་སམ། དེས་ན་རྒྱ་གར་དང་ཨ་རི་དབྱིན་ཇི་འཇར་མན་ཁ་ན་ཊ་སོགས་རང་དབང་གི་རྒྱལ་ཁབ་ན་ཡོད་པའི་བོད་པ་ཚོ་མྱུར་བར་ཡར་ལོངས་ཤོག ཤ་རུས་གཅིག་པའི་སྤུན་ཟླ་ཚོ་མྱུར་བར་ཡར་ལོངས་ཤོག གོང་གི་ཧྥ་རན་སིའི་གྲོགས་པོ་ཚོ་ལ་ཐུགས་རྗེ་ཆེ་ཞུ།