རྒྱ་རིགས་ཤེས་ལྡན་པ་ཞིག་གིས་གཞུང་ལ་འབོད་སྐུལ།

སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་ནག་གཞུང་ལ་རེ་བ་སྲབ་ཏུ་འགྲོ་བཞིན་ཡོད་ཀྱང། རྒྱ་རིགས་མང་ཚོགས་ལ་ཡིད་ཆེས་འགྱུར་བ་མེད་གསུང་གིན་ཡོད་པ་ལྟར། སྔར་ལོ་བོད་ནང་དོན་རྐྱེན་བྱུང་རྗེས་རྒྱ་རིགས་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་བོད་པར་གདུང་སེམས་མཉམ་སྐྱེད་དང༌། རྒྱ་གཞུང་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་དང་དཔྱད་གཏམ་གཅིག་རྗེས་གཉིས་མཐུད་དུ་སྤེལ་གྱིན་ཡོད།

 

ཕྱི་ཚེས་ ༢༣ ཉིན་ཧོང་ཀོང་གི་འོད་ཟེར་ཞེས་པའི་ཚགས་པར་སྟེང་དུ། པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང༌། རྒྱ་ནག་ས་གནས་སྲིད་གཞུང་གི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཕིན་ཀྲིན་ཧེའེ་ཡིས་༧གོང་ས་མཆོག་དང་བོད་རྒྱའི་གནད་དོན་ཐད། རྒྱ་གཞུང་ལ་འབོད་སྐུལ་ཞུས་ཡོད་འདུག གནས་ཚུལ་དེའི་ནང་ཕིན་ཀྲིན་ཧེའེ་ཡིས་བརྗོད་དོན། ང་ཚོས་བོད་ཀྱི་གནད་དོན་འདི་འོས་འཚམ་གྱི་ཐག་གཅོད་བྱ་ཐུབ་པ་ཡིན་ན། དེ་ནི་འགྲོ་བ་མིའི་རིགས་ཀྱི་མཐུན་སྦྱོར་གྱི་ཐད་ལ་རྡོ་རིང་ཆེན་པོ་ཞིག་བསྐྲུན་པ་དང་གཉིས་སུ་མེད་ལ། ང་ཚོས་ཏཱ་ལའི་བླ་མ་དང་འབྲེལ་མོལ་བྱས་ཏེ། ཁོང་ཉིད་ཀྱི་ལྷག་བསམ་རྩེར་སོན་པའི་རླབས་ཆེན་གྱི་མཛད་འཕྲིན་དང་དེང་གི་རྒྱལ་སྤྱིའི་ཁ་བྲལ་དྲག་སྤྱོད་པའི་བྱེད་སྤྱོད་དབྱེ་འབྱེད་གསལ་བོ་བྱ་དགོས། ཏཱ་ལའི་བླ་མས་ཀྱང་བོད་རང་བཙན་དང༌། ཆེས་མཐོའི་རང་སྲིད་རང་སྐྱོང་དེར་རྒྱ་ནག་གཞུང་ཕྱོགས་ནས་ངོས་ལེན་མེད་པ་གསལ་བོར་རྟོགས་ཡོད་ངེས་རེད།

 

ང་ཚོས་འཚེ་བ་མེད་པའི་བྱེད་ཐབས་དང་བསམ་བློ་གསར་བའི་ཐོག་ནས་ཐག་གཅོད་བྱ་དགོས་པ་ལས། ཏཱ་བླའི་བླ་མ་དང་ཁ་བྲལ་དྲག་སྤྱོད་པ་གཞི་གཅིག་ཏུ་བཞག་པ་ཡིན་ན་རྒྱ་ནག་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མི་མཐུན་པ་ཞིག་ཆགས་ཀྱིན་ཡོད། ཕན་ཚུན་འཆམ་མཐུན་གྱིས་བོད་རྒྱའི་དཀའ་རྙོག་སེལ་དགོས། ཏཱ་ལའི་བླ་མ་ནི་བོད་མིའི་སེམས་ཁོང་གི་རེ་བ་ཉག་གཅིག་ཡིན་སྟབས། ཏཱ་ལའི་བླ་མ་དང་ཁ་ཁར་ཕྱིན་པ་ཡིན་ན་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་ནི་ཡོང་མི་སྲིད་པ་ཞིག་རེད། ང་ཚོས་ཏཱ་ལའི་བླ་མར་ཡང་དག་པའི་བརྡ་ལན་ཞིག་གི་འོག་ནས། བོད་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་དང༌། རྒྱལ་ཁབ་ཀྱི་བདག་དབང་ཕན་ཚུན་རྩིས་སྤྲོད་རྩིས་ལེན་གྱི་ཐོབ་དབང་མེད་པ་བཅས་ཀྱི་བརྡ་ལན་ཞིག་སྤྲད་པ་ཡིན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་ཏཱ་ལའི་བླ་མ་དང་གྲོས་མོལ་བྱ་ཐུབ་རྒྱུ་རེད།

 

དེ་ལྟར་བྱས་ན་ཏཱ་ལའི་བླ་མས་ཀྱང་ཁོང་སྐུ་འཚོ་བཞུགས་ཀྱི་དུས་ཚོད་འདི་བེད་སྤྱད་དེ། བོད་མི་རིགས་ཀྱི་བདེ་སྐྱིད་ལ་ཁེ་ཕན་ཡོད་པའི་བྱ་བ་ཞིག་བསྒྲུབ་ངེས་རེད། རྒྱ་གཞུང་གིས་ངེས་པར་ཏུ་ཏཱ་ལའི་བླ་མ་དང་འབྲེལ་མོལ་བརྒྱུད་བོད་ཀྱི་གནད་དོན་འདི་འཚེ་བ་མེད་པའི་ལམ་ནས་སེལ་ཐབས་བྱ་དགོས་པ་མ་ཟད། བོད་མི་རིགས་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བརྩི་བཀུར་བྱེད་པའི་ཐོག་ནས་ཕན་ཚུན་འབྲེལ་མོལ་དང་གྲོས་བསྡུར། ཞི་འགྲིག་གི་རྣམ་འགྱུར་བཟུང་བ་ཡིན་ན། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་རེ་བ་ཞིག་མཐོང་གི་རེད་ལ། རྒྱ་ནག་གིས་ཀྱང་བྱ་ཐབས་འདི་བརྒྱུད་དེ་རྒྱལ་སྤྱིར་སྣེ་ཁྲིད་ཀྱི་ནུས་པ་འཕེལ་རྒྱས་སུ་གཏོང་ཐུབ་པ་རེད། ཅེས་བརྗོད་ཡོད་པ་རེད།

 

ཕིན་ཀྲིན་ཧེའེ་ནི་སྤྱི་ལོ་ ༡༩༦༣ ལོང་ཅང་སུའུ་ལེན་ཡོན་ནས་སྐྱེས་ཤིང། ད་ལྟ་པེ་ཅིན་སློབ་ཆེན་ཆབ་སྲིད་འཕེལ་རྒྱས་དང་སྲིད་གཞུང་ལྟ་རྟོག་ཚན་པའི་ཞིབ་འཇུག་པ་དང་ཀྲུང་གོ་ས་གནས་སྲིད་གཞུང་གི་ཞིབ་འཇུག་པ་ཆེན་མོའི་འགན་འཁུར་ཡོད་པ་མ་ཟད། རྒྱ་ནག་ནང་མིང་གྲགས་ཡོད་པའི་མཁས་པ་དང་སྲིད་དོན་དབྱེ་ཞིབ་པ་བཅས་ཡིན་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

11 thoughts on “རྒྱ་རིགས་ཤེས་ལྡན་པ་ཞིག་གིས་གཞུང་ལ་འབོད་སྐུལ།

  1. དོན་འགྲུབ་བཀྲ་ཤིས།

    རྒྱ་མི་འདིས་༧གོང་ས་ཏཱ་ལའི་བླ་མ་དང་ཡུལ་གྱར་བོད་གཞུང་བེད་སྤྱད་དེ། མཐར་གཏུགས་རྒྱ་ནག་གི་ཁེ་ཕན་སྒྲུབ་ཀྱིན་ཡོད་པ་ང་ཚོས་ཀྱང་ཤེས་མོད། འོན་ཀྱང་། དེ་ནི་ཆབ་སྲིད་ཀྱི་ཐབས་ལམ་ཞིག་ཡིན་ལ། ཕྱོགས་གཉིས་ལ་ཁེ་ཕན་ཡོད་ན། དེའི་དམིགས་ཡུལ་གྱི་རྒྱབ་ལྗོངས་ལ་དོགས་པ་ཟ་དགོས་དོན་མེད།

  2. འདི་ནི་གྱ་དགུ་ལོ་དང་བསྡུར་ན་དངོས་གནས་རྒྱ་རིགས་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་འབྱུང་བཞིན་པ་རྟོགས་ཐུབ། ཕྱིའི་རྒྱལ་གྱི་རྒྱ་རིགས་མ་གཏོགས་ཀྲུང་གོའི་ནང་ཁུལ་དུའང་རྒྱ་རིགས་ཤེས་ཡོན་པ་མང་པོས་རང་ཉིད་ཀྱི་ལྟ་ཚུལ་ངོ་མ་སྤེལ་བ་དང་། དེ་དང་དེ་འདྲ་བའི་ཤེས་ཡོན་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དངོས་དོན་རེད། འདིའི་ང་ཚོ་མི་རིགས་ཀྱི་རང་དབང་ལ་བརྩོན་ལེན་བྱས་པ་འབྲས་བུ་ཐོན་བཞིན་པ་མངོན་ཐུབ།

  3. གངས་རིའི་གླིང་བུ།

    ་ ངས་ལྟོས་ན་ཡང་རྒྱ་རིགས་ཤེས་ལྡན་པ་འདི་ནི་རྒྱ་གཞུང་གི་འདས་མ་འོངས་གསུམ་གྱི་བདེ་འཇགས་ལ་ཁ་ཞེ་གཉིས་མེད་ཀྱི་འགན་ཁུར་བཞེས་བའི་རྒྱ་གཞུང་གི་ལམ་སྟོན་པ་ཞིག་ཡིན་པ་ཁོང་གི་སྐད་ཆ་ལས་གསལ་བོ་རྟོགས་ཐུབ།ཁོང་༧་གོང་ས་མཆོག་གི་རླབས་ཆེན་གྱི་མཛད་བཟང་ལ་ཧམ་སེམས་ཆེན་པོ་བླངས་འདུག་་་་ཁོང་གིས་༧གོང་ས་མཆོག་མྱུར་ཏུ་བོད་ལ་བདེན་འདྲེན་ཞུ་ནས་བོད་མི་དམངས་ཀྱི་གནས་སྐབས་ཀྱི་རེ་བ་བསྐང་ནས་༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་བཟང་བེད་སྤྱད་ནས་རྒྱ་ནག་གི་སྙན་གྲགས་ཇེ་རྒྱས་དང་རྒྱ་ནག་ལ་་རྟག་བརྟན་གྱི་བདེ་སྐྱིད་ཞིག་བཟོ་འདོད་འདུག་མ་གཏོགས་བོད་ལ་དངོས་གནས་དོན་དམ་པའི་དམངས་གཙོ་དང་རང་སྲིད་རང་གིས་སྐྱོང་ཆོག་པའི་རང་སྐྱོང་ཚད་ལྡན་ཞིག་སྤྲད་འདོད་མེད་པ་ཁོང་གི་སྐད་ཆ་ལས་རྟོགས་ཐུབ།ཁོང་གིས་བོད་མི་དམངས་ཀྱི་སྡུག་བསྔལ་དང་དཀའ་ངལ།བོད་མི་དམངས་ཀྱི་སེམས་ཁུར་དང་བཟོད་མི་ཐུབ་པའི་ན་ཟུག་དག་མཐོང་ནས་བོད་ཀྱི་དཀའ་རྙོག་སེལ་དགོས་ཀྱི་འདུག་ལབ་བ་མིན་པར་རྒྱ་གཞུང་གི་མ་འོངས་བའི་བདེ་འཇགས་དང་རྒྱ་གཞུང་གི་ཆབ་སྲིད་ཀྱི་སྲིད་གཞུང་འདི་སྲ་བརྟན་ཡོངས་བའི་ཆེད་དུ་བརྗོད་པ་ཞིག་ཡིན་པ་ཐག་ཆོད་རེད།《 བོད་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་དང༌། རྒྱལ་ཁབ་ཀྱི་བདག་དབང་ཕན་ཚུན་རྩིས་སྤྲོད་རྩིས་ལེན་གྱི་ཐོབ་དབང་མེད་པ་བཅས་ཀྱི་བརྡ་ལན་ཞིག་སྤྲད་པ་ཡིན་ན།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་ཏཱ་ལའི་བླ་མ་དང་གྲོས་མོལ་བྱ་ཐུབ་རྒྱུ་རེད། 》ཟེར་བ་དང་ 《ཆེས་མཐོའི་རང་སྲིད་རང་སྐྱོང་དེར་རྒྱ་ནག་གཞུང་ཕྱོགས་ནས་ངོས་ལེན་མེད་པ་གསལ་བོར་རྟོགས་ཡོད་ངེས་རེད། 》
    ཞི་འགྲིག་གི་རྣམ་འགྱུར་བཟུང་བ་ཡིན་ན། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་རེ་བ་ཞིག་མཐོང་གི་རེད་ལ། རྒྱ་ནག་གིས་ཀྱང་བྱ་ཐབས་འདི་བརྒྱུད་དེ་རྒྱལ་སྤྱིར་སྣེ་ཁྲིད་ཀྱི་ནུས་པ་འཕེལ་རྒྱས་སུ་གཏོང་ཐུབ་པ་རེད། ཅེས་བརྗོད་པ་འདི་ལ་བསམ་ཞིབ་ཞིག་གནང་ན་གསལ་བོ་རྟོགས་ཐུབ།