སྤྱི་ཟླ་ ༤ ཚེས་མགོ་ནས་བོད་ཕྱི་ནང་གཉིས་ཀྱི་གསར་ལམ་ཁག་ཏུ་གླེང་སློང་ཤུགས་ཆེ་ཤོས་ནི། དངོས་མིང་ལ་ཁོ་ཚེ་ཚུལ་ཁྲིམས་དང་སྒྲ་མིང་ལ་འཇམ་དཔལ་དགྱེས་པའི་བློ་གྲོས། སྨྱུག་མིང་ལ་འཛམ་གླིང་ཞི་བདེའི་རིག་གནས་ཕོ་ཉ་ཞེས་པ་ཁོང་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལར་འབྱོར་བའི་སྐོར་རེད། གནས་ཚུལ་དེ་ཐོག་མར་གསར་ལམ་ཁག་གི་གསར་འགྱུར་དངོས་མིན་པར། ཟླ་ ༤ ཚེས་ ༩ ཉིན་རྩོམ་པ་པོ་ལྷ་ཆབ་སྦྱིན་པ་ལགས་ཀྱིས་བོད་ཀྱི་དུས་བབ་དྲ་རྒྱའི་ཟིན་བྲིས་སུ། གངས་ཅན་བླ་མའི་ཨབ་ཕྲུག་ཁོ་ཚེ་ཚུལ་ཁྲིམས་ངྷ་སར་སླེབས་པ། ཞེས་པའི་ཟིན་ཐོ་ཞིག་བཀོད་པ་དང་དེའི་ངོ་བཤུས་ཁ་བརྡ་དྲ་བ་དང་བོད་ནང་གི་ཧི་གཟུགས་དྲ་བ་སོགས་ལ་འདྲེན་བཀོད་བྱས་པ་སོགས་རིམ་གྱིས་ཁྱབ་གདལ་དུ་སོང་བ་ཞིག་ཡིན་ཞིང་། ད་ཆར་གོང་གི་ཟིན་ཐོ་དེར་དཔྱད་གཏམ་གྲངས་ ༣༣ དང་། ཁ་བརྡ་དྲ་བའི་སྟེང་དཔྱད་གཏམ་ ༡༣༤ ། ཧི་གཟུགས་དྲ་བའི་སྟེང་དཔྱད་གཏམ་ ༡༣ བཅས་བཀོད་འདུག་ལ། དྲ་བ་དེ་དག་གི་ཀློག་གྲངས་ཆེས་མང་བའི་གོ་གནས་ཟིན་ཡོད།
དོན་དངོས་ཐོག་ཁོ་ཚེ་ཚུལ་ཁྲིམས་ངྷ་སར་འབྱོར་བའི་ཚེས་གྲངས་དང། ༧གོང་ས་མཆོག་ལ་མཇལ་ཁར་བཅར་རྒྱུའི་དམིགས་ཡུལ་ངོ་མ་གང་ཡིན་ཤེས་དཀའ་ཡང། ཟླ་ ༤ ཕྱི་ཚེས་ ༤ ཉིན་གྱི་ཞོགས་པ་ནས་གཙུག་ལག་ཁང་གཡས་གཡོན་ནས་ཁོ་ངོ་ཤེས་མཁན་འགའ་རེ་ཡིས་མཐོང་འདུག་ལ། སྐབས་དེར་ཁོས་སོག་ལྭ་ཞིག་གྱོན་ཞིང། རོགས་པ་ནང་སོག་གི་བུད་མེད་ཅིག་དང༌། ཕྱི་སོག་གི་སྐྱེས་པ་ཞིག་བཅས་ཡོད་འདུག ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ཀྱིས་སོག་པོའི་མཁན་པོ་ཞིག་གི་མིང་ཐོག་ནས་༧གོང་ས་མཆོག་དང་ཁལ་ཁ་རྗེ་བཙུན་དམ་པ་རྣམ་གཉིས་ལ་མཇལ་ཁར་བཅར་ཡོད་ཀྱང། སྐུ་སྒེར་ཡིག་ཚང་ནས་ཁོའི་ཕྱིར་སྐྱོད་ལག་ཁྱེར་རྒྱ་ནག་ནས་ཡིན་པ་ཤེས་ཏེ་མཇལ་ཁར་བཏང་མེད་སྟབས། ཨ་ལགས་འཇིགས་མེད་མཆོག་ལ་འབྲེལ་བ་བྱས་འདུག ཨ་ལགས་འཇིགས་མེད་མཆོག་གིས་ཁ་པར་བརྒྱུད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་དང་ཤེས་རིག་ཟུང་དྲུང་བཀྲ་ཤིས་དོན་འགྲུབ་གཉིས་ལ། མི་དེར་བརྩད་གཅོད་ཞིབ་འཇུག་བྱ་དགོས་པའི་བཀའ་མངགས་གནང་བ་ལྟར། སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་དང་བཀྲ་ཤིས་དོན་འགྲུབ་གཉིས་ཕྱི་ཚེས་ ༥ ཉིན་སོག་པོའི་མཁན་པོར་རྫུས་པའི་ཁོ་ཚེ་ཚུལ་ཁྲིམས་ལ་ཐུག་འཕྲད་བྱས་ཏེ། གནས་ཚུལ་རྒྱུས་ལོན་བྱས་པའི་གྲུབ་དོན་བོད་གཞུང་བདེ་སྲུང་དང་སྐུ་སྒེར་ཡིག་ཚང་ལ་སྙན་སྒྲོན་ཞུས་འདུག་ལ། ཁོ་ཚེ་ཚུལ་ཁྲིམས་ཀྱིས་ཁས་ལེན་དམ་བཅའ་བྱས་དོན་ལྟར་དོན་ཚན་ ༤ ཡི་སྙན་ཞུ་ཞིག་བྲིས་ཏེ། ཕྱི་ཚེས་ ༧ བར་མཇལ་ཁ་རག་མིན་ལ་བསྒུག་རྒྱུ་བྱས་ཡོད་ཀྱང། ཉིན་དེའི་དགོང་མོ་ཕྱིར་ལྡི་ལིར་ལོག་སྟེ་ཕྱི་ཚེས་ ༦ ཉིན་ཨ་ལགས་འཇིགས་མེད་མཆོག་ལ་དངོས་སུ་ཐུག་འཕྲད་ཀྱིས་ཁོ་རང་གི་འདས་པའི་ལོ་རྒྱུས་དང༌། ཐེངས་འདིར་༧གོང་ས་མཆོག་ལ་མཇལ་ཁར་བཅར་དགོས་པའི་རྒྱུ་མཚན་སྙན་སྒྲོན་ཞུས་འདུག་ལ། དེའི་རྗེས་རྡོ་རྗེ་གདན་སོགས་སུ་ཕྱིན་ཅིང། ཚེས་ ༡༠ ཉིན་ལྡི་ལི་ནས་ཕྱིར་སོག་ཡུལ་དུ་ལོག་ཡོད་འདུག
ཁོ་ཚེ་ཚུལ་ཁྲིམས་སྔོན་རྒྱ་གཞུང་དང་གངས་ཅན་བླ་མ། དོལ་རྒྱལ་སོགས་ལ་འབྲེལ་བ་ཡོད་པའི་སྐད་ཆ་མང་དག་ཅིག་ཡོད་སྟབས། ཐེངས་འདིར་༧གོང་ས་མཆོག་གི་མཇལ་ཁ་རག་མེད་པ་མ་ཟད། ཁོ་དང་འབྲེལ་བ་བྱུང་ཡུལ་ཨ་ལགས་འཇིགས་མེད་མཆོག་དང་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང། ཤེས་རིག་ཟུང་དྲུང་བཀྲ་ཤིས་དོན་འགྲུབ་བཅས་ལའང་སྤྱི་ཚོགས་ནང་སྐྱོན་བརྗོད་དང་ཉེས་འཛུགས་འདྲ་མིན་ཞིག་ཡོང་གིན་ཡོད་པ་དང། གནས་ཚུལ་འདི་གསལ་བོ་བཟོ་དགོས་པའི་འབོད་སྐུལ་ཡང་བྱུང་ཡོད།
གནད་དོན་འདི་རིགས་བོད་གཞུང་བདེ་སྲུང་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཆགས་ཡོད་སྟབས། ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་འདི་གའི་གསར་འགོད་པ་བོད་གཞུང་བདེ་སྲུང་ལས་ཁུངས་སུ་བཅར་ཏེ། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ལ་གནད་དོན་དེའི་སྐོར་ལ་རྒྱུས་མངའ་ཅི་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། ཉེ་ཆར་ཁོ་ཚེ་ཚུལ་ཁྲིམས་འདིར་སླེབས་ཏེ། མཇལ་ཁ་ཞུ་རྒྱུར་འབད་བརྩོན་བྱས་པ་དེ་དངོས་ཡོད་གནས་ཚུལ་རེད། ཁོས་སྙན་སེང་ཞུ་སྐབས་ཁོ་ཚེ་ཚུལ་ཁྲིམས་ཡིན་ཞེས་ལབ་མི་འདུག སོག་པོའི་བླ་མ་ཞིག་གི་མིང་ཐོག་ནས་མཇལ་ཁ་ཞུས་འདུག ཉིན་དེར་༧གོང་ས་མཆོག་ལ་གཙུག་ལག་ཁང་དུ་མཛད་འཆར་ཡོད་སྟབས། ཕེབས་ལམ་ནས་མཇལ་ཁ་གཏོང་རྒྱུའི་གྲ་སྒྲིག་ཡོད་ཀྱང། སོག་པོའི་བླ་མ་དེ་ཁོ་ཚེ་ཚུལ་ཁྲིམས་ཡིན་མིན་གྱི་སྐད་ཆ་ཞིག་བྱུང་སྟབས། བདེ་སྲུང་དང་སྐུ་སྒེར་ཡིག་ཚང་ནས་ཞིབ་འཇུག་བྱས་མཐར། ཁོ་ཚེ་ཚུལ་ཁྲིམས་ཡིན་པ་ར་འཕྲོད་དེ་མཇལ་ཁར་བཏང་ཡོད་པ་མ་རེད། ཅེས་གསུངས་སོང། ཡང་ཁོང་ལ་ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ཀྱིས་ཁས་ལེན་དམ་བཅའ་བྱས་ཚུལ་འདུག་པ་བདེན་མིན་དྲིས་པར། དོ་བདག་གིས་དོལ་རྒྱལ་བསྟེན་གྱིན་མེད་ཟེར་གྱིན་འདུག འོན་ཀྱང། གངས་ཅན་བླ་མ་དང་སོག་པོའི་བླ་མ་བཅས་ལ་འབྲེལ་བ་ཡོད་པ་དེ་གསལ་བོ་རེད་ལ། དོ་བདག་གིས་ཀྱང་འབྲེལ་བ་བྱུང་ཞེས་བཤད་བྱུང། སྔར་འབྲེལ་བ་ཡོད་མོད། ཕྱིས་སུ་འབྲེལ་བ་བྱ་རྒྱུ་མིན། སྐུ་མདུན་ལ་མཇལ་ཁར་གཏོང་རོགས། དེ་འདྲ་ལབ་མ་སོང། གལ་སྲིད་དེ་འདྲའི་དགོངས་པ་ཡོད་ན། ཐོག་མ་ནས་གསལ་བོར་བཤད་དགོས་པ་རེད། དེ་ལྟར་བཤད་པ་ཡིན་ན་བསམ་བློ་གཏོང་ས་ཞིག་ཡོད་པ་རེད། དེ་འདྲ་མེད་སྟབས། མཇལ་ཁར་གཏོང་ཐུབ་ཡོད་པ་མ་རེད། ཅེས་གསུངས་བྱུང།
ཕྱི་ཚེས་ ༡༦ ཉིན་ཤེས་རིག་ཟུང་དྲུང་བཀྲ་ཤིས་དོན་འགྲུབ་ལགས་སུ། ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་དང་འབྲེལ་འདྲིས་བྱས་པའི་བརྒྱུད་རིམ་བཅར་འདྲི་ཞུས་པར་ཁོང་གིས། གནད་དོན་དེའི་སྐོར་ཆ་ཚང་བདེ་སྲུང་ལས་ཁུངས་སུ་སྙན་སྒྲོན་ཞུས་ཡོད། ང་རང་གཞུང་ཞབས་ཤིག་ཡིན་སྟབས། སྐད་ཆ་མང་པོ་བཤད་རྒྱུར་སྟབས་བདེ་བོ་མི་འདུག རྒྱལ་རོང་ཟླ་བ་ཚེ་རིང་ལགས་ལ་སྐད་ཆ་དྲིས་དང༌། ངེད་གཉིས་གཅིག་པ་རེད། ཁོས་མགོ་ནས་མཇུག་བར་བཤད་གི་རེད་ཅེས་བརྗོད་པ་ལྟར། ཉིན་དེའི་དགོང་མོ་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་སུ་ཐུག་འཕྲད་ཀྱིས་སྐད་ཆ་དྲིས་པར་ཁོང་གིས་བརྗོད་རྒྱུར། ཟླ་ ༤ ཚེས་ ༤ ཉིན་གྱི་དགོང་མོ་ཨ་ལགས་འཇིགས་མེད་རིན་པོ་ཆེ་ཡིས་ལྡི་ལི་ནས་བཀྲ་ཤིས་དོན་འགྲུབ་ལ་ཁ་པར་བཏང་སྟེ། སོག་པོའི་བླ་མ་ཡིན་ཟེར་མཁན་གྱི་ཨ་མདོ་བ་ཞིག་ངྷ་སར་སླེབས་ཡོད་ས་རེད། ཁོ་གངས་ཅན་བླ་མ་དང་འབྲེལ་བ་ཡོད་མཁན་ཞིག་རེད། དེ་ལ་བརྩད་གཅོད་ཞིབ་འཇུག་བྱ་དགོས། ཞེས་བཀའ་མངགས་བྱས་འདུག།ཕྱི་ཚེས་ ༥ ཉིན་ངེད་གཉིས་ཁོ་འཚོལ་དུ་ཕྱིན་སྐབས། གཙུག་ལག་ཁང་གི་སྒོ་ཁ་ནས་སོག་ལྭ་ཆེན་པོ་གྱོན་ཞིང་སོག་མོ་ཁྲིད་མཁན་ཞིག་ལ་ཐུག་སོང། ངེད་གཉིས་གམ་དུ་བཅར་ཏེ་སྐད་ཆ་འདྲི་སྐབས་ཅུང་ཚ་གེ་ཚིག་གེ་ཞིག་ཆགས་བཞིན་ཁོ་ཚེ་ཚུལ་ཁྲིམས་ཡིན་ཟེར། ང་ཚོས་བཀའ་མོལ་སྐབས། སོག་པོའི་གུ་རུ་དེ་ཝ་ངོ་ཤེས་པ། དེབ་ཅིག་གི་ཆེད་དུ་གངས་ཅན་བླ་མར་འབྲེལ་བ་བྱུང་ཡང་ ༢༠༠༦ ལོའི་རྗེས་སུ་འབྲེལ་བ་མེད་ཚུལ། ཐེངས་འདིར་ཁལ་ཁ་རྗེ་བཙུན་དམ་པ་དང་༧རྒྱལ་བ་རིན་པོ་ཆེ་གཉིས་ལ་མཇལ་དུ་ཡོང་བ་དང༌། ༧རྒྱལ་བ་རིན་པོ་ཆེའི་མདུན་ནས་གཙང་མ་བཟོ་རྒྱུ་ཞིག་ཡོད་ཚུལ་སོགས་བཤད་བྱུང༌། དེ་དག་སྐུ་སྒེར་ཡིག་ཚང་གི་ལས་བྱེད་སྐུ་ངོ་བྲེ་སང་ལགས་སུ་ཞུས་པ་ཡིན། སྐབས་དེར་བདེ་སྲུང་གི་ལས་བྱེད་ཅིག་ཡོང་སྟེ་ཁོང་ལ། ཁྱོད་རང་སྐུ་མདུན་ལ་མཇལ་དགོས་པའི་དམིགས་ཡུལ་ཡིག་ཐོག་ནས་ཁྱེར་ཤོག་ཟེར་སྟབས། བཀྲ་ཤིས་དོན་འགྲུབ་ཀྱི་རོགས་རམ་འོག ཤོག་ངོས་གསུམ་ཅན་གྱི་སྙན་ཞུ་ཞིག་བྲིས་ཏེ་བདེ་སྲུང་དང་སྐུ་སྒེར་ཡིག་ཚང་ལ་སྤྲད་སོང་ལ། ༧གོང་ས་མཆོག་གི་མཇལ་ཁར་ཕྱི་ཚེས་ ༧ བར་བསྒུག་གི་ཡིན་ཟེར། ལས་ཀ་ཡོངས་སུ་གྲུབ་རྗེས་ང་ཚོ་མཉམ་དུ་བོད་ཀྱི་གསོལ་མགྲོན་ཁང་དུ་དགོང་ཟས་ཟ་རུ་ཕྱིན་པ་ཡིན། ང་རང་གི་མཐོང་སྣང་ལ་མི་དེའི་ཤེས་ཡོན་གྱི་གནས་ཚད་ཧ་ཅང་མཐོ་བོ་དང༌། ཐེངས་འདིར་ཁ་ཞེ་གཉིས་མེད་ཀྱིས་མགོ་འདོགས་ཞུ་རུ་ཡོང་བ་མིན་ནམ་སྙམ་པ་ཞིག་བྱུང་སོང། དགོང་མོའི་ཆུ་ཚོད་ ༨ ཡས་མས་སུ་ང་ཚོ་ཁ་གྱེས་མ་ཐག་གནས་ཚུལ་ཆ་ཚང་བདེ་སྲུང་བཀའ་བློན་མཆོག་ལ་སྙན་གསེང་ཞུས་པ་ཡིན། ཞེས་གསུངས་སོང་།
ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ངྷ་སར་འབྱོར་མ་ཐག་ཁལ་ཁ་རྗེ་བཙུན་དམ་པར་མཇལ་ཁ་ཞུས་ཡོད་སྟབས། ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཁལ་ཁ་རྗེ་བཙུན་དམ་པའི་བླ་བྲང་དུ་བཅར་ཏེ། སྲས་ཆོས་འཕེལ་ཡོན་ཏན་ལགས་སུ། ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ཀྱིས་ཁལ་ཁ་རྗེ་བཙུན་དམ་པར་འབྲེལ་བ་བྱེད་སྟངས་གང་འདྲ་ཡིན་སྐོར་དྲིས་པར་ཁོང་གིས། སོག་ཡུལ་གྱི་ཚོང་པ་ཆེན་པོ་པཱ་ཐའོ་ཟེར་བ་ཞིག་གིས་ལྡི་ལི་སོག་པོའི་གཞུང་ཚབ་ལ་ཁ་པར་བཏང་སྟེ། སོག་པོའི་མཁན་པོ་ཞིག་ངྷ་རམ་ས་ལར་བསྐྱོད་འཆར་ཡོད་པ་དེར་རོགས་པ་བྱ་དགོས་ཚུལ་ལབ་འདུག་ལ། ལྡི་ལི་སོག་པོའི་གཞུང་ཚབ་ནས་ང་ཚོའི་འདི་གར་སོག་པོ་བོད་སྐད་ཤེས་མཁན་ཞིག་ཡོད་དེར་འབྲེལ་བ་བྱས་ཏེ་མཁན་པོ་དེ་ལ་རོགས་རམ་བྱ་དགོས་པའི་མངགས་བཀོལ་བྱས་འདུག དེ་བཞིན། གཞུང་ཚབ་ཀྱིས་རླངས་འཁོར་ཞིག་ཏུ་བསྐྱལ་ཏེ་ཞོགས་པ་ཞིག་ལ་འདི་གར་སླེབས་འདུག ཉིན་གུང་རྗེས་རིན་པོ་ཆེ་ལ་མནྟལ་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ་ཡིན་ཟེར། ངས་ཁོང་ཚོར་རིན་པོ་ཆེ་སྐུ་གཟུགས་བདེ་བོ་མེད་སྟབས། མནྟལ་རྟེན་གསུམ་འདེགས་འབུལ་ཡོང་གི་མ་རེད། ཅེས་ལབ་པ་ཡིན། སོག་པོའི་མནབས་བཟའ་སོགས་ཅ་དངོས་ཁ་ཤས་ཕུལ་སྐབས། རིན་པོ་ཆེ་ཡིས་ཤུགས་ལྡན་བསྟེན་མཁན་ཡིན་མིན་སྐད་ཆ་དྲིས་སྐབས། མཁན་པོ་དེས་ཤུགས་ལྡན་ལ་འབྲེལ་བ་རྩ་བ་ནས་མེད་ཟེར། དེ་ནས་ཁོང་གིས་ཁལ་ཁ་རྗེ་བཙུན་དམ་པའི་རྒྱབ་གཉེར་ཞིག་གནང་རོགས་ཟེར་ལ། རོགས་པ་ནང་སོག་གི་བུད་མེད་ཅིག་འདུག དེ་ཁོ་རང་གི་སྐྱེས་དམན་ཡིན་པ་འདྲ། མོས་ཀྱང་མཁན་པོ་འདིས་སོག་པོར་ཆོས་ཕྱོགས་ཀྱི་མཛད་པ་མང་པོ་སྐྱོང་གིན་ཡོད་རབས་བཤད་དེ། རྒྱབ་གཉེར་དེ་རག་ཐབས་ལ་འབད་བརྩོན་ཆེན་པོ་བྱས་སོང་། འོན་ཀྱང། ང་ཚོ་སྔར་ཕན་ཚུན་རྒྱུས་མངའ་མེད་སྟབས། ཐེངས་འདིར་རྒྱབ་གཉེར་དེ་སྤྲད་ཡོད་པ་མ་རེད། དེའི་རྗེས་ནས་ང་ཚོ་ཐུག་རྒྱུའང་མ་བྱུང། ཞེས་བརྗོད་བྱུང།
ཉིན་དེའི་ཉིན་རྒྱབ་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་ལ། ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ཐོག་མར་སྐུ་ཉིད་དང་འབྲེལ་བ་བྱུང་ཡོད་སྟབས། དེའི་སྐོར་ལ་གསལ་བཤད་ཅིག་གནང་རོགས་ཞེས་ཞུས་པར་ཁོང་གིས་གསུངས་དོན། ཉེ་ཆར་ང་ལྡི་ལིར་ཡོད་སྐབས་ནང་ནས་ཁ་པར་ཞིག་འབྱོར་ཏེ། སོག་པོའི་མཁན་པོ་ཡིན་ཟེར་མཁན་ཞིག་གིས་ཁྱོད་ལ་མཇལ་དགོས་ཟེར་གྱིན་འདུག་ཟེར། དེ་ནས་ངས་ཁོ་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་སྐབས། ང་རང་སོག་པོའི་མཁན་པོ་ཞིག་ཡིན། ཁྱེད་སྔོན་མཇལ་མྱོང་མེད་མོད་གོ་མྱོང་ཡོད། ཐེངས་འདིར་༧གོང་ས་མཆོག་དང་ཁལ་ཁ་རྗེ་བཙུན་དམ་པར་མཇལ་དུ་ཡོང་བ་ཡིན་མོད། ༧གོང་ས་མཆོག་ལ་མཇལ་ཁ་ཡོང་ཁག་པོ་ཆགས་འདུག ང་ལ་ཞུ་རྒྱུ་གལ་ཆེན་ཞིག་ཡོད། ང་དང་མཉམ་དུ་སོག་པོའི་གཞོན་ནུ་ཚོགས་པའི་གཙོ་འཛིན་ཡང་ཡོད། ཐེངས་འདིར་ངེད་གཉིས་ལ་རོགས་རམ་ཞིག་གནང་རོགས། ཞེས་བརྗོད་སོང། དེ་ནས་སྐུ་སྒེར་ཡིག་ཚང་ལ་ཁ་པར་བཏང་སྐབས། སོག་པོ་ཡིན་ཟེར་མཁན་ཞིག་སླེབས་སོང་མོད། ཕྱིར་སྐྱོད་ལག་ཁྱེར་རྒྱ་ནག་གི་རེད། གོ་ཐོས་ལྟར་ན་ཁོ་ཚེ་ཚུལ་ཁྲིམས་ཡིན་ཚུལ་འདུག་ཟེར་སྟབས། ངས་ཡང་བསྐྱར་ཁ་པར་བཏང་སྟེ་སྐད་ཆ་ཞིབ་འདྲི་བྱས་སྐབས། ཁོ་ཚེ་ཚུལ་ཁྲིམས་ཡིན་པ་དྲང་བཤད་བྱས་སོང། སྐབས་དེར་ངས་ཁོ་ལ། གོང་དུ་ཁྱེད་ཀྱིས་སོག་པོ་ཡིན་ཟེར་དོན་ཅིན་ཡིན་ཞེས་དྲིས་པར་ཁོས་ང་ལ། ཁྱེད་ཀྱིས་མཁྱེན་གསལ་ལྟར་རེད། སྤྱིར་ཁོ་ཚེ་དང་མདའ་ཚན་དེ་སོག་པོ་ཡིན་པའི་སྐད་ཆ་ཞིག་ལོ་རྒྱུས་དག་ཏུ་ཡོད་པ་རེད། ཅེས་བརྗོད་བྱུང། དེ་ནས་ངས་ཁོ་ལ་ཁོ་ཚེ་ཚུལ་ཁྲིམས་ཟེར་བ་དེ་གངས་ཅན་བླ་མ་དང་དོལ་རྒྱལ་སོགས་ལ་འབྲེལ་བ་ཡོད་རབས་བཤད་རྒྱུ་འདུག་པ་བདེན་པ་ཡིན་མིན་དྲིས་པར། སོག་པོའི་གུ་རུ་ཏེ་ཝ་ངོ་ཤེས་པ་ཙམ་ལས་འབྲེལ་བ་གང་ཡང་མེད། གངས་ཅན་བླ་མས་བདག་གིས་རྩོམ་སྒྲིག་བྱས་པའི་གངས་ལྗོངས་རིག་བཅུའི་ཉིང་བཅུད་ཆེན་པོར་དང་བླངས་ཐོག་དཔར་སྐྲུན་སྦྱིན་བདག་བྱས་པ་རེད། དེའི་རྗེས་འབྲེལ་བ་གང་ཡང་མེད། དོལ་རྒྱལ་ལ་འབྲེལ་བ་རྩ་བ་ཉིད་ནས་མེད། སྤྱིར་མདོ་སྨད་དུ་དོལ་རྒྱལ་བསྟེན་མཁན་དཀོན་ལ། ལྷག་པར་དུ་བླ་བྲང་དང་རེབ་གོང་ཕྱོགས་སུ་དྲི་མ་ཙམ་ཡང་ཡོད་པ་མ་རེད། དེའི་ཕྱོགས་ནས་ང་རང་གཙང་མ་ཡིན། ཐེངས་འདིར་༧རྒྱལ་བ་རིན་པོ་ཆེའི་མདུན་ནས་དེ་དག་གསལ་བོ་བཟོ་དགོས་བསམ་ཡོད། ཅེས་བརྗོད་སྟབས། ང་རང་གི་བསམ་པར་ཁོ་ཚེ་ཚུལ་ཁྲིམས་སྒོ་ཁར་སླེབས་པ་ཡིན་ན། ཁོ་མདོ་སྨད་ཀྱི་མི་ཞིག་རེད། གདོང་དང་གདོང་ཐུག་སྟེ། ཞིབ་འཇུག་གསལ་བོ་ཞིག་བྱས་ན་ཡག་པོ་ཡོང་གི་རེད་སྙམ་སྟེ། བཀྲ་ཤིས་དོན་འགྲུབ་དང་རྒྱལ་རོང་ཟླ་བ་ཚེ་རིང་སོགས་ལ་འབྲེལ་བ་ཞུས་ཏེ་བརྩད་གཅོད་ཞིབ་འཇུག་བྱེད་དུ་མངགས་པ་ཡིན། འོན་ཀྱང། ཕྱི་ཚེས་ ༦ ཉིན་ལྡི་ལི་ནས་ང་ལ་དངོས་སུ་ཐུག་ཏུ་སླེབས་སོང། གངས་ལྗོངས་རིག་བཅུའི་ཉིང་བཅུད་ཆེན་པོའི་དཀར་ཆག་དང་པོད་དང་པོ་བཅས་ང་ལ་སྤྲད་དེ། ༧གོང་ས་མཆོག་ལ་འབུལ་རོགས་ཟེར། དེ་དང་མཉམ་དུ་ཐེངས་འདིར་སྐུ་སྒེར་ཡིག་ཚང་དུ་ཕུལ་བའི་སྙན་ཞུའི་ངོ་བཤུས་ཤིག་ཀྱང་སྤྲད་སོང། ངས་ཁོང་ལ། བླུན་པོ་འཕྱུག་ན་མཐོ་གང་དང༌། མཁས་པ་འཕྱུག་ན་འདོམ་གང༌། ཞེས་པའི་དཔེ་ལྟར་ལམ་ཁ་ནོར་ཉན་གི་མ་རེད། ཅེས་གང་ཐུབ་ཀྱིས་སློབ་གསོ་བརྒྱབས་པའི་ཁུལ་ཡིན། དེའི་རྗེས་རྡོ་རྗེ་གདན་ལ་འགྲོ་དགོས་པ་དང། ཕྱི་ཚེས་ ༡༠ ཉིན་ཕྱིར་སོག་པོར་ལོག་དགོས་ཟེར་གྱིན་འདུག ཅེས་གསུངས་སོང།
ཁོ་ཚེ་ཚུལ་ཁྲིམས་སྔར་རྒྱ་གཞུང་དང་གངས་ཅན་བླ་མར་འབྲེལ་བ་ཡོད་ཀྱང། ཐེངས་འདིར་ བཞུགས་སྒར་ངྷ་རམ་ས་ལར་བཅར་ཞིང། སྐུ་སྒེར་ཡིག་ཚང་ལ་སྙན་ཞུ་ཞིག་ཕུལ་ཡོད་རབས་འདུག་སྟབས། ཕྱི་ཚེས་ ༡༨ ཉིན་ཁ་པར་བརྒྱུད་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་སུ། ཁོ་ཚེ་ཚུལ་ཁྲིམས་ཀྱིས་ཕུལ་བའི་ཞུ་ཡིག་དེའི་ཐད། དགོངས་ཚུལ་གང་འདྲ་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས་བརྗོད་དོན། ཞུ་ཡིག་དེ་འདྲ་ཕུལ་ཡོད་པ་ངས་ཧ་གོ་མ་སོང། དམིགས་བསལ་ཞུ་རྒྱུ་དེ་འདྲ་ཡོད་ན་སྐུ་སྒེར་ལས་བྱེད་ཚོར་བཤད་དགོས་པ་རེད། སོག་པོའི་མཁན་པོ་ཞིག་གི་མིང་ཐོག་ནས་མཇལ་ཁ་ཞུས་འདུག།སྤྱིར་བཏང་གི་མཇལ་ཁར་བཏང་ཡོད་ཀྱང༌། ཞུ་རྒྱུ་གལ་ཆེན་ཞིག་ཡོད་ལོགས་སུ་མཇལ་ཁ་གཏོང་རོགས། ཞེས་ལབ་འདུག མཚམས་དེ་འདྲ་ཞིག་ལ་ཁོ་གངས་ཅན་བླ་མ་དང་འབྲེལ་བ་ཡོད་མཁན་ཞིག་ཡིན་པ་ཤེས་ཏེ། མཇལ་ཁར་བཏང་ཡོད་པ་མ་རེད། ཅེས་བརྗོད་བྱུང། དེ་ནས་སྐུ་ངོ་བྲེ་སང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཞུ་ཡིག་དེ་འདྲ་ཞིག་བྲིས་ཡོད་པ་བདེན་པ་རེད། མི་དེ་ཡོང་ས་སོག་པོ་དང་ཕྱིར་སྐྱོད་ལག་ཁྱེར་རྒྱ་ནག་ནས་རེད། ཁོས་སྙན་ཞུ་དེའི་ནང། དོལ་རྒྱལ་ཚོགས་པ་དང་སྔར་ཡང་འབྲེལ་བ་མེད་ལ། ད་ལྟ་ཡང་འབྲེལ་བ་མེད། དེབ་ཅིག་དཔར་སྐྲུན་ཆེད་གངས་ཅན་བླ་མ་དང་འབྲེལ་བ་བྱུང་ཡང། ཕྱིས་སུ་འབྲེལ་བ་མེད། དེ་དག་༧གོང་ས་མཆོག་ལ་མཇལ་ཁ་རག་ན་ཞུ་འཆར་ཡོད་སྐོར་བྲིས་འདུག འོན་ཀྱང༌། བར་མཚམས་དེ་འདྲ་ཞིག་ལ་ཁོ་ཕྱིར་ལོག་འདུག ཅེས་གསུངས་སོང།
ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོ་ནི། མདོ་སྨད་ཀན་ལྷོ་ཁོ་ཚེ་ཞེས་པའི་འབྲོག་སྡེར་སྐྱེས་ཤིང། ༡༩༨༤ ལོར་ཁོ་ཚེ་ཞང་སློབ་ཆུང་ཐོན་རྗེས་བླ་བྲང་དགོན་པར་ཞུགས་ཡོད་འདུག ༡༩༩༡ ལོར་ཀན་སུའུ་ནང་བསྟན་སློབ་གྲྭ་ཐོན་རྗེས་བསྐྱར་དུ་སློབ་གྲྭ་དེ་གའི་དགེ་རྒན་གྱི་མིང་ཁུར་ཡོད་འདུག ༢༠༠༡ ནས་ ༢༠༠༣ བར་པེ་ཅན་སློབ་ཆེན་གྱི་ནང་བསྟན་མཚན་ཉིད་རིག་པའི་སྐོར་ལ་སློབ་སྦྱོང་བྱས་ཡོད་པ་དང༌། སྐབས་དེ་དག་ཏུ་གུང་ཐང་རིན་པོ་ཆེའི་དྲུང་ཡིག་དང་དབུས་སྨྲ་དཔེ་དེབ་ཀྱི་བློ་འདོན་རྩོམ་སྒྲིག་པ། གངས་ལྗོངས་རིག་བཅུའི་ཉིང་བཅུད་ཆེན་པོའི་གཙོ་འགན་རྩོམ་སྒྲིག་པ་བཅས་བྱས་མྱོང་ཞིང༌། ད་ཆར་སོག་ཡུལ་དུ་མཁན་པོ་ཞིག་གི་མིང་ཐོག་ནས་ལས་ཀ་བྱེད་ཀྱིན་ཡོད་འདུག