གསུམ་བཅུའི་དུས་དྲན་ཉིན་ལི་ཐང་རྫོང་ཐོག་ཏུ་བོད་མི་ཞིག་གིས། རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་གཙང་མ་ཡིན། བོད་ཆོལ་ཁ་གསུམ་ཆིག་སྒྲིལ་བྱ་དགོས། འཛམ་གླིང་ཞི་བདེ། ཅེས་ཞི་བའི་སྐད་འབོད་བྱས་ཡོད་འདུག
དེ་རིང་དགའ་ལྡན་བྱང་རྩེ་ཕ་ར་ཁང་ཚན་གྱི་གྲྭ་བློ་བཟང་ཆོས་སྐྱབས་ཀྱིས་འདི་གར་གནས་ཚུལ་བརྗོད་པ་ལྟར་ན། ཐེངས་འདིའི་གསུམ་བཅུ་དུས་དྲན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ ཡས་མས་སུ་ཁམས་འབའ་ཐང་རྫོང་གནས་སྒོ་དགོན་པའི་གྲྭ་བློ་བཟང་དབང་ཕྱུག་ལགས་ཀྱིས་ལག་པ་གཡོན་པར་༧གོང་ས་མཆོག་གི་སྐུ་པར་ཞིག་བཟུང་ཞིང༌། ལག་གཡས་པས་ཡིག་ཆ་བཀྲམས་ཞོར། ལི་ཐང་རྫོང་ཐོག་ཏུ། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་གཙང་མ་ཡིན། བོད་ཆོལ་ཁ་གསུམ་ཆིག་སྒྲིལ་བྱ་དགོས། འཛམ་གླིང་ཞི་བདེ། ཞེས་ཞི་བའི་སྐད་འབོད་བྱས་སྐབས། བོད་ཆས་གྱོན་པའི་དམག་མི་བཞི་ཡོང་ནས། བློ་བཟང་དབང་ཕྱུག་ལགས་ཀྱི་རྐང་ལག་ལ་འཇུས་ནས་རླངས་འཁོར་ནང་བཅུག་སྟེ་ཁྲིད་ཡོད་འདུག ཟླ་ ༢ བའི་ནང་ལི་ཐང་རྫོང་ཐོག་ཏུ་བོད་མི་ ༡༦ གིས་སྐད་འབོད་བྱས་པ་ནས་བཟུང༌། རྒྱ་མི་ཉེན་རྟོག་པ་དང་དམག་མི་མང་པོ་ལི་ཐང་རྫོང་ཐོག་ལ་བཀྲམས་ཏེ། ཚོང་ཁང་དང་ཟ་ཁང་སོགས་སྒོ་རྒྱག་ཏུ་བཅུག་པ་སོགས་དམ་དྲག་ཤུགས་ཆེན་བྱས་ཡོད་ལ། ལྷག་པར་དུ་ཐེངས་འདིའི་གསུམ་བཅུའི་དུས་དྲན་སྔ་ཕྱིར་དམག་མི་སྔར་ལས་མང་དུ་བཏང་ཡོད་འདུག ས་གནས་བོད་མིའི་ཁྲོད་བོད་ཆས་གྱོན་པའི་དམག་མི་དང་ཉེན་རྟོག་པའི་ཉུལ་མ་ཡོད་སྟབས། བློ་བཟང་དབང་ཕྱུག་ལགས་ཀྱིས་སྐད་འབོད་དང་ཡིག་ཆ་བཀྲམས་ལོང་ཡུན་རིང་མ་བྱུང་བར་འཛིན་བཟུང་བྱས་ཡོད་འདུག་མོད། ཁོང་བཙོན་ཁང་གང་ཞིག་ཏུ་ཁྲིད་ཡོད་པ་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག
གྲྭ་བློ་བཟང་དབང་ཕྱུག་ནི་ད་ལོ་རང་ལོ་ ༢༩ ཡིན་པ་དང༌། འབའ་ཐང་རྫོང་གནས་སྒོ་དགོན་པའི་གྲྭ་བ་ཡིན་ཞིང༌། ཁོང་འབའ་ཐང་ནས་ལི་ཐང་ས་ཁུལ་ལ་གནས་སྤོར་བྱས་པའི་མི་ཚང་ཞིག་གི་ཡིན་འདུག
སྤྱི་ལོ་ ༡༩༩༧ ལོར་རྒྱ་གར་ལ་ཡོང་མྱོང་ཞིང༌། ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་ཕ་ར་ཁང་ཚན་དུ་ལོ་བདུན་ལ་སློབ་གཉེར་གནང་རྗེས་ཕྱིར་ཕ་ཡུལ་དུ་ལོག་ཡོད་འདུག ལས་འགུལ་མ་སྤེལ་བའི་ཉིན་ཤས་སྔོན་དུ། ཁོང་གིས་ཡིག་ཆ་འགྲེམས་རྒྱུ་གྲ་སྒྲིག་བྱེད་བཞིན་པའི་སྐབས། ཁོང་གི་ཨ་མས་ཤེས་ཡོད་འདུག་ལ། གནས་ཚུལ་དྲིས་སྐབས། ཁོང་གིས་སྤྱི་ཟླ་ ༣ ཚེས་ ༡༠ ཉིན་ནི། ངེས་པར་དུ་བོད་ཆོལ་ཁ་གསུམ་གྱིས་སྲུང་གཙི་གནང་དགོས་པའི་དུས་ཆེན་ཞིག་ཡིན་པ་དང༌། གཅིག་བྱས་ན། ཉིན་དེ་ནས་བཟུང་སླར་ཡང་ཨ་མ་ཁྱེད་དང་ངོ་མཇལ་རྒྱུའི་སྐལ་བ་མེད་ཀྱང་སྲིད། ད་ལོའི་གསུམ་བཅུའི་དུས་དྲན་ནི། ༧རྒྱལ་བ་རིན་པོ་ཆེ་རང་ཡུལ་གངས་ཅན་ལྗོངས་སུ་བཞུགས་མ་ཐུབ་པར་ཡུལ་གྱར་བ་ཆགས་ཏེ་ལོ་ ༥༠ འཁོར་བའི་ཉིན་མོ་ཡིན་པ་དང༌། བོད་ཆོལ་ཁ་གསུམ་ལ་སྡུག་གི་མུན་པ་ཐིབ་ནས་མི་ལོ་ ༥༠ འཁོར་བའི་ཉིན་མོ་ཡང་ཡིན་སྟབས། ངས་རང་གི་ལས་འགན་བསྒྲུབ་དགོས། ངས་དྲང་བདེན་རྩོད་རྒྱུ་ཡིན། དེ་བས་ཨ་མ་ལགས་ནས་ང་རང་མ་འགོག་རོགས་ཞེས་ཞུ་བ་འཐེན་ཡོད་འདུག་ལ། སྐབས་དེར་ཨ་མས་ཀྱང༌། བུ་བློ་བཟང་དབང་ཕྱུག་ལགས་ཀྱི་འདོད་པ་ལྟར་བཀག་འགོག་གང་ཡང་བྱས་ཡོད་མི་འདུག
གཞན་སྤྱི་ཟླ ༢ ཚེས་ ༡༦ དང་ ༡༧ སོ་སོར་ལི་ཐང་རྫོང་ཐོག་ནས་བཟུང་བའི་བོད་མི་ཚོ་ད་ལྟའི་ཆར་གནས་སྟངས་གང་འདྲ་ཡིན་མིན་དང༌། བཙོན་ཁང་གང་དུ་ཡོད་མེད་སོགས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་མི་འདུག ཅེས་གྲྭ་བློ་བཟང་ཆོས་སྐྱབས་ཀྱིས་བརྗོད་བྱུང༌།