གུ་རུའི་སྐུ་བརྙན་ཞིག་ཁྲོས་འདུག

གུ་རུའི་སྐུ་བརྙན་ཞིག་ལ་ཐུགས་ཁྲོས་པ་དང་བཤུམས་པ། ཞལ་མདངས་ཤོར་བ་སོགས་ཀྱི་མཇལ་སྣང་བྱུང་འདུག

 

ལྷོ་ཕྱོགས་རྣམ་གྲོལ་གླིང་དགོན་པའི་ཟངས་མདོག་དཔལ་རིའི་མཆོད་རྟེན་གྱི་འདུ་ཁང་ནང་སྟོན་པ་ཐུབ་པའི་དབང་བོ་དང་གུ་རུ། འཇམ་པའི་དབྱངས་སོགས་སྐུ་བརྙན་ཆེན་པོ་བདུན་བཞེངས་སྐྲུན་བྱས་ཡོད་པ་ལས། ཕྱི་ཚེས་ ༣༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ ཡས་མས་སུ་དགོན་པའི་གྲྭ་པ་རྣམས་ཀྱིས་གུ་རུ་རིན་པོ་ཆེའི་སྐུ་བརྙན་དེའི་ཞལ་མདངས་ཤོར་བ་དང་སྐུ་བཤུམས་པ། སྤྱན་ཆབ་ཤོར་བ། ཐུགས་ཁྲོས་པ་སོགས་ཀྱི་མཐོང་སྣང་སྣ་ཚོགས་བྱུང་འདུག་ལ། དེ་རྗེས་དགོང་མོའི་ཆུ་ཚོད་ ༡༠ ཙམ་ལ་དགོན་པའི་འདུ་ཁང་སྒོ་ཕྱེས་ཏེ་གྲྭ་བཙུན་རྣམས་མཇལ་ཁ་ཞུ་རུ་བཏང་བས། ནམ་རྒྱུན་ལྟར་མིན་པར་དངོས་གནས་དྲང་གནས་ཞལ་ལ་མཇལ་སྐབས་ཞལ་ཁྲོས་པ་འདྲ་བོ་དང་། ཐུགས་ཕམ་བྱུང་བ་ལྟ་བུ་སོགས་མང་ཆེ་བར་དེ་འདྲའི་མཇལ་སྣང་བྱུང་འདུག་ཅེས་རྣམ་གྲོལ་གླིང་དགོན་པའི་མཁན་པོ་ཚེ་དབང་རྒྱ་མཚོ་མཆོག་གིས་འདི་གའི་གསར་འགོད་པར་གསུངས་བྱུང་།

དེ་བཞིན་ཁོང་ལ་ཐེངས་འདིར་༸པད་ནོར་རིན་པོ་ཆེ་མཆོག་ནས་སྐུ་གཤེགས་པའི་ཚུལ་བསྟན་ནས་ཉིན་གཉིས་ལས་ཕྱིན་མེད་སྟབས། དེ་ལ་དམིགས་བསལ་རྟགས་མཚན་བྱུང་བ་ཡིན་མིན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། སྤྱིར་བཏང་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་བླ་མ་རྩ་ཆེན་པོ་དེ་འདྲ་སྐུ་གཤེགས་དུས། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་ཏུ་ང་ཚོ་རྣམ་གྲོལ་གླིང་དགོན་པར་མཚོན་ན་རྩ་བའི་བླ་མ་ཟེར་ན་འདྲ། མགོན་སྐྱབས་ཟེར་ན་འདྲ། བླ་མ་སྐྱེས་བུ་དམ་པ་ཁོང་སྐུ་གཤེགས་པས་ང་ཚོ་མི་མང་དང་ཁོང་གི་རྗེས་འཇུག་པ་དག་བློ་ཕམ་ཡོང་བས་མི་ཚད། ལྷ་དེ་འདྲ་ཡང་ཐུགས་ཕམ་བྱུང་བའི་རྟགས་མཚན་རེད་སྙམ་པ་བྱུང་། ཞེས་གསུངས་བྱུང་།
ཕྱི་ཚེས་ ༣༡ ཉིན་སེར་སྐྱ་མི་མང་ཡོངས་ཞལ་མཇལ་ཞུ་རུ་བཏང་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

22 thoughts on “གུ་རུའི་སྐུ་བརྙན་ཞིག་ཁྲོས་འདུག

  1. རྫ་ཚེ་རིང་བཀྲ་ཤིས།

    ས་པཎ་ཀྱིས་སྡོམ་གསུམ་རབ་དབྱེ་སོགས་སུ་འདྲ་སྐུ་ལས་མཆི་མ་འཛགས་པ་སོགས་བཀྲ་མི་ཤིས་པའི་རྟགས་སུ་བཤད་པ་ལྟར་ན་གྲུབ་དབང་མཆོག་སྐུ་གཤེགས་པ་འདིས་བསྟན་འགྲོ་ལ་བཀྲ་མི་ཤིས་པའི་གནས་ཚཱུལ་ཞིག་ལྷགས་པ་དེ་མཚོན་པ་ལོས་ཡིན།

  2. ང་དུར་ཁྲོད།

    དངོས་བྱུང་བདེན་པའི་བྱང་བུ་ས་རུ་འབྱར་ཏེ།།
    ལོ་ཟླའི་རི་མོ་དག་སྣང་མཁའ་རུ་འཁྱིལ་དུས།།
    ལྷ་ཡང་མིག་ཆུ་ཤོར་བའི་ནམ་ཟླ་ཞིག་ལ།།
    དངོས་བདེན་རྩོད་པའི་རྣམ་པ་དགོས་པ་མི་འདུག

    ྄མཐོན་པོ་བླ་མའི་ཞལ་རྫུན་གསུངས་པ་མ་ཡིན།།
    བླ་རྒན་འགའ་ཡིན་རྫུན་བཟོ་བྱས་པ་མ་རེད།།
    སོ་སོའི་སྣང་བའི་གཉེར་མ་མ་བསྡུས་བར་དུ།།
    ཁྱོད་ཀྱིས་མཐོང་བ་གཞན་གྱིས་མཐོང་དགོས་མེད་ཨང་།།