བོད་པར་རྒྱབ་སྐྱོར་བྱ་རྒྱུ་ང་ཚོའི་འོས་འགན་ཡིན།

བོད་ནང་མི་མང་པོ་འདས་གྲོངས་སུ་ཕྱིན་ཡོད་པར་ང་ཚོས་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད་ལ། འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་དགོས་པ་རེད། ང་ཚོ་ནམ་ཡང་ཁྱེད་ཅག་དང་མཉམ་དུ་ཡོད། སྤུན་ཆུང་ལ་དཀའ་ངལ་གང་འདྲ་ཞིག་ལ་འཕྲད་ཀྱང༌། ཆེ་བས་རོགས་སྐྱོར་བྱ་རྒྱུ་དེ་ང་ཚོས་འོས་འགན་ཆགས་ཡོད་ཟེར།

 

ཕྱི་ཚེས་ ༣༡ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་རུ་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་སྲིད་བློན་མཆོག་ལ་ཐུགས་འཕྲད་ཀྱིས། རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཟབ་རྒྱས་ཞིག་འཚོགས་ཡོད་པ་ལྟར། བཞུགས་སྒར་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཡང༌། ཐུགས་རྗེ་ཆེ་ཞུས་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཡོད་པ་དང༌། དེར་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེ་འགྲིམ་འགྲུལ་དང་ས་ཁང་འཆར་འགོད་བློན་ཆེན་སྐུ་ཞབས་ Hon’ble krishan kapoor  མཆོག་དང༌། ཀང་ར་མངའ་སྡེ་རྫོང་དཔོན་ shri kamlesh kumar pant  མཆོག་གཉིས་དབུས་པའི་གནད་ཡོད་མི་སྣ་ཁག་དང༌། ངྷ་རམ་ས་ལའི་རྒྱ་གར་གྱི་ཚོགས་པ་སྒྲིག་འཛུགས་ཁག་གི་སྐུ་ཚབ། དཔལ་རྒྱལ་བ་ཀརྨ་པ་མཆོག་དང་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་དང༌། བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་གཞུང་ཞབས་ཆེ་ཕྲ། གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་དང་སེར་སྐྱ་མི་དམངས་སྟོང་ཕྲག་འདུ་འཛོམས་ཐོག བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག་ནས་༧གོང་ས་མཆོག་གིས་ཆེད་དུ་བསྩལ་བའི་གསུང་འཕྲིན་དེ་དབྱིན་སྐད་ཐོག་སྒྲོག་སྦྱོང་གནང་གྲུབ་རྗེས། དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་རྒྱ་གར་གྱི་སྐུ་མགྲོན་གཙོ་བོ་རྣམ་པར་ལག་སྐྱེས་འདེགས་འབུལ་ཞུས་ཤིང༌། བོད་གཞུང་ཟློས་གར་ཚོགས་དང་ཐང་སྟོང་གླུ་གར་ཚོགས་པ། དེ་བཞིན་སློབ་གྲྭ་བཅས་ནས་གཞས་སྣ་འཁྲབ་སྟོན་བྱས་སོང༌།

 

སྐབས་དེར་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེ་འགྲིམ་འགྲུལ་བློན་ཆེན་གྱིས་གཏམ་བཤད་གནང་དོན། མི་ལོ་ལྔ་བཅུའི་རིང་བོད་མི་ཚོས་རྒྱ་གར་ཡུལ་མི་དང་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་གནས་བྱས་པ་དང༌། རྒྱ་གར་གཞུང་མང་གཉིས་ནས་ཀྱང་བོད་པར་རྒྱབ་སྐྱོར་གང་ཐུབ་གནང་ཡོད་པ་བཞིན། མ་འོངས་པར་ཡང་ང་ཚོའི་བར་གྱི་སྤུན་ཟླའི་འདུ་ཤེས་ཡུན་གནས་དང་རྒྱུན་འཁྱོངས་བྱ་དགོས། མི་ལོ་ལྔ་བཅུའི་སྐྱབས་བཅོལ་གྱི་ལོ་ཟླའི་ནང༌། བོད་པ་ཚོ་ཕྱི་རྒྱལ་ཡུལ་གྲུ་གང་དུ་གནས་ཀྱང་བོད་མི་རིགས་ཀྱི་ངོ་བོ་སྲུང་ཡོད་པ་མ་ཟད། ཆོས་དང་རིག་གཞུང༌། སྐད་ཡིག་རྒྱུན་འཛིན་བྱེད་ཐུབ་པ་བྱུང བར་མཛའ་བརྩེའི་མཚམས་འདྲི་ཞུ་རྒྱུ་ཡིན། ད་ལྟའི་དུས་འདིར་འཛམ་གླིང་ནང་འཇིགས་སྐུལ་རིང་ལུགས་པའི་དྲག་པོའི་བྱ་སྤྱོད་ཡོངས་ཁྱབ་ཅིག་ཆགས་ཡོད་པ་དང༌། འཇིགས་སྐུལ་རིང་ལུགས་པས་དྲག་སྤྱོད་འོག མི་སེར་དཀྱུས་མའི་འཚོ་བར་གནོད་སྐྱོན་ཚབས་ཆེན་སྤེལ་ཏེ། འཛམ་གླིང་རྒྱལ་ཁབ་མང་པོས་མ་དངུལ་འབོར་ཆེན་བཏང་སྟེ། བདེ་འཇགས་སྲུང་སྐྱོབ་བྱ་དགོས་པའི་གནས་སྟངས་ཆགས་ཡོད།

 

ཛ་དྲག་གི་དུས་སྐབས་འདི་འདྲར་ང་ཚོས་ཏཱ་ལའི་བླ་མ་དྲན་འོང་བ་དང༌། ཁཽང་གི་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་བཀའ་སློབ་ལམ་སྟོན་དེ་འཛམ་གླིང་ལ་ཁྱབ་ཡོད་སྟབས། ང་ཚོས་རེ་བར་དཀའ་ངལ་འདི་དག་སེལ་རྒྱུར་ཏཱ་ལའི་བླ་མའི་ལམ་སྟོན་ཁོ་ནར་རག་ལས་ཡོད་པ་ཞིག་ཆགས་ཡོད། ཏཱ་ལའི་བླ་མས་འཚེ་མེད་ཞི་བ་དང་འཛམ་གླིང་ཞི་བདེ་བསྐྲུན་པའི་ཕྱག་ལས་ལ་འབད་བརྩོན་བྱེད་བཞིན་ཡོད་ལ། ཧི་མ་ཅལ་ནི་ཁོང་གི་ཕྱག་ལས་གནང་ཡུལ་གཙོ་བོ་ཆགས་ཡོད་སྟབས། ང་ཚོར་དགའ་སྤོབས་ཆེན་པོ་ཡོད།

ཏཱ་ལའི་བླ་མས་འཛམ་གླིང་རྒྱལ་ཁབ་ཕན་ཚུན་བར་སྤུན་ཟླའི་མཛའ་སེམས་བཅངས་དགོས་པའི་བཀའ་སློབ་ལམ་སྟོན་གྱིས། མི་མང་ཡོངས་ཀྱི་འཇིགས་སྐུལ་རིང་ལུགས་མེད་པར་བཟོ་ཐབས་ལ་བསམ་བློ་གཏོང་གིན་ཡོད།

 

ཏཱ་ལའི་བླ་མ་དང་བཙན་བྱོལ་གཞུང་དམངས་གཉིས་ཀྱི་བཀའ་དྲིན་གྱིས་ངྷ་རམ་ས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱ་ཡུལ་གཙོ་གྲས་ཤིག་ཆགས་ཡོད། ངས་ངྷ་སའི་རྒྱ་གར་མི་མང་གི་ཚབ་བྱས་ཏེ་བསྐྱར་དུ་ཏཱ་ལའི་བླ་མ་དང་བཙན་བྱོལ་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་ནང་མི་མང་པོ་འདས་གྲོངས་སུ་ཕྱིན་ཡོད་པར་ང་ཚོས་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད་ལ། འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་དགོས་པ་རེད། ང་ཚོ་ནམ་ཡང་ཁྱེད་ཅག་དང་མཉམ་དུ་ཡོད། ཏཱ་ལའི་བླ་མས། སྤུན་ཆུང་ལ་དཀའ་ངལ་གང་འདྲ་ཞིག་ལ་ཐུག་ཀྱང༌། ཆེ་བས་རོགས་སྐྱོར་བྱ་རྒྱུ་དེ་ང་ཚོས་འོས་འགན་ཆགས་ཡོད། ཅེས་གསུངས་པ་བཞིན། ཧི་མ་ཅལ་གཞུང་དམངས་ཀྱིས་ད་བར་བོད་པར་རོགས་རམ་བྱས་ཡོད་ལ། མ་འོངས་པར་མུ་མཐུད་ནུས་པ་གང་ཡོང་གིས་གནང་རྒྱུ་ཡིན། ཞེས་བརྗོད་སོང༌།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “བོད་པར་རྒྱབ་སྐྱོར་བྱ་རྒྱུ་ང་ཚོའི་འོས་འགན་ཡིན།

  1. དགེ་བཤེས་སྨོན་ལམ་མཐར་ཕྱིན།

    གསར་འགོད་པ་ལགས། དེ་ཉིན་གྱི་རྡ་སའི་མཛད་སྒོར་ཐོག་མར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་དཔོན་ shri kamlesh kumar pant མཆོག་གདན་འདྲེན་གྱིས་ཕེབས་འཆར་ཡོད་ཀྱང༌། མཐར་རྒྱ་གར་གཞུང་གི་སྲི་ཞུ་ལས་བྱེད་པའི་སྒྲིག་སྲོལ་གྱི་དབང་གིས་ཁོང་ཕེབས་ཐུབ་ཡོད་མ་རེད། ཁོང་གི་སྐུ་ཚབ་ཏུ་དེ་སྔའི་མངའ་སྡེའི་འགྲིམ་འགྲུལ་བློན་ཆེན་ཟུར་པ་ཝིཇེ་སེང་མོན་ཀོཊི་ཡ་ཕེབས་གནང་ཡོད་པ་རེད། གོང་གི་འདྲ་པར་དང་པོའི་ཚུར་ཟུར་ལ་གཟིགས་དང་གསལ།