དཔའ་བོའི་ཉིན་མོ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོའི་སྙིང་སྟོབས་ཀྱི་མཐའ་སྣེར་འཇུས་ཏེ། བོད་རང་བཙན་སླར་གསོ་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད་ཟེར།

ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ གྱི་སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལྷ་རྒྱལ་རིར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་གཙོས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ་དང་ས་གནས་མི་མང་ ༡༠༠ ལྷག་འདུ་འཛོམས་ཐོག་རྒྱལ་གཅེས་དཔའ་བོ་དུས་དྲན་ཐེངས་ ༡༡ པའི་ཉིན་མོ་སྲུང་གཙི་གནང་སོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་རྡོ་རྗེ་ལགས་ཀྱིས། དེ་རིང་གི་ཉིན་མོ་འདི་ནི། སྤྱི་ལོ་ ༡༩༩༨ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་འོག་ཉིན་གྲངས་ ༤༩ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། ལོ་ ༡༡ ཡར་སྔོན་གྱི་དེ་རིང་གི་ཉིན་མོ་འདིར་ཟས་བཅད་ངོ་རྒོལ་ཁྲོད་འཛུལ་ཞུགས་གནང་མཁན་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་ཚེ་སྲོག་བློས་གཏོང་བྱས་པ་རེད། དུས་དེ་ནས་བཟུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཁོང་ཉིད་གཙོས་བོད་ནང་རང་སྲོག་བློས་གཏོང་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཕ་མ་དང་། སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་བྱ་ཆེད། གཞོན་ནུའི་ས་གནས་ཁག་ཡོངས་སུ་རྒྱལ་གཅེས་དཔའ་བོའི་ཉིན་མོ་འདི་སྲུང་གཙི་བྱེད་ཀྱིན་ཡོད། བཙན་བྱོལ་བོད་མི་ཚོས་ཀྱང་བོད་ནང་བོད་མི་ག་ཚོད་ཅིག་འདས་གྲོངས་སུ་ཕྱིན་ཡོད་པ་མཁྱེན་པར་བྱས་ཏེ། ང་ཚོའི་དེ་རིང་བོད་ནང་གི་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་སྲུང་གཙི་བྱེད་བཞིན་པའི་ཉིན་མོ་འདི་ལྟ་བུ་ཞིག  གཞིས་ལུས་བོད་མི་ཚོས་ང་ཚོའི་ཆེད་དུ་སྲུང་གཙི་བྱ་དགོས་པ་ཞིག་ང་ཚོས་སྒྲུབ་དགོས་པ་རེེད། ༧གོང་ས་མཆོག་དགུང་ལོ་ ༧༤ ལ་ཕེབས་བསྡད་ཡོད་པ་དང་། ཁོང་གིས་སྐུ་ཚེའི་ཐུགས་འགན་ང་ཚོའི་མི་རིགས་འདིའི་ཆེད་དུ་བཞེས་ཡོད་པ་རེད། ང་ཚོ་གཞོན་སྐྱེས་ཚོས་ཀྱང་མ་འོངས་བར་ང་ཚོས་ཇི་ལྟར་སྒྲུབ་མིན་ཐད་བསམ་བློ་གཏོང་དགོས་པ་ཞིག་རེད། ཅེས་བརྗོད་སོང་ལ། ཡང་། ས་གནས་གཞོན་ནུའི་རིག་གཞུང་སྡེ་ཚན་གྱི་འགན་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས།  དེ་རིང་གི་ཉིན་མོ་འདི་ནི། བོད་རང་བཙན་སླར་གསོའི་བྱུང་རབས་སྤྱི་དང་ལྷག་པར་བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུའི་ལོ་རྒྱུས་ནང་ཕྱིར་དྲན་འོས་པའི་གཟི་བརྗིད་ཀྱི་ཉིན་མོ་ཞིག་ཡིན། རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གི་རླབས་ཆེན་གྱི་བློས་གཏོང་ལ་བརྟེན་བོད་ཕྱི་ནང་གཉིས་དང། ལྷག་པར་བཙན་བྱོལ་བོད་མིར་རང་བཙན་སླར་གསོའི་འགན་འཁུར་དང་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་དྲན་ཚོར་སྐྱེས་སུ་བཅུག་པ་དང་། བོད་མིའི་འཐབ་རྩོད་ལ་སྒུལ་ཤུགས་གསར་པ་ཞིག་སྤྱིན་ཡོད་པ་མ་ཟད། བོད་རང་བཙན་སླར་གསོའི་དོན་དུ་རང་ནུས་ཡོད་དགུ་འདོན་དགོས་པའི་དྲན་སྐུལ་ཞིག་ཀྱང་ཡིན། དེ་བས། གངས་ཅན་པའི་གཞོན་སྐྱེས་དག་གིས་ཀྱང་གནའ་བོའི་བོད་བཙན་པོའི་དཔའ་མཛངས་རྟུལ་ཕོད་ཀྱི་བྱུང་བ་དང་། རྒྱལ་གཅེས་དཔའ་བོ་དག་གི་རྒྱ་རྒོལ་བོད་སྐྱོབ་ཀྱི་རླབས་ཆེན་ལོ་རྒྱུས་མིག་དཔེར་བཟུང་སྟེ། མ་འོངས་བོད་འདི་ཉིད་ཤི་མི་སྲིད་པའི་ཆོད་སེམས་དང་། བོད་ཀྱི་ཐུན་མིན་ཆོས་རིག་སྲུང་འཛིན་དང་། ལོ་རྒྱུས་དཔང་བོར་བཞག་སྟེ་རང་བཙན་སླར་གསོའི་ཐད་འབད་བརྩོན་བྱ་དགོས། ང་ཚོའི་རྒྱལ་གཅེས་དཔའ་བོ་ཚོའི་བློས་གཏོང་གི་དམིགས་ཡུལ་དང་ཡིད་ཆེས། རེ་བའི་ཁ་ཆེམས་བཅས་ནི་བོད་རང་བཙན་སླར་གསོ་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ཡིན་པ་དང་། ལོ་རྒྱུས་ལ་ངོས་འཛིན་དང་དཔའ་བོའི་ཡིད་ཆེས་དང་སྙིང་སྟོབས་ལ་བརྩི་བཀུར་བྱས་ཏེ། རང་བཙན་སླར་གསོ་བྱ་དགོས་པ་དང་། ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་རྣམ་པར་གདུང་སེམས་མཉམ་སྐྱེད་དང་སྙིང་སྟོབས་ཀྱི་མཐའ་སྣེར་འཇུས་ཏེ། བོད་རང་བཙན་སླར་གསོ་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད་པས། བོད་མི་ཡོངས་ནས་ཆིག་སྒྲིལ་གྱིས་རང་བཙན་སླར་གསོའི་ཆེད་འབད་བརྩོན་བྱ་དགོས་པའི་འབོད་སྐུལ་ཞེས་གཏམ་བཤད་གནང་སོང་།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་ཀྱིས། དེ་རིང་གི་ཉིན་མོ་འདི་ནི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཁོ་ན་མ་ཡིན་པར་རྒྱ་མའི་བཙན་འཛུལ་བྱས་པ་ནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་བློས་གཏོང་བྱས་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་རྗེས་དྲན་གྱི་ཉིན་མོ་ཞིག་ཀྱང་ཆགས་ཡོད། དཔའ་བོ་དཔའ་མོ་དེ་དག་གི་བློས་གཏོང་ཁྲོད་ང་ཚོར་ནམ་ཡང་ཐུགས་སུ་འཇགས་དགོས་པ་ནི་བོད་རང་བཙན་ཅེས་པ་འདི་རེད། ང་ཚོས་དུས་ནམ་ཞིག་ལ་རྗེས་དྲན་བྱས་ཀྱང་ཁོང་ཚོས་ལུས་སྲོག་དེ་བོད་རང་བཙན་གྱི་ཆེད་དུ་བློས་བཏང་བ་ཤེས་དགོས་པ་རེད། བཙན་བྱོལ་ནང་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་དམངས་གཙོའི་ཁེ་དབང་གནང་ཡོད་པས། ང་ཚོར་རང་ཉིད་ཀྱི་ལངས་ཕྱོགས་དང་ལྟ་གྲུབ་གླེང་བའི་ཐོབ་ཐང་ཡོད་པ་རེད། དེ་ལྟར་ཡང། འདས་པའི་ལོ་རྒྱུས་དེ་གསུབ་དུ་མེད་པའི་ཐོག་གླེང་རྒྱུ་གལ་ཆེན་པོ་རེད། ད་ལྟའི་དུས་འདིར་ལམ་དབུ་མའི་ཕྱོགས་ཀྱི་གནས་ཚུལ་གང་གསུངས་ཡང་། རྒྱལ་གཅེས་དཔའ་བོ་དག་གིས་༧གོང་ས་མཆོག་བོད་ལ་ཕེབས་དགོས་པ་དང་། བོད་རང་བཙན་གཙང་མ་ཡིན། ཅེས་ལུས་སྲོག་བློས་གཏོང་དང་ངོ་རྒོལ་སྐད་འབོད་ཀྱིས་བོད་རང་བཙན་སླར་གསོའི་ཆེད་བློོས་བཏང་བ་དང་། ཁ་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཅེས་གླེང་བ་ཙམ་མིིན་པར། ཅི་ཞིག་གི་ཕྱིར་དུ་བློས་གཏོང་བྱས་པ་མཁྱེན་དགོས་པ་རེད་ལ། ཁོང་ཚོའི་ཆེད་དུ་ཅི་ཞིག་སྒྲུབ་དགོས་པ་དགོངས་པ་བཞེས་དགོས་པ་རེད། ང་ཚོས་རྣམ་ཀུན་སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་ཁོ་ན་མི་གླེང་བར། མ་འོངས་བཀའ་བློན་ཁྲི་པ་དེ་ལྟ་གྲུབ་འདྲ་མིན་ཡོད་པའི་ཁྲོད་ནས་གདམས་ཏེ་བསྐོ་བཞག་དང་རྡོག་རྩ་གཅིག་སྒྲིལ། སྤྱི་མོས་ཀྱི་གཞུང་ཞིག་འཛུགས་པར་འབད་དགོས་པར་བསམ། བོད་ནང་གི་བོད་མི་ཚོས་སྔ་ལོ་ནས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཅེས་པའི་འཕྲེད་དར་འཕྱར་ཏེ་འགྲོ་བཞིན་ཡོད་པ་དང་། ང་ཚོ་ལྟད་མོ་བལྟ་མཁན་མིན་པར་ང་ཚོས་ཀྱང་སྐྱིད་སྡུག་མཉམ་མྱོང་བྱ་དགོས་པ་རེད། ཅེས་ངས་གྲོས་ཚོགས་ནང་ཞུས་མྱོང་ཡོད། ལོ་སྔོན་མའི་དམིགས་བསལ་ཚོགས་ཆེན་སྐབས་ལམ་དབུ་མ་རྒྱབ་སྐྱོར་མང་བ་སོགས་སྤྱི་ཚོགས་ནང་གླེང་སློང་འདྲ་མིན་བྱེད་བཞིན་ཡོད་པ་རེད། ལམ་དབུ་མ་ཆ་ཚང་ཞིག་དང་འགྲེལ་བཤད་ཡག་པོ་ཞིག་གླེང་མ་གླེང་བའི་རྐྱེན་གྱིས་ད་ལྟའི་ཆར་ཡང་མི་མང་གིས་ལམ་དབུ་མའི་གོ་དོན་རྟོགས་ཀྱིན་མེད། སྐུ་མདུན་གྱི་སི་ཊ་སི་སྤག་གི་གསུང་བཤད་དང་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སྐུ་ཚབ་གཉིས་ནས་བོད་ལ་མིང་དོན་མཚུངས་བའི་ས་ཁུལ་རང་སྐྱོང་གི་ཡིག་ཆ་བཏོན་པ་གཉིས་ལ་གནམ་སའི་ཁྱད་པར་ཡོད་པ་རེད། དེ་བས་ཚང་མས་མཁྱེན་པར་བྱ་དགོས་པ་དང་དགོངས་པ་བཞེས་དགོས་ཀྱིན་འདུག ཅེས་གསུངས་བྱུང་།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “དཔའ་བོའི་ཉིན་མོ།

  1. ཀླུ་སྨྱོན།

    “༄༅༑དཀོན་མཆོག་རྣམ་གསུམ་གཙུག་ཏུ་བཀུར་ཞིང་བྱམས་བརྩེ་དྲང་གསུམ་རྒྱུད་ལ་མངའ་བའི་གངས་ཅན་བསིལ་མོའི་ལྗོངས་ན་འཚོ་ཞིང་གནས་པའི་ཆོལ་ཁ་གསུམ་གྱི་བོད་རིགས་སྤུན་ཟླ་དང་།
    ཤ་རུས་ཁྲག་རྒྱུན་བོད་ནས་འབྲེལ་ཞིང་མཛའ་བརྩེའི་མདུན་མ་རྒྱང་ནས་མ་དོར་བའི་ཕྱི་སྡོད་ཀྱི་བོད་རིགས་སྤུན་ཟླ་རྣམས་པ་ཁྱེད་ཚོ་སྐུ་ཁམས་བཟང་།”
    གོང་གི་ཚིག་དུམ་འདི་ནི་བོད་ནང་གི་གཞས་མ་སྒྲོན་པེའི་གཞས་འཁོར་ཨ་ཅེ་འབྲོག་མོ་ཞེས་པའི་མགོ་བརྗོད་དུ་མོ་རང་གིས་གྱེར་བ་ཞིག་རེད། ཁྱོད་རང་ཚིག་འདིའི་རྩོམ་པ་པོ་མིན་ཕྱིན་འདིའི་ཁུངས་ལུང་བརྗོད་དགོས་ཀྱི་རེད། དེ་མིན་རྩོམ་རྐུན་ཞེས་པའི་མིང་འདི་འདོགས་སྲིད། སེམས་དཀར་ཁ་ཏ་ཡིན།

  2. ༄༅༑དཀོན་མཆོག་རྣམ་གསུམ་གཙུག་ཏུ་བཀུར་ཞིང་བྱམས་བརྩེ་དྲང་གསུམ་རྒྱུད་ལ་མངའ་བའི་གངས་
    ཅན་བསིལ་མོའི་ལྗོངས་ན་འཚོ་ཞིང་གནས་པའི་ཆོལ་ཁ་གསུམ་གྱི་བོད་རིགས་སྤུན་ཟླ་དང་།
    ཤ་རུས་ཁྲག་རྒྱུན་བོད་ནས་འབྲེལ་ཞིང་མཛའ་བརྩེའི་མདུན་མ་རྒྱང་ནས་མ་དོར་བའི་ཕྱི་སྡོད་ཀྱི་བོད་རིགས་སྤུན་ཟླ་རྣམས་པ་ཁྱེད་ཚོ་སྐུ་ཁམས་བཟང་།ང་ནི་ལུང་པ་དབུལ་པོ་ཞིག་ནས་འོང་ཏེ་རྐང་རྗེས་སྤྱི་ཚོགས་
    འཕེལ་རྒྱས་དང་བསྟུན་མཁན་ཞིག་ཡིན་ལ་ང་ནི་ཕ་མའི་གོ་འདབས་ལས་ལངས་ཏེ་མཁས་ཆེན་དག་གི་ལམ་སྟོན་ལ་བརྩི་སྲུང་ཞུ་བཞིན་ ཡར་ཐོན་སེམས་པས་སྔོན་ཐོན་གྱི་མི་གྲལ་ལབསྙེགས་མཁན་ཞིག་ཀྱང་ཡིན། གང་ལྟར་མི་སོ་སོར་འཚོ་བའི་ཁ་ཕྱོགས་དང་མི་ཚེའི་བཞུད་ལམ་ནི་གཅིག་མཚུངས་མ་ཡིན་ཀྱང་ཁོ་བོའི་མི་ཚེའི་བགྲོད་ལམ་ནི་རང་གིས་གདམ་གསེས་བྱས་པ་དང་འདྲ་།དེ་ནི་དཀོན་མཆོག་གསུམ་དང་དྲིན་ཆེན་ཕ་མ་དེ་བཞིན་དགའ་ཉེ་སྤུན་མཆེད་རྣམས་ཀྱིས་བཀའ་དྲིན་ལས་མ་འདས།སྤྱིར་བུ་ཆུང་བདག་ནི་སྐྱེས་སྦྱང་གི་
    ཤེས་རབ་ཞན་པས་དེར་བརྟེན་ཧེ་གཟུགས་ཀྱི་ཟིན་བྲིས་འདིར་བརྒྱུད་ནས་མཁྱེན་ལྡན་མཁས་དབང་རྣམས་
    ཀྱིས་ལམ་སྟོན་བཀའ་སློབ་གང་མང་ཡོད་པ་ཞུ།། ཚེ་རེང་དཔལ་བཟང་ནས་ ཁ་བྱང་ http://www.cirenbasang.51.com