བཙན་བྱོལ་གྱི་མི་ལོ་ ༥༠ དང་། གདོང་ལེན་གསར་པ།

ཟླ་སྔོན་མར་བོད་ཀྱི་དུས་བབ་གསར་ཁང་གིས་ཧྥ་རན་སི་ནས་བོད་དོན་བགྲོ་གླེང་ཞིག་གོ་སྒྲིག་བྱས་ལ། འདི་ནི་བཙན་བྱོལ་གྱི་བོད་ཡིག་གསར་ཁང་ཞིག་གིས་ཡུ་རོབ་ནས་བོད་དོན་བགྲོ་གླེང་གོ་སྒྲིག་བྱས་པ་ཐོག་མ་དེ་ཆགས་ཡོད་ཚུལ་འདུག ཉིན་འདི་ནི་རྒྱ་ནག་གིས་བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་སྟེ་མི་ལོ་ ༥༠ འཁོར་བའི་དྲན་སྲུང་གཙིའི་ཉིན་མོ་ཟེར་བ་སྟེ། ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ལ་འཁེལ་ཡོད་ཅིང་། བགྲོ་གླེང་གནང་མཁན་ལ་ཧྥ་རན་སིར་གནས་བཞུགས་བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་དང་། ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཟུར་པ་ཀུན་བཟང་ཆོས་འཕེལ་ལགས། པཱ་རི་སི་ཤར་ཕྱོགས་རིག་གནས་སྐད་ཡིག་སློབ་གྲྭ་ཆེན་མོའི་དགེ་རྒན་དང་བོད་རིག་པ་བ་བདེ་སྦྱིན་བཟང་མོ་དང་པཱ་རི་སི་ཤར་ཕྱོགས་རིག་གནས་སྐད་ཡིག་སློབ་གྲྭ་ཆེན་མོའི་དགེ་རྒན་དང་བོད་རིག་པ་བ་ཆོས་ཉིད་དབང་མོ་བཅས་ཕེབས་ཤིང་། པཱ་རི་སིར་གནས་འཁོད་བོད་མི་རྣམས་བགྲོ་གླེང་ལ་ཉན་པར་ཕེབས་ཡོད་པ་རེད། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་ནི་བཙན་བྱོལ་གྱི་མི་ལོ་ ༥༠ དང་། གདོང་ལེན་གསར་པ། ཞེས་པ་དེ་ཡིན།

སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་གསུངས་དོན། བོད་ཀྱི་གནད་དོན་ལས་འཕྲོས་པའི་བགྲོ་གླེང་ནི་ངྷ་རམ་ས་ལ་གཅིག་པུ་མིན་པར་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མིའི་སྤྱི་ཚོགས་ཁྲོད་དུ་འདི་ལྟར་བགྲོ་གླེང་དང་བསམ་ཚུལ་བསྡུ་ལེན་བྱེད་པ་སོགས་ད་རེབ་བོད་ཀྱི་དུས་བབ་ཀྱིས་བརྩམས་པའི་ལས་གཞི་འདི་གལ་ཆེར་མཐོང་སོང་ཞེས་གླེང་བསླངས་ཏེ་བགྲོ་གླེང་གི་བརྗོད་གཞིའི་སྟེང་དུ་གསུང་བཤད་གནང་། ཁོང་གིས་དམིགས་བཀར་གྱིས་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་ཐད་གསུངས་དོན། བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་གྱི་གནད་གཅིག་ནི་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དུས་བསྟར་ལག་ལེན་མ་ཐུབ་པས་རེད། ༡༩༦༠ ལོ་ནས་བཟུང་ཁོང་གིས་གཞི་རིམ་གྱི་སློབ་དེབ་ཚང་མ་བོད་ཡིག་ནང་བསྒྱུར་དགོས་པའི་བཀའ་སློབ་རིམ་པར་བསྩལ་ཡང་ད་བར་དུ་འཛིན་རིམ་བརྒྱད་པ་བར་དུའང་སློབ་དེབ་ཆ་ཚང་བ་ཞིག་བསྒྱུར་ཐུབ་ཡོད་པ་མ་རེད། ད་ཆར་བཀའ་ཁྲི་མཆོག་གིས་འདིའི་ཐད་འགན་ཁུར་ནས་མུ་མཐུད་དུ་བསྒྱུར་དགོས་པ་ཞིག་གསུངས་ཡོད་པ་རེད་དེ་བསྒྱུར་ཐུབ་གི་ཡོད་པ་མ་རེད། འདི་འཐུས་ཤོར་གཅིག་རེད། ཕྱོགས་གཞན་ནས་ད་ལྟའི་བཀའ་ཁྲི་འདི་མ་ཕེབས་པའི་སྔོན་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནང་དུ་གཅིག་གྱུར་གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་མེད་སྟབས། ཁ་ཕྱོགས་ངེས་ཅན་མེད་པ་ལྟ་བུའི་འཐུས་ཤོར་བྱུང་ཡོད་པ་རེད། ཤེས་རིག་གི་བཀའ་བློན་གསར་པ་རེ་རེ་བསླེབས་ན་བསམ་ཚུལ་མི་འདྲ་བ་རེ་རེ་དང་། སློབ་དེབ་ལའང་འགྱུར་བ་གསར་པ་རེ་འགྲོ་གི་ཡོད་པ་རེད། གཞུང་ཞིག་ལ་གཏན་འབེབས་ཀྱི་སྲིད་བྱུས་ཁ་ཕྱོགས་གཅིག་མེད་དུས་འཐུས་ཚང་ཞིག་ཡོང་གི་ཡོད་པ་མ་རེད། ཐ་ན་བོད་ཁྱིམ་དང་ཤེས་རིག་ལས་ཁུངས་གཉིས་མཉམ་འབྲེལ་གྱིས་གཅིག་གྱུར་གྱི་སློབ་དེབ་བཟོ་བ་ལ་མཐུན་པོ་བྱུང་ཡོད་པ་མ་རེད། ཕན་ཚུན་ཁས་མ་བླངས་པར་ལྷག་བསྡད་ཡོད་པ་རེད། ད་ལྟ་ཡིན་ནའང་བཙན་བྱོལ་བོད་མིའི་ཤེས་ཡོན་གསར་པ་དེར་བོད་ཁྱིམ་སློབ་གྲྭས་ངོས་ལེན་མེད། ཁས་ལེན་བྱེད་ཐུབ་གི་མེད་ཅེས་བཤད་ཡོད་པ་རེད། འདིའི་རྒྱུ་མཚན་གང་ཡིན་ཅེས་དྲིས་དུས། བུ་གུ་ཚོའི་ཕ་མ་དང་ནང་མི་ཚོས་ཤེས་ཡོན་སྲིད་བྱུས་གསར་པ་དེར་ངོས་ལེན་བྱེད་གི་མི་འདུག་ཅེས་ལན་གཙོ་བོ་དེ་བརྒྱབས་ཡོད་པ་རེད། དངོས་གནས་བཤད་ན། བོད་ཁྱིམ་སློབ་གྲྭའི་འོག་གི་སློབ་ཕྲུག་བརྒྱ་ཆའི་བརྒྱད་ཅུ་ནི་བོད་ནས་ཡོང་བའི་སློབ་མ་རེད། ང་ཚོའི་ཤེས་ཡོན་གསར་པ་འདི་བོད་ན་ཡོད་པའི་ཕ་མ་ག་ཚོད་ཅིག་གིས་ཧ་གོ་གི་ཡོད་པ་རེད། གཞུང་གི་ལས་བྱེད་དང་བཙན་བྱོལ་ན་ཡོད་པའི་མི་ཉུང་ཤས་ཤིག་གི་བུ་གུ་ཁོང་ཚོའི་སློབ་གྲྭ་ན་ཡོད་པ་བདེན་པ་རེད། འདི་འདྲའི་ཕ་མ་ཉུང་ཤས་ཤིག་གིས་དེར་ངོས་ལེན་མེད་པའང་བདེན་པ་རེད། ཡིན་ཡང་འདིས་རྒྱ་ཆེ་བའི་གཞིས་ལུས་མི་དམངས་ཀྱི་ཕ་མ་དང་བུ་ཕྲུག་གི་ཚབ་བྱས་ནས་རྒྱུ་མཚན་ལ་དྲངས་ན་ཡང་དག་པ་ཞིག་མ་རེད། འདི་ལྟར་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱེད་མི་ཐུབ་པ་དང་། གཏན་འབེབས་བྱས་པ་དེའི་སྒང་ལ་འགྲོ་མ་ཐུབ་པ་ཡིན་ན་ཤེས་ཡོན་གྱི་ཕྱོགས་ནས་གདོང་ལེན་གསར་པ་ཞིག་ཡོང་ཐབས་ཡོད་པ་མ་རེད། དེ་བཞིན་དུ་ཤེས་རིག་བཀའ་བློན་སོགས་མང་པོ་ཞིག་ནི་ཡང་ན་བོད་ཀྱི་སྐད་ཡིག་ཡག་པོ་མི་ཤེས་མཁན་དང་། ཡང་ན། ནང་ཆོས་གཙོ་བོར་བྱས་པའི་བསམ་བློ་མ་གཏོགས་གཞན་པར་མཐོང་ཆེན་བྱེད་མི་ཐུབ་མཁན། ཡང་ན། སྲོལ་རྒྱུན་རིག་གནས་མ་གཏོགས་རིག་གནས་གསར་པ་ལག་ལེན་བྱེད་པར་བསམ་བློ་དང་འདོད་པ། སྙིང་སྟོབས་བཅས་མེད་མཁན་དག་རེད། འདི་དག་འཐུས་ཤོར་གྱི་གཞི་རྩ་རེད། དེ་བྱས་དུས་རྗེས་མ་གདོང་ལེན་གསར་པ་ཞིག་བྱེད་དགོས་ན་ཐོག་མར་བོད་ཁྱིམ་དང་ཤེས་རིག་གཉིས་མཉམ་འབྲེལ་གྱིས་གཞུང་གིས་གཏན་འབེབས་བྱས་པའི་སྲིད་བྱུས་སྟེང་ལ་འགྲོ་དགོས་པ་རེད། དེ་བཞིན་དུ་ཤེས་རིག་བཀའ་བློན་དང་དྲུང་ཆེ་ཡང་གཞན་དང་མི་འདྲ་བར་བོད་རང་གི་རིག་གཞུང་ལ་མཁྱེན་རྒྱ་དང་ཉམས་མྱོང་ཡོད་མཁན་དེ་འདྲ་ཡོང་དགོས་པ་གལ་ཆེན་པོ་རེད། ཅེས་དང་། དེ་བཞིན་ཁོང་གིས་སློབ་དེབ་བསྐྱར་བཅོས་དང་། ད་ཡོད་ཀྱི་དགེ་རྒན་རྣམས་ལ་ལོ་རེ་བཞིན་བསྐྱར་ཞིབ་ཀྱིས་ཤེས་ཚད་གོང་མཐོར་གཏོང་ཕྱོགས་ཀྱི་ཐད་བསམ་ཚུལ་བཏོན་ཡོད་པ་རེད།

བོད་རིག་པའི་མཁས་པ་བདེ་སྦྱིན་བཟང་མོ་ལགས་ཀྱིས་བོད་ལ་མི་རིགས་རང་གི་ཉམས་ཞིབ་པ་ཧ་ཅང་དཀོན་པར་གྱུར་ཡོད་པའི་ཐད་གསུང་བཤད་གནང་ཡོད། དེ་ཡང་ཁོང་གིས། རང་ཉིད་ཀྱི་ཉམས་མྱོང་ནི་གཙོ་བོ་འདས་པའི་མི་ལོ་ ༣༠ ལྷག་གི་རིང་བོད་ཀྱི་ས་ཁུལ་གང་སར་མྱུལ་ཞིང་ཉམས་ཞིབ་བྱས་པར་གཞི་བཟུང་བ་ལས། བཙན་བྱོལ་སྤྱི་ཚོགས་ལ་དེ་ཙམ་གྱི་རྒྱུས་མངའ་མེད་ཅེས་དང་། བོད་མི་རིགས་ལ་མཚོན་ན་ད་སྐབས་རིག་གཞུང་རྩ་གཏོར་གྱི་ཕྱོགས་ནས་ཧ་ལས་པའི་ཚབས་ཆེན་རེད། བོད་ཀྱི་དགོན་པ་རྣམས་གཏོར་བ་ཙམ་མ་རེད། བོད་ཀྱི་གནའ་བོའི་མཁར་རྫོང་དང་ཕོ་བྲང་། ཐ་ན་བླ་ཆེན་སྐྱེས་ཆེན་རྣམས་ཀྱི་འཁྲུངས་ཡུལ་ཚུན་ནས་ཤུལ་མེད་དུ་གཏོང་གི་འདུག བོད་ཀྱི་དཔེ་མཛོད་ཁང་མེད་པར་བཟོ་གི་འདུག བཙན་བྱོལ་བོད་གཞུང་གིས་ནམ་རྒྱུན་རྒྱ་ནག་གིས་ང་ཚོའི་དགོན་པ་དྲུག་སྟོང་རྩ་མེད་བཏང་བ་རེད་ཅེས་བརྗོད་ཀྱི་འདུག བོད་ཀྱི་རིག་གནས་དང་ཤེས་རིག་ནི་དགོན་པ་ཙམ་མ་རེད། བོད་ཀྱི་རང་བྱུང་ཁོར་ཡུག་རྩ་གཏོར་གཏོང་གི་འདུག མངོན་གསལ་དོད་ཤོས་ཤིག་ལ། འདས་པའི་ལོ་ ༢༠ ལྷག་གི་རིང་ལ་བོད་ཀྱི་གནའ་ཤུལ་གྲགས་ཅན་ཕལ་ཆེ་བ་རྩ་གཏོར་བཏང་བ་རེད། ཐ་ན་རི་མགོ་ན་མཚམས་ཁང་དག་ཀྱང་ལྷག་མེད་པའི་ཚད་རེད། འདི་དག་ཡོད་ཚད་བོད་ཀྱི་རིག་གནས་རེད། རིག་གནས་ཀྱི་ཤུལ་དངོས་རེད། འོན་ཀྱང་ད་ཆར་འདི་དག་ཡོད་ཚད་རྩ་ཡལ་དུ་འགྲོ་གི་ཡོད་པ་རེད། ཐབས་རྡུགས་པ་ཞིག་ལ། བོད་མི་ཚོའི་ཁྲོད་ན་འདི་དག་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་ཡང་མི་འདུག ད་བར་དུ་མདོ་སྨད་ཀྱི་ཕྱོགས་ནས་བོད་ཀྱི་གནའ་ཤུལ་རིག་དངོས་ལ་ཞིབ་འཇུག་པ་རྐང་གཅིག་བྱུང་མི་འདུག ལྷ་ས་ན་འདིའི་ཕྱོགས་ལ་ཆེད་ལས་ཞིབ་འཇུག་པ་མི་གཅིག་རང་གཅིག་འདུག མི་ལོ་ ༥༠ རྗེས་འདིར། བོད་ཀྱི་མི་རབས་གསར་པ་དག་གིས་གདོང་ལེན་བྱ་དགོས་སའི་གནད་དོན་གཅིག་ནི་འདི་རེད། ད་ལྟ་ནས་མགོ་མ་བརྩམས་ན་ནམ་ཞིག་རིག་གཞུང་རྩ་གཏོར་དང་། བོད་ཀྱི་རིག་གཞུང་གི་ཤུལ་དངོས་ཙམ་ཡང་ངོས་ཟིན་མཁན་མེད་པར་ཆགས་རྒྱུའི་ཉེན་ཁ་འདུག་ཅེས་གཏམ་བཤད་གནང་ཡོད།

ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཟུར་པ་ཀུན་བཟང་ཆོས་འཕེལ་ལགས་ཀྱིས་ད་ལྟའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལམ་ལུགས་དང་། འདིའི་གདོང་ལེན་གསར་པའི་ཐད་གསུང་བཤད་གནང་ཡོད། ཁོང་གིས། མི་ལོ་ ༥༠ རྗེས་འདིར་ང་ཚོས་གདོང་ལེན་བྱེད་དགོས་ས་གང་ཡོད་པ་རེད་ཟེར་ན། འཛམ་གླིང་གི་མི་དམངས་ཚང་མས་དམངས་གཙོ་ཟེར་བ་དེ་ཡར་འཛིང་ཞིང་རང་སྲོག་བློས་བཏང་ནས་དམངས་གཙོ་རག་པ་རེད། ང་ཚོར་དམངས་གཙོ་འདི་མར་གནང་བའི་བཟོ་འདྲ་ཞིག་ཆགས་ཡོད་པ་རེད། གང་ལྟར་ང་ཚོའི་ངྷ་རམ་ས་ལའི་གཞུང་འདི་དམངས་གཙོ་ཆགས་ཡོད་པ་རེད། ཡིན་ཡང་ད་དུང་གོམ་པ་མང་པོ་ཞིག་བརྒྱག་རྒྱུ་ལྷག་ཡོད་པ་རེད། འོས་ཤོག་བསྡུ་བ་གཅིག་པུའི་སྟེང་ནས་དམངས་གཙོའི་མཚན་ཉིད་ཚང་ཡོད་པ་མ་རེད། མཚན་ཉིད་ཚང་བ་ཞིག་དགོས་ན། དང་པོ་དེར་ཆོས་སྲིད་གཉིས་ཀྱི་དབྱེ་བ་བགར་དགོས་པ་རེད། ཆོས་ཟེར་བ་འདི་ནི་མི་སྒེར་སོ་སོས་རང་ཐག་རང་གཅོད་ཀྱི་ལམ་ནས་ལས་ཀ་བྱེད་རྒྱུ་ཞིག་རེད། མི་སྒེར་གྱི་དོན་བྱ་རེད། སྲིད་ཟེར་བ་འདི་མི་དམངས་དང་མཉམ་དུ། མི་སྤྱི་དང་མཐུན་པའི་ཐོག་ནས་ལས་ཀ་བྱེད་རྒྱུ་ཞིག་རེད། དེ་བྱས་དུས་ངྷ་རམ་ས་ལའི་གཞུང་བཙུགས་ནས་ལོ་ ༥༠ འགྲོ་གིན་ཡོད་པ་རེད། ཡིན་ཡང་། ད་ལྟ་བར་དུ་སྲིད་དོན་ཚོགས་པ་དང་། སོ་སོའི་ལྟ་བ་ཁྱེར་ནས་སྲིད་དོན་ཚོགས་པ་བཙུགས། དེ་ནས་གཞུང་འཛིན་པའི་ལས་ཀ་བྱེད་རྒྱུའི་ལས་དོན་རིགས་ད་དུང་ལྷག་བསྡད་ཡོད་པ་རེད། ངའི་བསམ་པར་ང་ཚོས་སྲིད་དོན་ཚོགས་པ་བཙུགས་ནས་ལྟ་བ་གསར་པ་དང་། གོམ་པ་གསར་པ་སྤོ་དགོས་པ་འདི་གལ་ཆེན་པོ་དང་ང་ཚོའི་གདོང་ལེན་གསར་པ་ཡིན་པར་མཐོང་གི་འདུག རྒྱ་མི་དང་མཉམ་དུ་ང་ཚོས་དམག་གི་ཐོག་ནས་འཛིང་རྒྱུའི་ནུས་པ་ཡོད་པ་མ་རེད། དཔལ་འབྱོར་གྱི་ཐོག་ནས་འཛིང་རྒྱུའི་ནུས་པ་ཡོད་པ་མ་རེད། དེ་བྱས་དུས་ལམ་ཁ་གང་འདྲ་དང་ཐབས་ལམ་གསར་པ་གང་འདྲ་ཞིག་གི་ཐོག་ནས་རྩིས་རྒྱག་དགོས་པ་རེད། ཕྱི་རྒྱལ་གྱི་དམངས་གཙོའི་འགྲོ་ལུགས་ཀྱི་ཐོག་ནས་གོམ་པ་བརྒྱབ་ནས་འགྲོ་ཐུབ་པ་འདུག་གམ་མི་འདུག འདི་དག་ལ་ལྟ་བཞིན་དུ་འགྲོ་དགོས་པ་གལ་ཆེན་པོ་རེད། དེ་བཞིན་སྲིད་དོན་ཚོགས་པ་བཙུགས་ཤིང་རང་རང་གི་ལྟ་བ་དང་ལངས་ཕྱོགས་གསལ་བོ་བཟོས། དེ་ལ་དཔག་པའི་འཆར་གཞི་བཏང་སྟེ་ལས་ཀ་བྱེད་དགོས་པ་རེད། དམིགས་ཡུལ་གསལ་བོ་མེད་ན་ཐབས་དང་ལམ་ཙམ་གྱིས་ནམ་ཡང་གསལ་བོ་ཆགས་གི་མ་རེད། དེ་མ་བྱུང་ན་ང་ཚོའི་ལམ་ཁ་ག་དུས་ཡིན་ནའང་དཀྱོག་དཀྱོག་ཆགས་རྒྱུའི་ཉེན་ཁ་དང་། གང་འཚམ་ཞིག་ནས་ལམ་ཁ་རྦད་དེ་བརླག་འགྲོ་རྒྱུ་ཉག་གཅིག་རེད། ང་ཚོས་ད་ལྟ་བར་དུ་མི་གཅིག་ལ་རེ་བ་བརྒྱབས་པ་རེད། མི་གཅིག་དེ་ཡལ་སོང་ན་ང་ཚོས་ག་རེ་བྱེད་གི་ཡིན། མི་རིགས་ཀྱི་ངོས་ནས་ག་རེ་བྱེད་གི་ཡིན། ཆོས་ཀྱི་ཐོག་ནས་ག་རེ་བྱེད་གི་ཡིན། རིག་གཞུང་གི་ཐོག་ནས་ག་རེ་བྱེད་གི་ཡིན། སོ་སོའི་ལུང་བ་མི་ལ་ཤོར་བའི་རྗེས་ལ་མིས་ག་རེ་བྱེད་གི་འདུག འདི་ལ་ཐབས་གསར་པ་ཞིག་མ་བཙལ་ན་ང་ཚོའི་མི་རིགས་འདི་གང་འཚམ་ཞིག་ནས་ཡལ་འགྲོ་རྒྱུའི་ཉེན་ཁ་གསལ་བོ་རེད། ཅེས་གསུངས།

བོད་རིག་པའི་ཞིབ་འཇུག་པ་ཆོས་ཉིད་དབང་མོ་ལགས་ཀྱིས་ད་ལྟའི་བོད་དོན་འཐབ་རྩོད་དང་དེ་ལ་མི་རབས་གསར་པ་རྣམས་ཀྱིས་འགན་འཁྱེར་ཕྱོགས་ཀྱི་ཐད་ནས་གཏམ་བཤད་གནང་། ཁོང་གིས་གསུངས་དོན། མི་ལོ་ ༥༠ རྗེས་འདིར་བོད་ཀྱི་མི་རབས་གསར་པ་རྣམས་ཀྱི་མདུན་དུ་ལྷག་པའི་གདོང་ལེན་གསར་པ་ནི་བརྒྱུད་ལམ་རྒྱ་ཆེ་རུ་གཏོང་རྒྱུ་དེ་རེད། མི་རབས་གསར་པ་རྣམས་ལ་མཚོན་ན་བརྒྱུད་ལམ་ནི་རང་གི་མཚོན་ཆ་རེད། ལྷག་པར་དུ་དྲ་རྒྱའི་སྟེང་གི་གསར་འགྱུར་བརྒྱུད་ལམ་ནི་དེང་སྐབས་གལ་ཆེ་བའི་ལག་ཆ་དེ་རེད། ཡིན་ཡང་། བོད་མི་ཚོར་མཚོན་ན་འདིའི་ཐད་ནས་འདང་གི་མེད། དེང་སྐབས་འཛམ་གླིང་སྟེང་བྱང་ཀོ་རི་ཡ་མ་གཏོགས། དམྱལ་ཁམས་ལྟ་བུ་དང་ཆེས་ཛ་དྲག་གི་གནས་སྟངས་འོག་ལྷུང་བའི་ལུང་པ་མཐའ་མ་ནི་བོད་རེད། འོན་ཀྱང་བོད་ཀྱི་གནས་སྟངས་འདི་ཕྱི་ཕྱོགས་ནས་ད་དུང་ཁ་གསལ་དོན་གསལ་ཞིག་ཤེས་ཀྱིན་མེད་ལ། ཐ་ན་འགྲོ་བ་མིའི་ཐོབ་ཐང་གི་ཐད་ནུས་པ་ཆེ་ཤོས་ཀྱི་ཚོགས་སྡེ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ལྟ་བུ་ཡིན་ནའང་བོད་དོན་གྱི་ཐད་ནས་ཕྱག་ལས་གནང་བ་འདང་གི་མེད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ལྟ་བུ་ཡིན་ན་ཁོང་ཚོར་དང་བླངས་ཀྱིས་ཕྱག་ལས་གནང་མཁན་མི་གྲངས་ས་ཡ་ ༢ དང་འབུམ་གཉིས་ལྷག་ཡོད་ནའང་བོད་དོན་ཐོག་དམིགས་བསལ་གྱིས་ཤེས་རྟོགས་ཡོད་མཁན་དཀོན་པོ་རེད། དེར་བརྟེན་བོད་མི་རྣམས་ཀྱིས་དྲ་རྒྱའི་བརྒྱུད་ལམ་ནས་གནས་ཚུལ་གསལ་བོར་འགོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་ཀྱི་ཚོགས་སྡེ་ཁག་ལ་སྐབས་ཐོག་ཏུ་འབྲེལ་བ་བྱེད་པ་དང་གསལ་བཤད་བྱེད་རྒྱུ་བཅས་ནི་གལ་ཆེ་ཞིང་ང་ཚོས་ངེས་པར་དུ་གདོང་ལེན་བྱེད་དགོས་པའི་གནད་དོན་ཆགས་འདུག་ཅེས་གསུངས།

བགྲོ་གླེང་བ་རྣམས་ཀྱིས་དུས་ཡུན་སྐར་མ་ ༢༠ རེའི་རིང་གཏམ་བཤད་གནང་བ་དང་མཇུག་མཐར་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་བ་བཅས་ཁྱོན་དུས་ཚོད་གསུམ་གྱི་རིང་བགྲོ་གླེང་གནང་ཡོད། ཐེངས་འདིར་བགྲོ་གླེང་གི་ཚོགས་ཁང་རིན་མེད་དུ་གཡར་མཁན་ནི་པཱ་རི་སིར་ཡོད་པའི་རིག་པ་ཆོས་ཚོགས་ཡིན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

5 thoughts on “བཙན་བྱོལ་གྱི་མི་ལོ་ ༥༠ དང་། གདོང་ལེན་གསར་པ།

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས།

    ལྷན་རྒྱས་ཀྱིས་ངེད་ལ་གསལ་བཤད་གནང་དགོས་བ་ཅི་ཡང་མཐོང་མ་སོང་།
    རྒྱུ་མཚན་གང་ལགས་ཞེ་ན། ཁོ་ཚེ་ཚུལ་ཁྲིམས་དང་འབྲེལ་བའི་གནས་ཚུལ་ཁ་ཚང་དེ་བཙན་བྱོལ་ཞེས་བའི་ས་མིག་དེའི་ཁོངས་ཀྱི་འགོ་སྟོད་དེར་བཞག་འདུག
    དེའི་འོག་མ་ནི་བཙན་བྱོལ་གྱི་མི་ལོ་༥༠དང་། གདོང་ལེན་གསར་པ་ཞེས་བའི་གནས་ཚུལ་འདི་རེད་འདུག ངེད་རང་ཅུང་ཙམ་བློ་ཕམ་པ་ནི་གསར་འགྱུར་གྱི་འཇོག་སྟངས་ཀྱི་གོ་རིམ་འགོད་ནོར་ཐེབས་བཞིན་པའི་གནས་སྟངས་དེ་ཡིན་ལགས། དེ་ཙམ་ཞུ།