ཁྱབ་བརྡལ་དུ་འགྲོ་བཞིན་པའི་ནད་ཡམས།

ང་ཚོ་བོད་མི་ཚོ་ལུང་པ་འདྲ་མིན་ནང་ཡོད་པ་དང་གར་སར་འགྲོ་འོང་བྱེད་བཞིན་པའི་རྐྱེན་གྱིས། ང་ཚོར་ནད་ཡམས་འདི་ཕོག་མི་སྲིད་པ་དང་སླེབས་མི་སྲིད་པ་མིན་སྟབས། ས་གནས་གཞན་ནས་འོངས་པའི་མི་ལ་གཟབ་གཟབ་བྱ་རྒྱུ་གལ་ཆེན་དུ་མཐོང་གི་འདུག་ཟེར།   
      
ཕྱི་ཚེས་ ༢༧ ཉིན་ནས་བཟུང་མེག་སི་ཀོ་གྲོང་ཁྱེར་ནང་ནད་ཡམས་གསར་བ་ཞིག་བྱུང་སྟེ་། ཡུལ་དེའི་མི་ ༡༥༢ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་གྲངས་ ༦༠༠༠ ལྷག་ལ་ཕག་པའི་ཆམ་ནད་ཕོག་ཡོད་ཚུལ་བརྗོད་ཀྱིན་ཡོད་པ་མ་ཟད། མགྱོགས་མྱུར་སྒོས་འཕེལ་ཏེ་མེག་སི་ཀོ་ལས་གཞན་པའི་རྒྱལ་ཁབ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་མི་ ༤༥ དང་། ཁ་ལེ་ཧྤོ་ནི་ཡའི་ནང་མི་ ༡༡ ལྷག ཊ་ཀི་ས་སི་ནང་མི་ ༦ ལྷག་བཅས་ཁྱོན་མི་ ༦༦ ལ་ནད་ཡམས་འདི་ཕོག་ཡོད་ཚུལ་བརྗོད་ཡོད་འདུག་ལ། གཞན་ཁེ་ན་ཌའི་ནང་མི་ ༡༣ དང་། ནེའུ་ཛི་ལན་ཌིའི་ནང་མི་ ༡༤། དབྱིན་ལན་ནང་མི་ ༢། སི་པན་དུ་མི་ ༢། ཨི་སི་རེལ་ནང་མི་ ༢།  རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་དགེ་སློབ་ ༦༠ ལྷག་ལ་ནད་ཡམས་འདི་ཕོག་ཡོད་ཚུལ་འདུག འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ཀྱིས་ད་ལྟའི་ཆར་ཨོ་སི་ཊོ་ལི་ཡ་དང་བྷར་ཛིལ། ཧྥ་རན་སི། ཆི་ལི། ཌེན་མག སུད་སི། ཨོ་སི་ཌི་རི་ཡ། ཀོ་ལིམ་བྷི་ཡ། འཇར་མན། ནོར་ཝེ། ཀོ་རི་ཡ་སོགས་ནི་ནད་ཡམས་འདིའི་ཉེན་ཚབས་ཅན་གྱི་རྒྱལ་ཁབ་དུ་ངོས་འཛིན་བྱེད་བཞིན་ཡོད་པ་དང། ནད་ཡམས་འདིའི་རིགས་སྤྱི་ལོ་ ༡༩༦༨ ལོར་ཧོང་ཀོང་ནང་བྱུང་བ་དང་། སྐབས་དེར་འཛམ་གླིང་གི་མི་གྲངས་ས་ཡ་གཅིག་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ༡༩༡༨ ལོར་སི་པན་ནང་ཆམ་ནད་བྱུང་སྟེ། འཛམ་གླིང་ནང་མི་གྲངས་ཁྲི་ ༢༠༠༠ ནས་དུང་ཕྱུར་ ༡ ལྷག་རྐྱེན་འདས་སུ་ཕྱིན་པ་རེད། ནད་ཡམས་འདིའི་རིགས་ཀྱིས་ལོ་རེར་འཛམ་གླིང་གི་མི་གྲངས་ཁྲི་ ༢༥ ནས་ ༥༠ བར་གྱི་ཚེ་སྲོག་འཕྲོག་གིན་ཡོད་པས། ནད་ཡམས་འདི་ནི་རྒྱལ་སྤྱིའི་ནང་ཉེན་ཚབས་ཅན་་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

འདི་གའི་གསར་འགོད་པས་བོད་གཞུང་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་རིང་དོན་གྲུབ་ལགས་སུ་ནད་ཡམས་འདིའི་བྱུང་སྟངས་དང་བཀག་འགོག་ཐད་བཀའ་འདྲི་ཞུས་པར་ཁོང་གིས། ནད་ཡམས་འདི་ནི་འགོས་ནད་ཀྱི་རིགས་ཤིག་དང་ཆམ་ནད་སྡུག་ཤོས་ཤིག་ཡིན་པ་དང་། སྤྱིར་བཏང་གི་ཆམ་ནད་དང་མི་འདྲ་བའི་ནད་ཞིག་རེད། འདི་མང་ཆེ་བ་བྱ་དེ་དང་ཕག་པ་སོགས་ཀྱི་སྟེང་ནས་ཚུར་ང་ཚོར་ཕོག་ཡོང་གི་ཡོད་པས། ང་ཚོས་སྲོག་ཆགས་འདིའི་རིགས་དང་རྒྱང་ཐག་ཉེ་པོ་བྱ་མི་རུང་།གལ་སྲིད། བྱ་དེ་དང་ཕག་སོགས་ཀྱི་སྒང་ནས་ཐོན་པའི་ནད་ཡམས་འདི་མིའི་ལུས་སྟེང་ལ་ཕོག་ཚེ་དེས་ང་ཚོ་ཚེ་སྲོག་ལ་གནོད་པ་ཚབས་ཆེན་ཐེབས་བཞིན་ཡོད་པ་རེད། ཅེས་དང་། ཡང་བདེ་ལེགས་སྨན་ཁང་གི་ངོས་ནས་ནད་ཡམས་སྔོན་འགོག་གི་གྲ་སྒྲིག་གང་འདྲ་ཡོད་མིན་ཐད། ཁོང་གིས། ད་ལྟའི་ཆར་རྒྱ་གར་སྤྱི་ཚོགས་ནང་ནད་ཡམས་འདི་ཁྱབ་མེད་པ་དང་། ང་ཚོའི་སྤྱི་ཚོགས་ནང་སླེབས་མེད་སྟབས། ཚོགས་འདུ་དང་གྲ་སྒྲིག་སོགས་གང་བྱུང་མེད། ཡིན་ན་འང། ང་ཚོ་བོད་མི་ཚོ་ལུང་པ་འདྲ་མིན་ནང་ཡོད་པ་དང་གང་སར་འགྲོ་འོང་བྱེད་བཞིན་པའི་རྐྱེན་གྱིས། ང་ཚོར་ནད་ཡམས་འདི་ཕོག་མི་སྲིད་པ་དང་སླེབས་མི་སྲིད་པ་མིན་པས། ས་གནས་གཞན་ནས་འོངས་པའི་མི་ལ་གཟབ་གཟབ་བྱ་རྒྱུ་གལ་ཆེན་དུ་མཐོང་གི་འདུག་ལ།ནད་འདི་ང་ཚོའི་སྤྱི་ཚོགས་ནང་སླེབས་མེད་པའི་རྐྱེན་གྱིས་ནད་གཞི་མ་ཡོང་སྔོན་ནས་འདི་འདྲ་བྱ་དགོས་ཀྱི་རེད་ཟེར་ན་དངངས་སྐྲག་ལངས་གཞི་ཞིག་ཆགས་སྲིད་པ་ལས།སྔོན་འགོག་གི་ཐབས་ལམ་འདི་དང་། འདི་འདྲ་བྱེད་དགོས་ཀྱི་རེད་ཅེས་བཤད་ཁག་པོ་རེད། གལ་སྲིད། ནད་ཡམས་འདི་ང་ཚོའི་སྤྱི་ཚོགས་ནང་ཁྱབ་པ་ཡིན་ན་ང་ཚོ་རང་དང་འཚམ་པའི་འགོག་ཐབས་བྱ་དགོས་པ་རེད། ཅེས་བརྗོད་བྱུང།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

9 thoughts on “ཁྱབ་བརྡལ་དུ་འགྲོ་བཞིན་པའི་ནད་ཡམས།