༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

    ང་ཚོས་གསུམ་བཅུའི་དུས་དྲན་བྱེད་པའི་སྐབས་འདིར། རང་རེའི་ཕ་ཡུལ་བོད་ནང་གི་གནས་ཚུལ་ཇི་འདྲ་ཡོད་མེད་ལ་བསམ་གཞིགས་མི་བྱ་མཐུ་མེད་ཡིན། ཚང་མས་ཤེས་གསལ་ལྟར་བོད་ནང་རྒྱ་དམར་བཙན་འཛུལ་གྱིས་རྒྱ་ཁྱབ་ས་ཁུལ་ཁག་ཏུ་རྒྱ་དམར་ཞི་དྲག་མི་སྣ་ཤིན་ཏུ་ཁྱོན་ཆེ་བཅའ་སྡོད་བྱེད་བཞིན་པའི་ཁར། བོད་ཤར་ཕྱོགས་དང༌། བྱང་ཤར་ས་ཁུལ་ས་མཚམས་ཁག་ཏུ་རྒྱ་མི་གཞིས་ཆགས་པ་ཡོད་དང་ཡོད་བཞིན་པའི་ཐོག ད་ཆ་བོད་དབུས་ཕྱོགས་སུའང་གཞིས་ཆགས་པ་འབྱོར་བཞིན་པ་རེད། ལྷ་སའི་རླུང་འཕྲིན་ནས་གསལ་བསྒྲགས་བྱས་དོན་ལྟར་ན། ཕྱི་ལོ་ ༡༩༧༥ ཟླ་ ༥ ནས་འདི་ལོ་ཟླ་ ༡ བར་རྒྱ་ནག་ས་ཁུལ་སྣ་ཚོགས་ནས་བཅིངས་བཀྲོལ་དམག་མི་རྙིང་པ་དང༌། སློབ་གཉེར་ཟིན་པའི་སློབ་ཕྲུག་ཚོ་ཁག་ཚོ་ཁག་ཏུ་བྱས་ནས་ཁྱིམ་ཚང་འཛུགས་བསྐྲུན་བྱེད་པར་དྭང་བླང་གིས་བསྐྱོད་ཚུལ་མིང་འདོགས་ཀྱིས་བོད་དབུས་ནང་གཞིས་ཆགས་སུ་གཏོང་ཐེངས་ ༤༣ ལ་མི་གྲངས་ ༦༦༦༠ ཙམ་བཏང་འབྱོར་བྱུང་འདུག

    གཞིས་ལུས་རྒྱ་ཆེའི་མི་མང་རྣམས་འཚོ་བ་ཞན་ལ་ལས་རྩོལ་མཚམས་ཚིག་མེད་པའི་གནས་སྟངས་ནི་སྔར་མུས་བཞིན་ཡིན་པ་དཔེར་ན། ཉེ་ཆར་དགུན་དུས་ལྷ་རྩེ་ཁུལ་ཆུ་རྫིང་ཞིག་གསར་བཟོ་བྱས་པའི་ལོ་རྒྱུས་འགྲེལ་བརྗོད་ལ༑ ཕོ་མོ་རྒན་གཞོན་ཚང་མ་དུས་གཅིག་ཏུ་ལས་ཡུལ་དུ་བསྐྱོད་དེ་ཉིན་གུང་ངལ་གསོ་ཡང་མ་རྒྱབ་པར་ཉིན་མཚན་བསྟུད་ནས་ལས་ཀ་བྱས་ལུགས་དང༌། མི་མི་ཉུང་བ་ཞིག་གི་རྐང་ལག་འཁྱགས་འཕྱིད་ཤོར་བ་དང༌། སྒལ་པར་རྨ་བཟོས་ཡོད་ན་ཡང་སྔར་བཞིན་ལས་ཀ་བྱེད་རྒྱུ་མཐའ་འཁྱོངས་བྱས་ལུགས། སྟག་རྩེ་ཁུལ་ཨར་ལས་བྱེད་པའི་ལོ་རྒྱུས་ནང༌། མི་ཚོས་ཉི་མོ་ཞིང་ལས་བྱེད་པ་དང༌། མཚན་མོ་དཔལ་འབར་འཁྱེར་ནས་གློག་ཁང་ཨར་པོ་རྒྱབ་ཚུལ་བརྗོད་འདུག གནས་ཚུལ་འདི་ཚོ་ང་ཚོས་རང་བཟོ་འུར་ཤོབ་བཤད་པ་མིན་པར་བདུན་ཕྲག་གསུམ་བཞིའི་གོང་དུ་ལྷ་སའི་རླུང་འཕྲིན་ནས་བཤད་པའི་སྐད་ཆ་རེད།

    ཟླ་ཤས་སྔོན་མའོ་ཙེ་ཏུང་འདས་པའི་མྱ་ངན་ཚོགས་འདུ་ལྷ་སར་ཚོགས་པའི་སྐབས་སུ་བོད་མི་སུམ་བརྒྱ་ལྷག་ཙམ་འཛིན་བཟུང་བཙོན་འཇུག་བྱས་པས་མ་ཚད། འགའ་ཤས་སྲོག་ཐོག་ཏུ་བཏང་འདུག དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི། མི་དེ་ཚོས་ཚོགས་འདུའི་སར་སེམས་སྡུག་མྱ་ངན་གྱི་རྣམ་འགྱུར་མ་ཐོན་པར་ཁག་འདོགས་བྱས་པ་རེད། གནས་ཚུལ་འདི་ཚོར་ཞིབ་ཏུ་བལྟས་ན། རྒྱ་མི་དམར་པོས་བོད་མི་རིགས་ལ་བཙན་དབང་གཉའ་གནོན་ཇི་ལྟ་བུ་བྱེད་ཀྱི་ཡོད་མེད་གསལ་པོར་མཐོང་ཐུབ་ཀྱི་འདུག

    དེང་སང་རྒྱལ་སྤྱིའི་ནང་མི་སེར་སྤེལ་སྲོལ་དང༌། རྒྱ་བསྐྱེད་རིང་ལུགས་ལ་ངོ་རྒོལ། འགྲོ་བ་མིའི་རིགས་ཐམས་ཅད་འདྲ་མཉམ་གྱི་ཐོབ་ཐང་རྩོད་ལེན་ལས་འགུལ་རླབས་འཕྲེང་འཕྱུར་བཞིན་པའི་སྐབས་འདིར། ཤར་གླིང་ཨེ་ཤ་ཡའི་ནང་ལོ་རྒྱུས་སྙན་གྲགས་ལྡན་པའི་བོད་རྒྱལ་ཁབ་ཏུ་ལོག་སྨོན་རྒྱ་མི་དམར་པོས་བཙན་འཛུལ་རྒྱ་བསྐྱེད་བྱས་ཏེ་སྙོམ་ཆུང་བོད་མི་རིགས་ལ་མཚམས་ཚིག་མེད་པའི་བཙན་དབང་མནར་གཅོད་སྡུག་སྦྱོང་འདི་ལྟ་བུ་གཏོང་བཞིན་པ་འདི་དག་བདག་མེད་རང་དགར་འཇོག་ཐབས་ག་ལ་ཡོད།

    ང་ཚོས་བོད་རང་དབང་རང་བཙན་རྩོད་ལེན་བྱེད་པ་འདི་ནི། བོད་མི་ས་ཡ་དྲུག་གི་རེ་འདུན་དང་མཐུན་ཞིང༌། ཐོབ་ཐང་དང༌། བབས་འོས་ཡོད་པ། དྲང་བདེན་ཅན་ཞིག་ལ་བརྟེན། དམིགས་དོན་འདི་དག་ཡོངས་སུ་སྒྲུབ་པའི་ཆེད་དུ་བོད་མི་རིགས་ཐམས་ཅད་བློ་སེམས་གཅིག་ཏུ་བསྒྲིལ་ནས་སྙིང་སྟོབས་ཞུམ་པ་མེད་པའི་འབད་བརྩོན་ཆེ་བསྐྱེད་བྱེད་དགོས། རང་ཅག་བོད་མི་རྣམས་ཀྱི་ཁྲོད་དུ་དྲང་བདེན་ལ་བརྩི་བཀུར་དང༌། རྒན་རབས་ལ་ཞེ་ས༑ དཀའ་སྡུག་ལ་བཟོད་བསྲན། གཞན་ལ་ཕན་སེམས། སྙོམ་ཆུང་དམན་ས་འཛིན་པ། ངོ་ཚ་ཁྲེལ་ཡོད་སོགས་རང་རེའི་ཕ་མེས་ཡ་རབས་སྤྱོད་བཟང་གི་མིག་ལྟོས་གོམས་གཤིས་བཟང་པོ་ཇི་སྙེད་ཡོད་པ་འདི་དག་བོད་མི་རྒན་གཞོན་བར་མ་མཐའ་དག་ནས་ཡུལ་དུས་གང་འདྲ་ཞིག་ལའང་ཉམས་བརླག་མ་བཏང་བར་གཅེས་སྐྱོང་ལག་ལེན་ཚུལ་བཞིན་དུ་བྱེད་དགོས། གལ་ཏེ་འཕྲལ་སྒང་ཁེ་གྲགས་ཕྲ་མོའི་སླད་གཡོ་ཁྲམ་མ་རབས་ཚུལ་མིན་གྱི་ལམ་དུ་ཞུགས་ན༑ རང་ཉིད་ཀུན་གྱིས་འཕྱ་དམོད་ཀྱི་ཡུལ་དུ་འགྱུར་བ་སྨོས་ཅི། སྨྲ་ཤེས་དོན་གོ་མི་ཡི་རིགས་སུ་སྐྱེས་པའི་དགོས་དོན་མ་ཚང་བ་ཡིན་པས།  ཚང་མས་ཡ་རབས་བག་ཡོད་སྤྱོད་བཟང་ལ་དུས་རྟག་ཏུ་ཚུལ་བཞིན་གཞོལ་བ་གལ་ཆེ༑༑    །།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply