སློབ་ཕྲུག་ཚོར་འདྲི་རྩད།

མདོ་སྨད་བླ་བྲང་བསང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ ༣༠༠ ལྷག་གིས་ཉེ་ཆར་ཕྱི་ཚེས་ ༢༤ ཉིན་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱེན་ལངས་བྱས་རྗེས། སློབ་ཕྲུག་ ༡༢ ཙམ་འཛིན་བཟུང་བཀག་ཉར་གྱིས་འདྲི་རྩད་བྱས་མཐར་གློད་གྲོལ་བཏང་ཡོད་འདུག་ལ། རྫོང་སྤྱི་བདེ་ལས་ཁུངས་དང་ཆབ་སྲིད་བདེ་འཇགས་ལས་ཁུངས་གཉིས་ནས་ད་ལྟའང་མུ་མཐུད་དུ་མངོན་གསལ་མིན་པའི་ཐོག་ནས་དགེ་སློབ་ཚོ་གཅིག་རྗེས་གཉིས་མཐུད་དུ་འབོད་འགུག་བྱས་ཏེ། ཐེངས་འདིར་གཞུང་ལ་ངོ་རྒོལ་བྱས་པའི་རྒྱུ་རྐྱེན་དང་། དོན་རྐྱེན་གྱི་རྒྱབ་ལྗོངས་བཅས་ལ་འདྲི་རྩད་ཞིབ་འཇུག་བྱེད་ཀྱིན་ཡོད་འདུག ཉིན་འདི་འགར་བསང་ཆུ་རྫོང་ཐོག་དང་བླ་བྲང་དགོན་པ་བཅས་སུ་ཉེན་རྟོག་པ་དང་དམག་མས་དམ་དྲག་བྱེད་ཀྱིན་ཡོད་འདུག

 

ཐེངས་འདིར་སློབ་ཕྲུག་ཚོས་ངོ་རྒོལ་ཁྲོམ་སྐོར་བྱས་དོན་ནི། དེང་སྐབས་རྒྱ་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ཏུ་ཁ་བྲལ་ལ་ངོ་རྒོལ་ཟེར་བ་དང་། ༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་བྱ་འགུལ་ཤུགས་ཆེ་རུ་བཏང་ཡོད་པ་དང་། ལྷག་པར་དུ་དེ་སྔོན་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་དང་བོད་ལྗོངས་ཉིན་རེ་ཚགས་པར་སོགས་སུ་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་གཞི་མེད་སྐྱོན་འཛུགས་ཀྱི་རྩོམ་ཡིག་སྤེལ་མཁན། ཡེ་རྡོར་འམ་ཡེ་ཤེས་རྡོ་རྗེས་ཟེར་བ་དེས། ཀན་ལྷོའི་བོད་ཡིག་གསར་འགྱུར་སྟེང་སྔ་ཕྱིར་ཐེངས་ཁ་ཤས་ལ། ༼ཏཱ་ལའི་རྫུན་གཏམ་དང་ངན་སེམས༽དང༌། ༼ཏཱ་ལའི་ཐར་ས་མེད༽ཟེར་བ་སོགས་ཀྱི་རྩོམ་ཡིག་བསྟུད་མུར་བཀོད་དེ་སློབ་གྲྭར་བཀྲམས་པ་མ་ཟད། བསང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སྒོ་རའི་ནག་པང་བཅས་སུ་སྦྱར་འགྲེམས་བྱས་ཡོད་སྟབས། སློབ་མ་ཚོས་མ་བཟོད་པར་སློབ་གྲྭའི་ར་བ་ནས་མགོ་འཛུགས་ཀྱིས། ང་ཚོར་རང་དབང་དང་དམངས་གཙོ་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རོགས། ཞེས་སྐད་འབོད་བྱེད་བཞིན་ཁྲོམ་སྐོར་བྱས་པ་ཞིག་ཡིན་འདུག ཉིན་དེར་ཀན་ལྷོ་ཁུལ་གཙོས་མི་རིགས་དགེ་ཐོན་སློབ་གྲྭ་དང་གཙོས་བོད་ཡིག་སློབ་འབྲིང་གཉིས་ཀྱི་བོད་རིགས་སློབ་ཕྲུག་ཚོས་ཀྱང་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་ཀྱང། ད་ཆར་རྒྱ་གཞུང་གིས་བརྒྱུད་ལམ་ཚང་མ་བཀག་སྡོམ་ནན་མོ་བྱས་ཡོད་སྟབས། ཞིབ་ཕྲའི་གནས་ཚུལ་ད་སྔ་རྒྱུས་ལོན་བྱ་ཐབས་མི་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “སློབ་ཕྲུག་ཚོར་འདྲི་རྩད།

  1. བོད། ཤ་ཁྲག་རུས་གསུམ།

    ཡེ་ཤེས་རྡོ་རྗེ་ཟེར་བ་འདི་ནི་བོད་རིགས་རྩོམ་ཡིག་འབྲི་མཁན་ཞིག་ཡིན་ནམ། ཡང་ན་རྒྱ་བོད་མིང་འཛིན་མཁན་ཞིག་རེད་དམ། འདི་ལ་སུས་རྒྱུས་མངའ་ཡོད་ན་དྲ་གྲོགས་ཚོ་ལ་གསལ་འདེབས་ཤིག་བྱེད་ཐུབ་ཀྱི་ཡོད་དམ། ད་དུང་ཀན་ལྷོ་ཚགས་ཤོག་སྟེང་དུ་རྩོམ་ཡིག་སྤེལ་རྒྱུར་རྩོམ་སྒྲིག་པས་ཆོག་མཆན་ཐོབ་པ་ཡིན་ནམ། ཡང་ན་རྒྱའི་བཙན་དབང་སླེབས་པ་ཡིན་ནམ། འདི་དག་ང་ཚོས་ཤེས་དགོས་པའི་གནད་དོན་ཞིག་མ་རེད་དམ།